༄༅།། མིང་བདག་པོར་ཇི་ལྟར་བསྟུན་དགོས་ཚུལ་གླེང་བ།

རྩོམ་སྒྲིག་པ།ཡོང་ཁུངས།ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། སྤེལ་དུས། 09-07



       
        སྤྱིར་སྒྲ་སྒྱུར་དང་། དོན་སྒྱུར། ཐད་སྒྱུར། ཐད་ལོག་ཏུ་སྒྱུར་སོགས་ཅི་ཞིག་ཡིན་རུང་། བྱཱ་ཀ་ར་ཎའི(ལུང་སྟོན་པ་རྩ་བ་སུམ་ཅུ་པ་དང་ལུང་སྟོན་པ་རྟགས་ཀྱི་འཇུག་པ)ལུགས་དང་མཐུན་དགོས་པ་དང་། ཆོས་ཀྱི་གཞུང་ལུགས(མ་ཡིག)ལས་བྱུང་བའི་བརྗོད་བྱའི་དོན་དང་མི་འགལ་བ། བོད་ཡིག་ཤེས་པ་ཀུན་ལ་གོ་བདེ་བ་བཅས་ཡིག་སྒྱུར་གྱི་རྩ་དོན་ཆེན་པོ་གསུམ་ལ་བརྩི་སྲུང་ཞུ་དགོས་པ་གཞིར་བྱས། དབྱིན་རྒྱ་སྒྲ་སྒྱུར་གྱི་ལོ་མང་གི་ལག་ལེན་ལས་ཀྱང་། སྒྲ་སྒྱུར་ལ་དེ་རང་ཉིད་ཀྱི་རྩ་དོན་དང་སྒྱུར་ཐབས་གྲུབ་ཡོད་པ་ཁག་གཅིག་རྒྱ་བོད་དམ་དབྱིན་བོད་སོགས་ལ་སྤྱོད་པའི་སྒྲ་སྒྱུར་གྱི་རྩ་དོན་དང་སྒྱུར་ཐབས་ལ་གཡར་བའམ་སྤྱོད་ཆོག་པ་ཡང་རྒྱ་བོད་དབྱིན་བོད་སྒྲ་སྒྱུར་གྱི་ལག་ལེན་གྱི་དགོས་མཁོ་དང་རིག་གཞུང་གི་རྒྱབ་རྟེན་རེད།
        མིང་བདག་པོར་བསྟུན་དགོས་པའི་ཐད་ལ། མི་མིང་དང་ཡུལ་མིང་སྒྲ་སྒྱུར་བྱེད་སྐབས། ལོ་ཙཱ་བ་མང་ཆེ་བས་མིང་བདག་པོར་བསྟུན་དགོས་པའི་སྒྲ་སྒྱུར་གྱི་རྩ་དོན་འདིར་བརྩི་སྲུང་ཞུ་དགོས་པའི་ནན་བཤད་གནང་ཡོད། འོན་ཀྱང་། མིང་བདག་པོར་བསྟུན་དགོས་པའི་རྩ་དོན་འདིའི་སྐོར་ལ་ལོ་ཙཱ་བ་སོ་སོའི་གོ་བ་ལེན་སྟངས་མི་འདྲ་བར་བརྟེན་ནས་རྒྱས་བཤད་ཀྱང་མི་འདྲ་བརྒྱབ་ཡོད།
        (1) ལོ་ཙཱ་བའམ་མཁས་པ་ལ་ལས་མིང་བདག་པོར་བསྟུན་དགོས་པ་གཙོ་བོ་འགྱུར་ཡིག་གི་སྒྲ་དེ་མ་ཡིག་གི་སྒྲ་དང་མཚུངས་གང་ཐུབ་བྱེད་དགོས་པར་གོ་བ་བླངས་ཡོད་པ་དཔེར་ན། “罗纳尔多”ལ“ལུའོ་ན་ཨར་ཏུའོ”ཞེས་མ་ཡིག་གི་སྒྲ་གང་ཡིན་པ་དེ་བུ་ཡིག་ལ་འབེབས་གང་ཐུབ་བྱས་པ་ཡང་། “罗”དང“多”ཡི་སྒྲ་སྦྱོར“luo”དང“duo”སོ་སོར“l”ལ“ལ”དང་། “u”ལ“ཨུ” “o”ལ“འོ”ལྟར་དུ་སྒྱུར་དགོས་པར་ངོས་འཛིན་བྱེད་མཁན་འགའ་ཞིག་ཡོད། འོན་ཀྱང་འདི་ལྟ་བུའི་སྒྲ་སྒྱུར་བྱེད་སྟངས་ནི་མ་གཞི་མ་ཡིག་གི་སྒྲ་གང་ཡིན་པ་དེ་བུ་ཡིག་ལ་འབེབས་གང་ཐུབ་བྱས་པའི་ཁུལ་ཡིན་པ་བདེན་མོད། སྒྱུར་སྟངས་འདི་རིགས་ཡིག་སྒྱུར་གཞུང་ལུགས་ཀྱི་སྤྱིའི་རྩ་དོན་དང་པོ་དང་གསུམ་པ་ལས་འགལ་ཡོད་དེ། གཅིག་ནས་རྫོགས་ཚིག་མིང་དུ་འཇུག་པ་བོད་ཡིག་གི་བྱཱ་ཀ་ར་ཎའི་གཞུང་དུ་ཤིན་ཏུ་དཀོན་ཅིང་། ཐ་ན་སྒོ་བྱང་དུའང་ཕྲད་ལ་འཛེམ་བྱ་བྱེད། གཉིས་ནས་སྒྲ་སྒྱུར་བྱས་