༄༅།། རྗེ་ཙོང་ཁ་པ་ཆེན་པོས་བསྟན་པའི་སློབ་མའི་མཚན་ཉིད་དང་དེང་རབས་སློབ་གསོ།

ཡུམ་ལོ། རྩོམ་སྒྲིག་པ།ཡོང་ཁུངས།བོད་ཀྱི་སློབ་གསོ། སྤེལ་དུས། 09-18



ཡུམ་ལོ།
[གནད་བཏུས] རྗེ་ཙོང་ཁ་པ་ཆེན་པོས་བསྟན་པའི་གཟུ་བོར་གནས་པ་དང་། བློ་དང་ལྡན་པ། དོན་དུ་གཉེར་བ་གསུམ་ནི། དགེ་རྒན་བསྟེན་མ་བསྟེན་སུ་ཡིན་ཡང་ཕྱི་ནང་གི་རིག་གཞུང་ཤེས་བྱ་གང་ཞིག་སློབ་པ་ལ་ངེས་པར་ཚང་དགོས་བའི་རྩ་བའི་ཆ་རྐྱེན་ཡིན་པ་དང་། ཆོས་དང་ཆོས་སྨྲ་བ་ལ་གུས་པ་དང་ཡིད་གཏོད་པ་གཉིས་ནི་དགེ་རྒན་བསྟེན་ནས་སངས་རྒྱས་ཀྱི་ཆོས་སློབ་པའི་སློབ་མ་ལ་བཏོན་པའི་དམིགས་བསལ་གྱི་ཆ་རྐྱེན་ཡིན་ལ། ཆོས་དེ་དངོས་སུ་ཉན་པའི་སྐབས་སུ་སྣོད་ཁ་སྦུབ་པ་དང་། མི་གཙང་བ། ཞབས་བརྡོལ་བ་ལྟ་བུའི་སྐྱོན་དག་སྤང་དགོས་པར་བསྟན་ཡོད་པའི་ལྟ་བ་དག་ལ་གནའ་བཟང་དེང་སྤྱོད་ཀྱི་རིན་ཐང་ཡོད་པའི་སྐོར་བྲིས་ཡོད།
[གནད་ཚིག] རྗེ་ཙོང་ཁ་པ། སློབ་མ། དེང་རབས་སློབ་གསོ།
རྩོམ་འདིར་རྗེ་ཙོང་ཁ་པས་བཞེད་པའི་སློབ་མ་ལ་ཚང་དགོས་པའི་ཆ་རྐྱེན་དང་། སློབ་ཁྲིད་སྐབས་ཀྱི་བསྲུང་བྱ་སོགས་དང་འབྲེལ་ནས་དེས་དེང་རབས་སྤྱི་ཚོགས་དང་སློབ་གསོ་ལ་བློ་བསྐྱེད་ག་འདྲ་ཡོད་པ་རགས་ཙམ་གླེང་བར་བྱའོ། །
1. སློབ་མར་ཚང་དགོས་པའི་རྩ་བའི་ཆ་རྐྱེན་གསུམ།
        དེ་ཡང་ཙོང་ཁ་པ་ཆེན་པོས་མཛད་པའི《བྱང་ཆུབ་ལམ་རིམ་ཆེན་མོ》(འོག་ཏུ《ལམ་རིམ》ཞེས་བསྡུ་བར་བྱའོ)ཡི་གདམས་པ་དངོས་ཀྱིས་སློབ་མ་ཇི་ལྟར་བཀྲི་བའི་རིམ་པ་ལ་ལམ་གྱི་རྩ་བ་བཤེས་གཉེན་བསྟེན་པའི་ཚུལ་དང་བསྟེན་ནས་བློ་ཇི་ལྟར་སྦྱང་བའི་རིམ་པ་ལས་གཉིས་པ་སྟེན་བྱེད་སློབ་མའི་སྐོར་གསུངས་པའི་ཚན་པ་རུ“བཞི་བརྒྱ་བ་ལས། གཟུར་གནས་བློ་ལྡན་དོན་གཉེར་བའི། ། ཉན་པོ་སྣོད་ཅེས་བྱ་བར་བཤད། །
