༄༅།། ཆེས་མཐོའི་ཁྲིམས་ཁང་ནས་ཁས་ལེན་ཐོབ་པའི་མི་འབོར་བཀོད་སྒྲིག་སྐོར་གྱི་དཔེ་མཚོན་གྱོད་དཔེ།

རྩོམ་སྒྲིག་པ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 09-18


        ཝང་ཧྥུང་ཅུན་གྱིས་པེ་ཅིན་གྲོང་ཁྱེར་ཧྥང་ཧྲན་ཆུས་སྡོད་ཁང་འཛུགས་སྐྲུན་ཨུ་ཡོན་ལྷན་ཁང་གི་བཤིག་སྤོའི་གུན་གསབ་བཀོད་སྒྲིག་བྱེད་སྐོར་ཞུ་གཏུག་བྱས་པའི་སྲིད་འཛིན་ཐག་གཅོད་ཀྱི་གྱོད་གཞི།

(1)གྱོད་གཞིའི་རྩ་བའི་གནས་ཚུལ།
        2010ལོར་རྣམ་གྲངས་འཛུགས་སྐྲུན་གྱི་དགོས་མཁོར་གཞིགས་ཏེ་པེ་ཅིན་གྲོང་ཁྱེར་ཧྥང་ཧྲན་ཆུས་ཀྱི་མཉམ་སྡེབ་ས་ཞིང་ཁག་གཅིག་གཞུང་བསྡུ་བཤིག་སྤོ་བྱེད་དགོས་པ་ལྟར། ཝང་ཧྥུང་ཅུན་གྱི་སྡོད་ཁང་ཡང་བཤིག་སྤོའི་ཁོངས་སུ་ཚུད་ཡོད། དུད་དེའི་ཐོ་འཁོད་མི་གྲངས་བདུན་ཡོད་ཁོངས་སུ་མནའ་མ་དང་ཚ་མོ་ཡང་ཚུད་ཡོད། ཕུང་གསུམ་པ་སྟེ་ཧྥང་ཧྲན་ཆུས་ས་གསོག་ཡན་ལག་ལྟེ་བ་དང་ཝང་ཧྥུང་ཅུན་གཉིས་བར་བཤིག་སྤོའི་གུན་གསབ་བཀོད་སྒྲིག་གི་གྲོས་མཐུན་འཇོག་མ་ཐུབ་པར་བརྟེན་ཕུང་གསུམ་པས་པེ་ཅིན་གྲོང་ཁྱེར་ཧྥང་ཧྲན་ཆུས་སྡོད་ཁང་འཛུགས་སྐྲུན་ཨུ་ཡོན་ལྷན་ཁང་ལ་ཐག་གཅོད་གནང་རེ་ཞུས་ཡོད། 2014ལོའི་ཟླ་3ཚེས་6ཉིན་ཧྥང་ཧྲན་གྲོང་ཁྱེར་སྡོད་ཁང་འཛུགས་ཨུད་ཀྱིས་བཤིག་སྤོའི་ཐག་གཅོད་བྱས་འབྲས་འདི་ལྟར་ཏེ། ཝང་ཧྥུང་ཅུན་གྱི་མནའ་མ་དང་ཚ་མོ་གཉིས་ཀྱི་ཐེམ་ཐོ་ནི་བཤིག་སྤོའི་ཐེམ་ཐོ་རྩིས་མཚམས་བཞག་ཟིན་རྗེས་བསྒྱུར་ཡོང་བ་ཡིན་སྟབས་ཐེངས་འདིའི་བཤིག་སྤོའི་གུན་གསབ་དང་བཀོད་སྒྲིག་ཇུས་གཞིའི་ནང་གི་བཀོད་སྒྲིག་མི་འབོར་གྱི་གཏན་འབེབས་དང་མི་འཚམ་ཕྱིར་ཝང་ཧྥུང་ཅུན་ཚང་གི་ཐོ་འཁོད་མི་གྲངས་ནི་མི་ལྔ་རུ་གཏན་འཁེལ་བཟོས་པ་རེད། དེར་ཝང་ཧྥུང་ཅུན་བློ་བབས་མ་བྱུར་ཕྱིར་ཁྲིམས་ཁང་དུ་ཞུ་གཏུག་ཕུལ་ནས་དེ་འབྲེལ་གྱི་སྲིད་འཛིན་ཁྲུན་ཁྲ་རྩིས་མེད་གཏོང་དགོས་པའི་རེ་འདུན་ཞུས།
(2)ཐག་གཅོད་མཇུག་འབྲས།