པའི་མིང་འདི་རིགས་བོད་ཡིག་ཤེས་པ་དག་གིས་ཀློག་མི་བདེ་ཞིང་གོ་མི་བདེ་བའི་བརྡ་ཆད་ནད་ཅན་རེད། གསུམ་ནས“ལུའོ”དང“ཏུའོ”ཡིས“罗”དང“多”ཡི་སྒྲ་ཇི་བཞིན་དུ་འདོན་ཐུབ་མིན་ལ་ཡང་དོགས་པ་ཅུང་ཆེ་སྟེ། ལེགས་བཤད་ལྗོན་དབང་ལས། ར་རུ་འི་ཡི་འང་ཡང་རྣམས།། རྐང་པ་མི་སྐོང་སྐོང་བའི་ཁྱད།། འོ་འུ་འམ་གྱི་གོང་དུ་ཚེག། ཡོད་དང་མེད་པའང་དེ་བཞིན་ནོ།། ཞེས་སློབ་གྲྭར་ཡོད། སློབ་གྲྭ་རུ་ཡོད། ང་ཡི་ཡིན། ངའི་ཡིན། ཁོང་ལ་ཡང་ཡོད། ཁོང་ལའང་ཡོད། ལྟ་བུ་ཚིག་ཁྱིམ་མང་ཉུང་གི་དགོས་མཁོའི་དབང་གིས་རྐང་པ་སྐོང་བ་དང་མ་སྐོང་བའི་ཁྱད་པར་ཡོད་ཀྱང་། འོ་དང་འུ་དང་འམ་གསུམ་གྱི་གོང་དུ་ཚེག་ཡོད་ནའང་འདྲ། ཚེག་མེད་ན་ཡང་འདྲ། ལུ་འོ་དང་ལུའོ། ཏུ་འོ་དང་ཏུའོ། ག་འུ་དང་གའུ། སྤྲེ་འུ་དང་སྤྲེའུ། བྱ་འམ་དང་བྱའམ་སོགས་ཀྱི་ཀློག་སྟངས་ལ་ཁྱད་པར་མེད་པ་བསྟན་པའི་ཕྱིར་ན། “罗”དང“多”ནི་ཚེག་ཁྱིམ(音节)རེ་རེ་ཡིན་ཅིང་། “ལུའོ”དང“ཏུའོ”སོགས་བརྡ་སྤྲོད་ཀྱི་གཞུང་ལྟར་བཀླགས་ན། སོ་སོར་ཚིག་ཁྱིམ་གཉིས་རེ་སྟེ། “鲁哦”དང“杜哦”ལྟ་བུར་ཀློག་དགོས་གཤིས། སྒྲ་སྒྱུར་འདི་རིགས་རྒྱ་རིགས་ཀྱི་གཏམ་དཔེ་སྦྲུལ་ལ་རྐང་པ་བྲིས་པའི་དཔེ་ཟླར་གྱུར་ཡོད། མ་ཟད“o”ཡང་སྒྱུར་ཡང་དག་ལ་བྱས་ན“ཨོ”ཡིན་གྱི“འོ”མ་ཡིན་པའི་ཕྱིར། གཞན་ཡང་། ཁག་གཅིག་གིས། འོ་སོགས་མིང་ཚིག་ལ་འཇུག་པའི་སྐབས་སྒྲ་མྱུར་བར་འདོན་དགོས་པ་སྟེ། ལུའོ་ལྟ་བུ་མྱུར་བར་བཀླགས་ན“罗”ཡི་སྒྲ་དང་མཚུངས་ཟེར། དེ་ལྟར་ན“ལུའོ”མྱུར་བར་བཀླགས་པས“ལོ”སྒྲ་དང་མཚུངས་ཤིང་། “ཏུའོ”མྱུར་བར་བཀླགས་པས“ཏོ”སྒྲ་ཧ་ཅང་འདྲ་བས། “罗”དང“多”ལྟ་བུ་སྒྲ་སྒྱུར་བྱེད་སྐབས་དེ་གཉིས་ཀྱི་བར་གྱི་དབྱངས“u”བསྐུངས་ནས་ཐད་ཀར“ལོ”དང“ཏོ”བསྒྱུར་ན། བྱཱ་ཀ་ར་ཎའི་གཞུང་ལུགས་དང་མཐུན་ཞིང་། མ་ཡིག་གི་སྒྲ་དང་ཤིན་ཏུ་ཉེ་བ། ཀློག་བདེ་གོ་བདེ་ཞིག་བྱུང་བས། ང་ཚོས་དང་ལེན་བྱ་བར་འོས་པ་ཡང། དབུས་གཙང་ཁུལ་གྱི་ཞིང་འབྲོག་མི་དམངས་ཀྱིས་ཕོར་ཐེའུ་ཀལ་གྱི་རྐང་རྩེད་སྤོ་ལོ་མཁས་པ“C罗”ལ་སེ་ལོ་ཞེས་འབོད་པ་ལས། སེ་ལུའོ་ཞེས་བརྗོད་མི་ཤེས་པའི་ཕྱིར། དེས་ན་རྒྱ་ཡིག་གི་དབྱངས“uo”སླེབ་པའི་སྐབས་སུ་བོད་ཡིག་ལ་དབྱངས“ཨོ”འབའ་ཞིག་གིས་འཐུས་ཏེ། དཔེར་ན། “中国guo”ལ“ཀྲུང་གོ”ཞེས་སྒྱུར་བ་ལས། “ཀྲུང་གུའོ”ཞེས་སྒྱུར་སྲོལ་མེད་པ་ལྟར་རོ།