        སྨྲ་བོ་ཡོན་ཏན་རྣམ་གཞན་དུ། ། མི་འགྱུར་ཉན་པོ་ལ་ཡང་མིན། །”ཞེས་ལུང་དྲངས་ནས་སློབ་མ་ཚད་ལྡན་ཞིག་ཡིན་ཕྱིན་དེ་ལ་གཟུ་བོར་གནས་པ། བློ་དང་ལྡན་པ། དོན་དུ་གཉེར་བ་བཅས་ཀྱི་རྩ་བའི་ཆ་རྐྱེན་གསུམ་ལྡན་དགོས་པར་བསྟན་ཡོད་དེ། རྒྱུ་མཚན་ནི“གཟུ་བོར་གནས་པ་ནི་ཕྱོགས་ལྷུང་མེད་པ་སྟེ་དེ་ཡོད་ན་དེས་བསྒྲིབས་ནས་ཡོན་ཏན་མི་མཐོང་བས་ལེགས་པར་བཤད་པའི་དོན་མི་རྙེད”ལ“གཟུ་བོར་གནས་ཀྱང་ལེགས་བཤད་ལམ་ཡང་དག་པ་དང་ཉེས་བཤད་ལམ་ལྟར་སྣང་གཉིས་རྣམ་པར་འབྱེད་པའི་བློའི་མཐུ་མེད་ན་སྣོད་དུ་མི་རུང་བས་དེ་གཉིས་གོ་བའི་བློ་དང་ལྡན་པ་དགོས”པར་མ་ཟད“དེ་གཉིས་ཡོད་ཀྱང་རི་མོའི་ཆོས་ཉན་ལྟར་མི་རྩོམ་ན་སྣོད་དུ་མི་རུང་བས་དོན་དུ་གཉེར་བ་ཆེན་པོ་དང་ལྡན་པ་དགོས་སོ། །”ཞེས་སློབ་མ་ལ་ཆོས་གསུམ་ཚང་དགོས་པར་བསྟན་ཡོད། གཤམ་དུ་དེ་དག་རེ་རེའི་གོ་དོན་བྱེ་བྲག་ཏུ་བརྗོད་པར་བྱའོ། །
1.1 གཟུ་བོར་གནས་པ།
        དེ་ཡང《ལམ་རིམ》དུ“གཟུ་བོར་གནས་པ་ནི་ཕྱོགས་ལྷུང་མེད་པ་སྟེ་དེ་ཡོད་ན་དེས་བསྒྲིབས་ནས་ཡོན་ཏན་མི་མཐོང་བས་ལེགས་པར་བཤད་པའི་དོན་མི་རྙེད་དེ”ཞེས་གཟུ་བོར་གནས་པ་ནི་ཕྱོགས་ལྷུང་མེད་པའི་དོན་ཡིན་པར་བསྟན་ཡོད་ལ།“ཕྱོགས་ལྷུང་ནི་རང་གི་ལུགས་ལ་ཆགས་པ་དང་གཞན་གྱི་ཆོས་ལུགས་ལ་ཞེ་སྡང་བའོ”ཞེས“ཆགས”དང“སྡང”སོགས་ཀྱི་སེམས་ཀྱི་འགྱུར་བ་མཚོན་པའི་ལས་ཚིག་བཀོལ་ནས་མཚན་ཉིད་དང་བཅས་གསུངས་ཡོད་པ་ལས་སྐབས་འདིར་གཙོ་བོར་དུངས་ཞེན་ལས་བྱུང་བའི་ཕྱོགས་ལྷུང་དེ་བསྟན་ཡོད་པ་ཤེས་ཐུབ། དེར་