        པེ་ཅིན་གྲོང་ཁྱེར་ཧྥང་ཧྲན་ཆུས་མི་དམངས་ཁྲིམས་ཁང་གི་འདྲི་རིམ་དང་པོའི་ངོས་འཛིན་ནི། ཞུ་གཏུག་བྱས་པའི་སྲིད་འཛིན་ཐག་གཅོད་ཀྱི་ནང་དུ་ཐོ་འཁོད་མི་གྲངས་ལྔ་རུ་ངོས་འཛིན་བྱས་པར་མི་འོས་པ་མེད་སྟབས་ཝང་ཧྥུང་ཅུན་གྱི་གཏུག་བཤེར་རེ་འདུན་ཕྱིར་སློག་བྱས་པ་རེད། ཝང་ཧྥུང་ཅུན་གྱིས་བློ་བབས་མ་བྱུང་སྟེ་གོང་གཏུག་བྱས་ཡོད། པེ་ཅིན་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གཉིས་པས་《མཉམ་སྡེབ་ས་ཞིང་དང་ཁང་པ་བཤིག་སྤོའི་སྐོར་གྱི་པེ་ཅིན་གྲོང་ཁྱེར་གྱི་དོ་དམ་བྱ་ཐབས》ཀྱི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་ནས། ཝང་ཧྥུང་ཅུན་གྱི་མནའ་མ་ནི་གཉེན་སྒྲིག་གི་རྒྱུ་མཚན་ལ་བརྟེན་ནས་ཐེམ་ཐོར་བཅུགས་པ་དང་ཚ་མོ་ནི་སྐྱེས་ནས་ཐེམ་ཐོར་བཅུགས་པ་ཡིན་རྐྱེན་ཐེམ་ཐོ་ཡར་འཇུག་པ་དང་ལོགས་སུ་ཕྱེ་བ་གནས་སྐབས་མཚམས་འཇོག་བྱ་རྒྱུའི་གྲས་སུ་གཏོགས་མེད་ལ། ཐེམ་ཐོ་རང་དགར་བཅུགས་པས་བཤིག་སྤོའི་སྐབས་ཁས་ལེན་མི་བྱ་བའི་གྲས་སུའང་གཏོགས་མེད། དེ་འདྲའི་དབང་གིས་ཞུ་གཏུག་བྱས་པའི་སྲིད་འཛིན་ཐག་གཅོད་ཀྱི་ནང་དུ་ཝང་ཧྥུང་ཅུན་ཚང་གི་ཐོ་འཁོད་མི་གྲངས་ལྔ་རུ་ངོས་འཛིན་བྱས་པ་ནི། གཞི་འཛིན་སའི་དོན་དངོས་ཁ་གསལ་མིན་པ་དང་དཔང་རྟགས་ཁུངས་བཙན་མེད་པར་གཏོགས་ཡོད། འདྲི་རིམ་གཉིས་པའི་ཁྲིམས་ཁང་གིས་འདྲི་རིམ་དང་པོའི་ཐག་གཅོད་དང་དེ་བཞིན་ཞུ་གཏུག་བྱས་པའི་སྲིད་འཛིན་ཁྲུན་ཁྲ་རྩིས་མེད་གཏོང་རྒྱུའི་ཐག་གཅོད་བྱས་ཡོད་པ་མ་ཟད། ཧྥང་ཧྲན་གྲོང་ཁྱེར་སྡོད་ཁང་འཛུགས་ཨུད་ལ་ཐག་གཅོད་བསྐྱར་མ་བྱེད་དགོས་པའི་བཀའ་འབེབས་གནང་ཡོད།
(3)དཔེ་མཚོན་གྱི་དོན་སྙིང་།
        འདྲི་རིམ་གཉིས་པའི་ཁྲིམས་ཁང་གིས་ནོར་འཁྲུལ་ཡོད་པའི་འདྲི་རིམ་དང་པོའི་དཔྱད་ཁྲ་དང་ཞུ་གཏུག་བྱས་པའི་སྲིད་འཛིན་བྱ་སྤྱོད་བཅས་ཡོ་བསྲང་བྱས་པ་བརྒྱུད་དེ་གཞུང་བསྡུ་གུན་གསབ་སྐོར་གྱི་ཁྲིམས་ལུགས་ངེས་སྲོལ་ཡང་དག་པའི་སྒོ་ནས་ལག་བསྟར་བྱས་པ་དེས། ཞིང་པའི་ཁྲིམས་ཐུན་ཁེ་དབང་སྲུང་སྐྱོབ་གང་ལེགས་བྱས་པའི་དུས་མཚུངས། རྒྱལ་ཁབ་གཞུང་ནས་བག་མ་ཕྱིན་པའི་བུད་མེད་དང་གསར་དུ་བཙས་པའི་བྱིས་པ་སོགས་དམིགས་བསལ་མི་ཚོགས་ལ་བཅངས་པའི་ཁྱད་དུ་འཕགས་པའི་ཐུགས་ཁུར་ཡང་མངོན་ཡོད་པ་རེད།
    (ལྷ་མོའི་ཁྲིམས་བཤད་ཅེས་པའི་འཕྲིན་སྟེགས་ལས་བཤུས།)


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1