        “u”ལ“ཨུ”འམ“ཨཱུ”ལས“ཨུའུ”ཞེས་བྲི་མི་རུང་སྟེ། “顾gù”ལྟ་བུ“ཀུ”ཞེས་སྒྲ་དྲག་པོས་ཀློག་དགོས་པ་ལས། “ཀུའུ”ཞེས་བཀླགས་ན་སྒྲ་ཉམས་པ་ཡིན་ལ། “吴wú”ལྟ་བུར“ཝཱུ”ཞེས་ཨཱུ་རིང་སྦྱར་བས“吴”ཡི་སྒྲ་འཁྲུལ་མེད་དུ་འདོན་ཐུབ་པ་ཡིན་ལ། སྒྲ་གཞུང་ཡང་དང་ཡོངས་སུ་མཐུན་པས། ཡིན་གཅིག་ཝུའུ་དང་ཀུའུ་ཞེས་ཡིག་རྫོབ་མང་དུ་གཏོང་དགོས་དོན་མེད།
        “ui”ལ་མཚོན་ན། “贵州ཀུའེ་ཀྲོའུ”དང་། “回族ཧུད་རིགས”ལྟ་བུ་སྟེ། ཨུའེ་དང་ཨུད་ཅེས་འབྲི་སྲོལ་མི་འདྲ་བ་གཉིས་ཡོད་པ་ལས། སྔ་མ་རྒྱ་ཡིག་ལ་བསྟུན་དྲགས་ཤིང་བོད་རྣམས་ཀྱིས་ཀློག་དཀའ་བ་དང་། ཕྱི་མ་བོད་ཡིག་དང་འདྲ་ཞིང་ཀློག་བདེ་བས། “贵ཀུད”དང་། “队ཏུད”དང་། “瑞རུད”ཞེས་སུ་བསྒྱུར་ན་སྙན་པར་གོའོ།
        “ai”ལ་མཚོན་ན། ཨའེ་ཞེས་སྒྱུར་བ་ལས“ཨད”ལ་བསྒྱུར་ན་མིག་ལ་མཛེས་ཤིང་རྣ་བར་སྙན་པ་ཞིག་བྱུང་བ་ཡིན་ཏེ། “白娟པད་ཅོན”དང་། “排球བད་ཆིའུ”དང་། “蔡英ཚད་དབྱིང”ལྟར་རོ།
        “陕”དང་། “梁”དང་། “枪”སོགས་ལ“ཧྲའན”དང་། “ལེའང”དང་། “ཆའང”སོགས་ཀྱང་ཡིན་གཅིག་རྒྱ་ཡིག་གི་སྒྲ་གང་ཡིན་པ་ད་ག་ནང་བཞིན་འདོན་དགོས་ན“ཧྲཱན”དང“ལཱེང”སོགས་འ་ཆུང་གིས་མཚོན་པར་བྱས་ན་འཐུས་ཏེ། སྒྲ་མདོ་རྣམས་སུ“ཨ་ཨཱ་ཨི་ཨཱི་ཨུ་ཨཱུ་ཨེ་ཨཱེ་ཨོ་ཨཱོ”ཞེས་འ་ཆུང་གི་དབྱངས་རིང་མཚོན་པ་སྔོན་ནས་གཏན་འཁེལ་ཟིན་པའི་ཕྱིར་རོ།
        འདི་དང་དེ་ལ་སོགས་གང་ཐུབ་ཀྱིས་མ་ཡིག་གི་སྒྲ་ལ་བསྟུན་སྟབས་འབའ་ཞིག་བྱེད་པ་ལས། སྒྲ་དེ་འདྲ་ཞིག་ཏུ་བསྒྱུར་ན་བུ་ཡིག་གི་བརྡ་སྤྲོད་ཀྱི་གཞུང་ལུགས་དང་མཐུན་དང་མ་མཐུན། དེའི་སྐད་ཁོངས་སུ་མཉམ་འདྲེས་ཐུབ་དང་མ་ཐུབ། དེའི་ཀློག་པ་པོ་རྣམས་ཀྱིས་དང་ལེན་བྱེད་ཐུབ་དང་མ་ཐུབ་སོགས་གནད་དོན་མང་པོ་སྣང་མེད་ལིངས་སྐྱུར་དུ་གཏོང་བའི་སྣང་ཚུལ་ཞིག་ཡིན་ཅིང་། སྒྲ་སྒྱུར་འདི་རིགས་ཀྱི་ནད་ཡམས་ཤུགས་དྲག་ཆེ་བའི་སྐབས་སུ། 沃尔དང་埃尔སོགས་ཝའེར་དང་ཨའེར་སོགས་སུ་བསྒྱུར་བ་ཡང་སྐབས་རེ་མཐོང་རྒྱུ་འདུག སྒྱུར་སྟངས་འདི་རིགས་ནི་མིང་བདག་པོར་བསྟུན་དགོས་པའི་རྩ་དོན་ལ་གོ་བ་ལོག་སྒྲུབ་བྱས་པ་ཞིག་ཡིན་པ་མ་ཟད། 《སྒྲ་སྦྱོར་བམ་གཉིས》སུ་བསྟན་པའི་ཡིག་སྒྱུར་གྱི་རྩ་དོན་གསུམ་ག་ལས་འགལ་ཡོད་ཅིང་། རྒྱལ་ནང་དུ་ཡོངས་བསྒྲགས་ཁས་ལེན་བྱེད་པའི་ཡིག་སྒྱུར་གྱི་རྩ་དོན“མཐུན་བདེ་སྙན”(信达雅)གསུམ་ལས་ཀྱང་འགལ་ཡོད། དེས་ན་རྒྱ་ཆེའི་ལོ་ཙཱ་རྣམས་ཀྱིས་ངེས་པར་དུ་ཤེས་དགོས་པ་ཞིག་ལ། བོད་ཀྱི་སྒྲ་སྦྱོར་བམ་གཉིས་སུ་གསུངས་པའི་ཡིག་སྒྱུར་གྱི་རྩ་དོན་ཡིན་ཀྱང་རུང་། ཡན་ཧྥུ་ཡིས་གསུངས་པའི་ཡིག་སྒྱུར་གྱི་རྩ་དོན་ཡིན་ནའང་འདྲ། གཉིས་ཀར“ནང་དོན་མ་ཡིག་དང་མཐུན་དགོས་པའི”རྩ་དོན་འདི་ཕུད། གཞན་ཡན་ཧྥུ་ཡིས་གསུངས་པའི“གོ་བདེ་བ(达)དང་ཚིག་སྦྱོར་སྙན་པ(雅)གཉིས་བུ་ཡིག་གི་བརྡ་སྤྲོད་དང་བུ་ཡིག་གི་ཀློག་པ་པོར་དགོངས་བཞེད་གནང་བ་ཞིག་རེད་ལ། 