མ་ཟད་ཆགས་པའི་ཡུལ་ནི“རང་གི་ལུགས”དང་སྡང་བའི་ཡུལ་ནི“གཞན་གྱི་ཆོས་ལུགས”ཞེས་གསལ་བོར་གསུངས་པ་ལས་ཕྱོགས་ལྷུང་ནི་གཙོ་བོ་ཆོས་ལུགས་དང་གྲུབ་མཐའི་ལྟ་བར་བསྟན་ཡོད་ལ།“དེ་འདྲ་བ་རང་གི་རྒྱུད་ལ་བརྟགས་ནས་དོར་དགོས”ཞེས་ཆོས་ལུགས་དང་གྲུབ་མཐའ་ཡི་ལྟ་བའི་ཕྱོགས་ལྷུང་མི་རུང་བ་ནན་གྱིས་བསྟན་ཡོད། དེ་ལྟར་གསུངས་པའི་རྒྱུ་མཚན་ནི་སྐབས་དོན་གྱི་སློབ་མ་ཞེས་པ་སངས་རྒྱས་ཆོས་ལུགས་ཀྱི་རྗེས་འཇུག་པ་སྟེ་ཐར་བ་དང་ཐམས་ཅད་མཁྱེན་པའི་གོ་འཕང་འཐོབ་རྒྱུ་དེ་མཐར་ཐུག་གི་དམིགས་ཡུལ་དུ་བྱས་ནས་སློབ་གཉེར་དང་ཉམས་ལེན་བྱེད་མཁན་འབའ་ཞིག་ཡིན་ཙ་ན། རང་ཉིད་ཆུང་དུས་ནས་གོམས་ཤིང་དུངས་པའི་གྲུབ་མཐའི་ལྟ་བ་མ་དག་པ་དང་ཕྱོགས་རེ་བ་དེ་མཁྲེགས་འཛིན་གྱིས་ཕྱོགས་སུ་ལྷུང་ན་སངས་རྒྱས་ཀྱི་དགོངས་པ་དངོས་དེ་རྟོགས་མི་ཐུབ་པས་བསམ་བློ་ཧ་ཅང་གུ་ཡངས་པོས་རྒྱ་ཆེན་ཐོས་པ་མང་དུ་བཙལ་དགོས་པ་བསྟན་ཡོད།
        དེ་མིན་ད་དུང་རྗེ་ཁོང་ཉིད་འཚོ་བཞུགས་སྐབས་ཀྱི་བོད་ཀྱི་སྤྱི་ཚོགས་གནས་བབ་ནི་ཆོས་ལུགས་སྣ་ཚོགས་ཤིན་ཏུ་དར་ཞིང་མན་ངག་ཐན་ཐུན་ཙམ་ལ་སངས་རྒྱས་ཀྱི་དགོངས་པ་དངོས་ཡིན་ཟེར་བ་དང་། ལུང་པ་རེ་ལ་ཆོས་ལུགས་རེ་དར་ནས་ཆོས་ལུགས་ཀྱིས་ས་གནས་བཅད་བཟུང་གི་རྣམ་པ་ཆགས་ཏེ་གྲུབ་མཐའི་བར་གྱི་འགལ་བ་དང་རྩོད་རྙོག་ཤིན་ཏུ་ཛ་དྲག་གི་གནས་སུ་གྱུར་པའི་དངོས་ཡོད་གནས་ཚུལ་ལ་དམིགས་ཏེ་ཆོས་ལུགས་གྲུབ་མཐའ་སོགས་ཀྱི་ཆགས་ཞེན་ལས་བྱུང་བའི་ཕྱོགས་ལྷུང་མེད་པའི་སློབ་གསོ་དེ་སྤྱི་ཚོགས་བདེ་འཇགས་དང་འཆམ་མཐུན་ལ་གལ་ཆེ་བར་གསུངས་ཡོད་པར་འདོད།