《སྒྲ་སྦྱོར་བམ་གཉིས》སུ་བསྟན་པའི་བྱཱ་ཀ་ར་ཎའི་ལུགས་དང་མཐུན་དགོས་པ་དང་བོད་ཡིག་ཤེས་མཁན་གྱི་གོ་བདེར་བྱེད་པའི་རྩ་དོན་འདི་གཉིས་ཀྱང་བུ་ཡིག་གི་བརྡ་སྤྲོད་དང་བུ་ཡིག་གི་ཀློག་པ་པོར་དགོངས་བཞེད་གནང་བ་ཡང་། མཐར་གཏུགས་ནས་བཤད་ན། མ་ཡིག་གི་ནང་དོན་འཁྲུལ་བ་མེད་པར་བུ་ཡིག་གི་ཀློག་པ་པོར་མྱོང་རོལ་བྱེད་དུ་འཇུག་པ་ཞིག་རེད། འདི་ནི་ཧ་ཅང་གལ་འགངས་ཆེ་བའི་གནད་ཅིག་རེད། 《སྒྲ་སྦྱོར་བམ་གཉིས》སུ་བསྟན་པའི“བྱཱ་ཀ་ར་ཎའི་ལུགས་དང་མཐུན་དགོས”པའི་སྐོར་ལ། ཁག་གཅིག་གིས“རྒྱ་གར་གྱི་སྒྲའི་གཞུང་ལུགས”དང་མཐུན་དགོས་པ་སྟེ། དེང་སྐབས་ཚུར་ལ་སྦྱར་ན“མ་ཡིག་གི་བརྡ་སྤྲོད་གཞུང་ལུགས་དང་མཐུན་དགོས”པའི་དགོངས་པ་བཞེད་པའང་ཡོད། འོན་ཀྱང་། སུམ་ཅུ་པའི་རྩ་བར། “རྒྱ་གར་སྐད་དུ། བྱཱ་ཀ་ར་ཎ་མཱུ་ལ་ཏྲིཾ་ཤད་ནཱ་མ། བོད་སྐད་དུ་ལུང་སྟོན་པ་རྩ་བ་སུམ་ཅུ་པ་ཞེས་བྱ་བ”ཞེས་དང་། རྟགས་འཇུག་གི་རྩ་བར། “རྒྱ་གར་སྐད་དུ། བྱཱ་ཀ་ར་ཎ་ལིངྒཱ་བ་ཏཱ་ར་ནཱ་མ། བོད་སྐད་དུ། ལུང་སྟོན་པ་རྟགས་ཀྱི་འཇུག་པ་ཞེས་བྱ་བ”ཞེས་བྱུང་བས། བློ་དམན་བདག་ལྟ་བུས་སྔ་ཕྱི་བར་གསུམ་དུ“བྱཱ་ཀ་ར་ཎ”ནི“ལུང་སྟོན་པ་རྩ་བ་སུམ་ཅུ་པ”དང“ལུང་སྟོན་པ་རྟགས་ཀྱི་འཇུག་པ”གཉིས་ལ་ངོས་འཛིན་བྱེད་ཀྱི་ཡོད། ལར“བྱཱ་ཀ་ར་ཎ”མ་ཡིག་གི་བརྡ་སྤྲོད་ལ་གོ་དགོས་ན། གཅིག་ནས“Bank of China”ལྟ་བུ་དབྱིན་ཡིག་གི་བརྡ་སྤྲོད་དང་བསྟུན་ནས། “银行属于中国的”ཞེས་སུ་བསྒྱུར་ན་རྒྱ་ཡིག་གི་སྐད་ཆའི་ཤོད་སྲོལ་དང་མི་མཐུན་པས། རྒྱ་ཡིག་རང་གི་བརྡ་སྤྲོད་ལ་བསྟུན་ནས“中国银行”ཞེས་རྒྱ་སྐད་སྨྲ་བ་ཀུན་གྱིས་གོ་བདེར་བྱས་པ་དང་། བོད་ཡིག་ཏུའང་དབྱིན་ཡིག་གི་བརྡ་སྤྲོད་དམ་སྐད་འགྲོས་ལ་བསྟུན་ནས། “དངུལ་ཁང་དབང་བའི་ཀྲུང་གོ”ཞེས་སུ་སྒྱུར་དགོས་པས། བུ་ཡིག་ཏུ་མ་ཡིག་གི་ནང་དོན་གོ་བརྡ་ཡག་པོ་སྤྲོད་མི་ཐུབ། གཉིས་ནས་རྒྱ་བོད་ཡིག་སྒྱུར་ལྟ་བུར་མཚོན་ན། དེང་སྐབས“བདེ་སྐྱིད་ལྡན་པའི་མི(幸福的人)བདེ་སྐྱིད་ཀྱི་མི”དང“ཉི་མ་དམར་པོ(红色的太阳)དམར་པོ་ཡི་ཉི་མ” “རྒྱབ་སྐྱོར་ཤུགས་ཆེན(大力支持)ཤུགས་ཆེའི་རྒྱབ་སྐྱོར” “རྒུན་འབྲུམ་བཏབ་ནས་དབུལ་སྒྲོལ་བྱེད་པ(种植葡萄脱贫)རྒུན་འབྲུམ་འདེབས་འཛུགས་བྱས་ནས་དབུལ་སྒྲོལ་བྱེད་པ” “ལྗང་གུ(绿色)ལྗང་མདོག” “དཀར་པོ(白色)དཀར་མདོག” “དམར་པོ(红色)དམར་མདོག” “ཀྲུང་གོ་བ(中国人)ཀྲུང་གོ་བའི་མི”སོགས་མ་ཡིག་གི་བརྡ་སྤྲོད་གཞུང་ལུགས་དང་ཡོངས་སུ་མཐུན་པར་བསྒྱུར་པའི་ཚིག་དང་བརྗོད་པ་འདི་དག་ལ་སོགས་པ་བུ་ཡིག་གི་བརྡ་སྤྲོད་དང་མི་མཐུན་གཤིས། “མ་ཡིག་ལ་བསྟུན་དྲགས་ཐག་ཆོད་འདུག”ཟེར་བའི་གཏམ་འདི་བྱུང་། གསུམ་ནས་གཞུང་དེར་བསྟན་པའི་སྒྱུར་ཐབས་དམ་པ་བཞིའི་ནང་གསེས“ཐད་ལོག་སྒྱུར”ལ་ཡང་དགོས་པ་མེད་དེ། ཐད་ལོག་སྒྱུར་ནི་མ་ཡིག་གི་སྐད་ཆའི་གོ་རིམ་ཁག་གཅིག་བུ་ཡིག་གི་སྐད་ཆའི་འགྲོས་དང་བསྟུན་ནས་གོ་ལྡོག་ནས་སྒྱུར་བའི་ཐབས་ཤིག་ཡིན་པའི་ཕྱིར་རོ།
        (2) མིང་བདག་པོར་བསྟུན་དགོས་པའི་ཐད་རྒྱལ་ནང་གི་ལོ་ཙཱ་བ་འགའ་ཞིག་ལ་གོ་བ་ལེན་སྟངས་མི་འདྲ་བ་ཡོད་པ་ཡང་། ཧྥང་ཞའོ་པིང་གིས“སྒྲ་དག་པོར་འདོན་པ་ལ་རྩ་དོན་གལ་ཆེན་པོ་ཞིག་ཡོད་པ་དེ་ལ‘མིང་བདག་པོར་བསྟུན་དགོས་པ’ཟེར་ཏེ། བསྒྱུར་བྱའི་མི་མིང་དང་ས་མིང་གལ་སྲིད་དང་ཐོག་མ་དབྱིན་ཡིག་ནས་མིན་ན། དེའི་དང་ཐོག་མའི་སྒྲ་གདངས་གཞིར་བཟུང་འདོན་དགོས་པ་ཡིན་གྱི། དབྱིན་ཡིག་གི་སྒྲ་གདངས་གཞིར་བཟུང་འདོན་མི་རུང་། དཔེར་ན་ཧྥ་རན་སིའི་རྩོམ་པ་པོ་གྲགས་ཅན་Hugoལྟ་བུ་ཧྥ་ཡིག་གི་སྒྲ་འདོན་སྟངས་གཞིར་བཟུང‘雨果ཧུ་གྷོ’ཞེས་སུ་སྒྱུར་དགོས་རུང་། དབྱིན་ཡིག་གི་སྒྲ་འདོན་གདངས་གཞིར་བཟུང‘休国ཧེའུ་གོ’ཞེས་སུ་བསྒྱུར་པ་མིན། འཇར་མན་གྱི་རོལ་དབྱངས་མཁས་ཅན་Bachའཇར་ཡིག་གི་སྒྲ་འདོན་སྟངས་གཞིར་བཟུང‘巴赫པག་ཧ’ཞེས་སུ་སྒྱུར་བ་ཡིན་གྱི། དབྱིན་ཡིག་གི་སྒྲ་འདོན་གདངས་བཞིན‘巴曲པ་ཆི’ཞེས་སུ་སྒྱུར་བ་མིན། རྒྱུ་མཚན་དེའི་ཕྱིར། ཨ་རིའི་Lima‘莱马ལ་ཡི་མ’ལ་བསྒྱུར་ཆོག་མོད། ཕེ་རུའི་Lima‘利马ལི་མ’ཞེས་སུ་སྒྱུར་དགོས”ཞེས་དབྱིན་ཡིག་སྨྲ་ཁོངས་མ་ཡིན་པའི་རྒྱལ་ཁབ་དང་ས་ཁུལ་ཧྥ་རན་སི་དང་། འཇར་མན། ཕེ་རུ། ཨུ་རུ་སུ་སོགས་ཀྱི་མི་མིང་དང་ས་མིང་སོགས་དབྱིན་ཡིག་བརྒྱུད་ནས་རྒྱ་ཡིག་ཏུ་སྒྲ་སྒྱུར་བྱེད་སྐབས། མིང་བདག་པོའི་རྗེས་སུ་འབྲངས་ནས་ཧྥ་རན་སི་དང་། འཇར་མན། ཕེ་རུ། ཨུ་རུ་སུ་སོགས་རང་རང་སོའི་སྐད་ཡིག་གི་སྒྲ་འདོན་སྟངས་གཞིར་བཟུང་སྒྱུར་དགོས་པ་བསྟན་ཡོད། ད་ལྟ་ང་ཚོས་གོང་དུ་བརྗོད་པའི“ལུའོ་ན་ཨར་ཏུའོ”ལ་སླར་ཡང་དབྱེ་ཞིབ་ཅིག་བྱས་ན། སྒྱུར་བ་པོས་རྒྱ་ཡིག་ནས་罗纳尔多ཞེས་པའི་མིང་དེ་མཐོང་མ་ཐག་མིག་སྔའི་མ་ཡིག་གི་སྒྲ་འདོན་སྟངས་འབའ་ཞིག་ལ་བསྟུན་ནས་བསྒྱུར་པ་ཞིག་ཡིན་ཅིང་། མ་ཡིག་ལ་བསྟུན་པ་ལྟར་སྣང་བ་ཞིག་སྟེ། མིང་དེའི་ཁུངས་དེད་ན། དེ་ནི་དབྱིན་ཡིག་Ronaldo Luiz Nazario De Lima(རུ་ནལ་དྷོ་ལུ་དབྱི་ཙེ་ཎཱ་སཱ་རི་དྷེ་ལི་མ)ཞེས་པ་འདི་དབྱིན་ཡིག་གི་སྒྲ་གཞིར་བཟུང་རྒྱ་ཡིག་སྨྲ་ཁོངས་གཙོ་བོའི་སྒྲ་འདོན་སྲོལ་དང་མཐུན་པར་སྒྲ་སྐུང་སྒྱུར་རམ་རྐང་རྩེད་སྤོ་ལོ་མཁས་པ་དེའི་གོས་ཀྱི་རྒྱབ་ཏུ་བྲིས་པའི་རང་མིང“RONALDO”སྒྲ་གཙང་སྒྱུར་བྱས་པ་ཞིག་རེད། ཡིན་ན་ཡང་། གཅིག་ནས་དབྱིན་ཡིག“Ro”དང་། “Nal” “Do”ཡི་སྒྲ་རྒྱ་ཡིག་གི་ངོས་ནས་བཤད་ན། “རིག་གནས་ཀྱི་ཆད་སྐྱོན”དུ་གྱུར་པ་དང་། གཉིས་ནས་ནང་སའི་ས་ཁུལ་འགའ་ཞིག་གིས་དབྱིན་ཡིག“r”དང་། བོད་ཡིག“ར” ཐ་ན་རྒྱ་ཡིག“人”དང“若”སོགས་འདོན་སྐབས་དཀའ་ངལ་ཆེན་པོ་འཕྲད་པ་སོགས་རྒྱུ་མཚན་སྣ་ཚོགས་ཀྱིས་རྐྱེན་པས། བསྒྱུར་ཡུལ་རྒྱ་ཡིག་གི་གོམས་སྲོལ་ལྟར“Ro”ལ“罗”དང་། “Nal”ལ“纳尔” “Do”ལ“多”ཞེས་སྒྲ་དེ་དག་དང་ཧ་ལམ་ཆ་འདྲ་བའམ་ཉེ་བའི་ད་ཡོད་རྒྱ་ཡིག་གི་རྒྱུན་སྤྱོད་ཀྱི་སྒྲ་སྤྱད་པ་ཡིན་གྱི། རྒྱ་བོད་སྒྲ་སྒྱུར་ལྟར་སྒྲ་དེ་འདྲ་ཞིག་བོད་ཡིག་ལ་འབོད་སྲོལ་ཡོད་ན་ནི་སྟབས་ཡག མེད་ན་ཨ་ན་ཨུ་ཚུགས་ཀྱིས་མ་ཡིག་གི་སྒྲ་དེ་འདོན་གང་ཐུབ་བྱེད་པ་འདི་འདྲ་དབྱིན་རྒྱ་སྒྲ་སྒྱུར་མིང་ཚིག་ལ་ཉུང་ཉུང་རེད། མ་ཟད་དབྱིན་རྒྱ་སྒྲ་སྒྱུར་གྱི་ལོ་མང་ལག་ལེན་ཁྲོད། རིམ་བཞིན་དབྱིན་ཡིག་གི་མིང་གཞི“R”ཕལ་ཆེར་རྒྱ་ཡིག་ཏུ“L”ལ་སྒྱུར་བ་དང་། དབྱིན་ཡིག་གི་མིང་མཐའ“L”ཕལ་ཆེར“尔”ལ་སྒྱུར་བར་བྱེད་པའི་ཆོས་ཉིད་དམ་གོམས་སྲོལ་ཞིག་གྲུབ་ཡོད་པ་ཡང་། དཔེར་ན། Ronaldoརུ་ནལ་དྷོ་罗纳尔多དང་། Kasper Dolbergཁས་སི་ཕེར་དྷོལ་པེར་ག་卡斯帕•多尔贝里དང་། Bill Gatesབྷིལ་སྐལ་ཚེ་比尔•盖茨དང་། Harry botterཧ་རུའེ་ཕོད་ཐར་哈利•波特དང་། Romeརོ་མ་罗马དང་། Iraqདབྱི་རག་伊拉克དང་། Franceཧྥ་རན་སེ་法兰西སོགས་མི་མིང་ཡུལ་མིང་ཤིན་ཏུ་མང་། དེས་ན་བོད་ཡིག་ལུའོ་ན་ཨར་ཏུའོ་ཞེས་པ་འདི“མ་ཡིག་ལ་བསྟུན་པ་ལྟར་སྣང་བ”ཞེས་བརྗོད་པ་ཡང་། དེའི་མ་ཡིག“Ronaldo”ཡིན་གྱི། “罗纳尔多”མ་ཡིན་པའི་ཕྱིར་ན། “མིང་བདག་པོར་བསྟུན་དགོས”པའི་སྒྲ་སྒྱུར་གྱི་རྩ་དོན་ལས་འགལ་ཡོད་ལ། “བྱཱ་ཀ་ར་ནའི་གཞུང་ལུགས་དང་མཐུན”མེད་པ་དང་། “བོད་ཡིག་ཤེས་པ་དག་གི་གོ་བདེ་ཀློག་བདེར་བྱེད་པ”ཞིག་མིན་ན། “མ་ཡིག་གི་ནང་དོན་དང་མཐུན་པ”ཞིག་ག་ནས་ཡིན་སྲིད། ཅི་སྟེ་མ་ཡིག་གི་ནང་དོན་དང་མཐུན་པའི་དབང་དུ་བཏང་ན་ཡང་ཅི་བྱར་ཡོད་དེ། མ་ཡིག་དག་གི་ནང་དོན་དང་། ཡོངས་སུ་མཐུན་པར་གྱུར་ན་ཡང་། གོ་བདེ་ཀློག་བདེ་མ་བྱུང་ན། བསྒྱུར་དང་མ་བསྒྱུར་ཁྱད་པར་ཅི།
        (3)མིང་བདག་པོར་བསྟུན་དགོས་པ་ཞེས་བྱ་བ་ནི། བརྒྱུད་སྒྱུར་ཀྱི་སྐབས་སུ་མིག་སྔའི་མ་ཡིག་འབའ་ཞིག་ལ་བསྟུན་དགོས་ཞེས་པ་མ་ཡིན་པར། མིང་དེའི་གདོད་མའམ་ཐོག་མའི་བདག་པོ་གང་དུ་ཡིན་པར་ཁུངས་དེད་ནས་སྒྱུར་དགོས་པར་གོ་དགོས། དེ་ཡང་དུས་རབས་གོང་མའི་ལོ་རབས་བརྒྱད་ཅུ་པའི་གོང་སྐྱེས་བོད་པ་ཀུན་གྱིས་ཤེས་གསལ་ལྟར། བར་སྐབས་ཤིག་རིང“美国”དང་། “英国” “德国” “法国”སོགས་རྒྱ་ཡིག་གི་སྒྲ་གཞིར་བཟུང་། “མེ་གོ”དང་། “དབྱིན་གོ” “ཏེ་གོ” “ཧྥ་གོ”སོགས་དབྱིན་མིན་རྒྱ་མིན་བོད་མིན་ཞིག་ཏུ་བསྒྱུར་ཡོད། ཕྱིས་འབྱུང་ལོ་ཙཱ་བ་ཚོས་བོད་ཡིག་རྒྱལ་སྤྱི་ཅན་གྱི་དགོས་མཁོར་གཞིགས་ཏེ། མིང་བདག་པོར་བསྟུན་ནས“ཀྲུང་གོ(中国)”ཕུད། དེ་བྱིངས་རྒྱལ་ཁབ་ཀྱི་མིང་མང་ཆེ་བ་དབྱིན་ཡིག་གི་སྒྲ་གཞིར་བཟུང་བསྒྱུར་པས། ད་སྤྱོད“ཨ་རི་དང་། དབྱིན་ཇི། འཇར་མན། ཧྥ་རན་སེ་སོགས་བོད་ཡིག་གི་བརྗོད་པ་དང་མཐུན་ཞིང་། བོད་ཡིག་བོད་སྐད་ཤེས་མཁན་ཀུན་ལ་ གོ་བདེ་ཤེས་བདེ་ཤོད་བདེའི་མིང་ཚིག་ཚད་མ་གྲུབ་ཡོད།
        ལྷག་པར་དུ་རང་རྒྱལ་གྱི་ཁྱིམ་མཚེས་རྒྱལ་ཁབ་ལྗར་པན་དང་། ལྷོ་བྱང་ཁོ་རི་ཡ། ཝི་ཐེ་ནམ་སོགས་ཀྱི་མི་མིང་ས་མིང་སྒྱུར་སྐབས་དེ་བས་ཀྱང་རྒྱ་ཡིག་གི་སྒྲ་ཐད་ཀར་བསྒྱུར་མི་རུང་སྟེ། (百度知识)ལས། “རྒྱའི་རིག་གནས་ཀྱི་འཁོར་རྒྱའི་ཤུགས་རྐྱེན་འོག་གི་རྒྱལ་ཁབ་དཔེར་ན་ལྷོ་ཁོ་རི་ཡ་དང་། ལྗར་པན། ཝི་ཐེ་ནམ་སོགས་ཁོ་ཚོས་ཀྱང་རྒྱ་ཡིག་སྤྱོད་ཅིང་། མ་གཞི་སྒྲ་གདངས་མི་འདྲ་བ་མ་ཟད་ཁྱད་པར་ཤིན་ཏུ་ཆེ་མོད། འོན་ཀྱང་ཀྲུང་གོས་གང་ལྟར་ཐད་ཀར་རྒྱ་ཡིག་དག་རང་སོར་བཞག་ནས་དེའི་སྒྱུར་མིང་དུ་བྱེད”པས། གོང་གསལ་རྒྱལ་ཁབ་ཀྱི་མི་མིང་དང་ས་མིང་རྒྱ་ཡིག་ཏུ་སྐབས་རེ་གཟུགས་འདྲ་བར་སྣང་ཡང་སྒྲ་ལ་ཁྱད་པར་ཆེན་པོ་ཡོད་དེ། དཔེར་ན“日本”རྒྱ་ཡིག་གི་སྒྲ་ལྟར་བཀླགས་ན“རི་པེན”ཡིན་མོད། ལྗར་ཡིག་གི་སྒྲ་ལྟར་བཀླགས་ན“ཉི་ཧོང”ཡིན་པ་ལས། རི་པིན་ཞེས་མི་བརྗོད་གཤིས། དེ་ཡང“日本”དང་། “东京”དང་། “京都”དང་། “富士山”དང་། “安培晋三”དང་། “小泉纯一郎”དང་། “雪本芽衣”སོགས་རྒྱ་ཡིག་ཤེས་མཁན་ཞིག་གི་ངོས་ནས་བཤད་ན་རྒྱ་ཡིག་ཡིན་ལ། ལྗར་ཡིག་ཤེས་མཁན་ཞིག་གི་ངོས་ནས་བཤད་ན་ལྗར་ཡིག་ཡིན་ཅིང་། རྒྱ་ལྗར་གཉིས་ཀ་ཤེས་མཁན་ཞིག་གི་ངོས་ནས་བཤད་ན་རྒྱ་ཡིག་ཡིན་ལ་ལྗར་ཡིག་ཀྱང་ཡིན་པས། སྒྲ་གདངས་མི་འདྲ་བ་ཙམ་ལས། ཡི་གེའི་གཟུགས་དང་དོན་ལ་ཁྱད་པར་མེད་སྟབས། ལྗར་རྒྱ་ལོ་ཙཱ་བས་ལྗར་ཡིག་ནས་མིང་ཚིག་དེ་དག་སྒྱུར་སྐབས། ཡི་གེའི་གཟུགས་དེ་དག་རང་སོར་བཞག་ནས་དེ་དག་གི་སྒྱུར་མིང་བྱས་པ་ཞིག་རེད། ལྗར་ཡིག་ལ་རྒྱ་སྐད་དུ་假名ཞེས་ཟེར་ཞིང་། དེ་ནི་འགྱུར་མིང་ངམ་མིང་ཚབ་བམ་མིང་བརྫུས་མའི་དོན་མ་ཡིན་པར། དེ་ལྗར་ཡིག་ནས་བཀླགས་ན་ཁཱ་ན་ཞེས་དབྱངས་གསལ་གྱི་དོན་ཡིན་པ་དང་། དེ་ལ་平仮名(ཧི་རཱ་ཁཱ་ན)ཞེས་རྒྱ་ཡིག་གི་སྒྲ་སྦྱོར་ཡི་གེ་ལྟ་བུ་སྒྲ་མཚོན་པའི་རྟགས་དང་། 片仮名(གྷཱ་ཏ་ཁཱ་ན)ཞེས་རྒྱ་ཡིག་གྲུ་བཞི་ལྟ་བུ་སྟེ་དོན་མཚོན་པའི་རྟགས་རེད།
        ལྗར་རྒྱ་སྒྲ་སྒྱུར་གྱི་སྐབས་སུ་ལྗར་ཡིག་གྷཱ་ཏ་ཁཱ་ན་རང་སོར་བཞག་གཤིས། རྒྱ་བོད་སྒྲ་སྒྱུར་སྐབས་སུའང“མིང་བདག་པོར་བསྟུན་ཁུལ”གྱིས། རི་པིན་དང་། ཏུང་ཅིང་། ཅིང་ཏུའུ། ཧྥུ་ཧྲེ་ཧྲན་རི་བོ། ཨན་པེ་ཅིན་སན། ཞའོ་ཇོན་ཁྲུན་དབྱི་ལང་། ཞོའེ་པེན་ཡ་དབྱི། (大和民族)ཏ་ཧོ་མི་རིགས། (丰田)ཧྥོང་ཐན་སོགས་སྒྱུར་ཤག་ཤག་བྱེད་པ་ཡིན་མོད། འོན་ཀྱང་མིང་བདག་པོར་བསྟུན་དགོས་པའི་རྩ་དོན་གཞིར་བཟུང་། ལྗར་ཡིག་གི་ཀློག་སྟངས་ལྟར། “にほん”ཉི་ཧོང་ངམ་ལྗར་པན་དང་། “とうきようtokyo”ཐོ་ཁེ་ཡོ། “きょうとkyoto”གཡུ་མདོ། “ふじさんfujisan”ཕུ་སྐྱིད་རི། “あべ しんぞうabe shin zou”ཨན་པེ་ཤིན་ཙོ། “こいずみ じゅんいちろうJunichiro Koizumi”ཁོ་དབྱི་ཙུ་མི་འཇུ་ཉི་སྐྱིད་རུ། “やまとYamato”ཡ་མ་མདོ། “ヤマハyamaha”ཡ་མ་ཧ། “ゆきもとめい Mei Yukimoto”གཡུ་དགེ་མེ་ཏོག་མེས་ལྟ་བུར་བསྒྱུར་ན་བོད་ཡིག་རྒྱལ་སྤྱི་ཅན་གྱི་གོམ་འགྲོས་དང་ཡོངས་སུ་མཐུན་ཡོད།
        དེ་བཞིན་དུ་ཐེ་ལན་གྱི་དེ་སྔའི་ཙུང་ལི“英拉•西那瓦Yingluck Shinawatra”ཞི་ཎཱ་ཝཱ་ཐྲཱ་དབྱིང་གླག་དང་། བྱང་ཁོ་རི་ཡ་ངལ་རྩོལ་ཏང་གི་ཨུ་ཡོན་ཀྲང་རྒྱལ་དོན་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང“金正恩Kim Jong-un”ཁིམ་ཅང་ཨུན་ལྟ་བུ་ཡང་རིགས་འགྲེའོ།
        དེར་བརྟེན། བརྒྱུད་སྒྱུར་གྱི་སྐབས་སུ་མིང་བདག་པོར་བསྟུན་དགོས་ན། མིག་སྔའི་མ་ཡིག་གི་སྒྲ་གང་ཡིན་པ་དེ་བུ་ཡིག་ཏུ་སྒྱུར་བ་ཞིག་མ་ཡིན་པར། མིའམ་ས་ཆ་དེའི་ཐོག་མའི་མིང་གང་ཡིན་པ་དེའི་སྒྲ་ལ་བསྟུན་དགོས་པ་ཡིན་དགོས།
                           (བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་རྩོམ་སྒྲིག་པུའི་ནོར་དཀྱིལ་བུ་ཆུང་རྒྱལ་གྱིས)



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1