        དེ་བས་རྗེ་འདི་ཡིས་སློབ་མ་ཞིག་ཡིན་ཚེ་ཐོག་མར་གཟུ་བོར་གནས་པ་སྟེ་ཕྱོགས་ལྷུང་མེད་པ་ཞིག་ཡིན་དགོས་པར་བསྟན་པ་ནི། ཐར་བ་དང་ཐམས་ཅད་མཁྱེན་པའི་གོ་འཕང་འཐོབ་རྒྱུ་དེ་དམིགས་ཡུལ་དུ་བྱས་ནས་སློབ་གཉེར་དང་ཉམས་ལེན་བྱེད་མཁན་དང་སྐབས་དེའི་སྤྱི་ཚོགས་ཀྱི་གནས་བབ་ལ་དམིགས་ཏེ་གསུངས་པ་ཡིན་མོད། དེང་རབས་ཀྱི་སློབ་གསོ་དང་སྤྱི་ཚོགས་ལའང་བློ་བསྐྱེད་མི་དམན་པ་ཡོད་པར་འདོད། རྒྱུ་མཚན་ནི་ཕྱོགས་ལྷུང་ཞེས་པ་གཙོ་བོར་ལྟ་གྲུབ་ཆ་ནས་ངོས་འཛིན་དགོས་ཏེ། ལྟ་གྲུབ་ནི་ཕྱི་ནང་གི་འཇིག་རྟེན་ལ་ངོས་འཛིན་བྱེད་པའི་གོ་རིམ་ཁྲོད་བྱུང་བ་ཞིག་ཡིན་ལ་དེས་མི་བུ་སྒེར་དང་ཚོགས་པ་ཡང་ན་ཚོགས་པ་དེ་ལས་ཀྱང་ཆེ་བ་ཞིག་གི་འདོད་ཕྱོགས་དང་དགའ་ཕྱོགས། ལངས་ཕྱོགས་ཐ་ན་ཁེ་ཕན་ཡང་མཚོན་པ་ཡིན་པས་ན་དེ་ལྟ་བུའི་ལྟ་བ་དེ་མཐའ་གཅིག་ཏུ་ཡང་དག་ཅིང་ཆ་ཚང་བར་མ་ངེས་ཤིང་། ལྷག་པར་དུ་དུངས་ཞེན་ལས་བྱུང་བའི་ཕྱོགས་ལྷུང་གི་ལྟ་བ་དེ་མཁྲེགས་འཛིན་བྱས་ན་ལྟ་བ་གསར་བ་དང་རིག་གནས་གཞན་པ་དང་ལེན་བྱེད་པར་གེགས་སུ་འགྱུར་བས་ན། རིག་གནས་སྣ་གཅིག་མིན་པར་སྣ་མང་མ་བསླབ་ན་འཚོ་གནས་ལའང་འཇིག་ཉེན་ཐེབས་སྲིད་པའི་དེང་དུས་ཀྱི་མི་དང་སྒོས་སུ་གཞོན་སྐྱེས་ཀྱི་སློབ་མ་ལ་མཚོན་ན་བློ་གཟུ་བོར་གནས་པ་གལ་ཆེའོ། ། དེ་མིན་དེང་གི་དུས་ནི་ཚན་རྩལ་འཕེལ་རྒྱས་ཀྱི་དབང་གིས་འགྲིམ་འགྲུལ་དང་ཆ་འཕྲིན་སྟབས་བདེར་གྱུར་པ་དང་བསྟུན་ནས་དཔལ་འབྱོར་དང་རིག་གནས་འཛམ་གླིང་ཅན་དུ་གྱུར་དང་འགྱུར་བཞིན་ཡོད་པས་ན། རང་གི་རིག་གནས་ཀྱི་ལྟ་བ་དང་རིན་ཐང་གི་ལྟ་བ་ཁོ་ན་ལས་གཞན་གྱི་རིག་གནས་དང་ལྟ་བ་ལ་བརྩི་འཇོག་གི་བློ་ཁོག་མེད་ན་རིག་གནས་སྣ་ཚོགས་འགལ་འདུ་མཉམ་གནས་ཀྱི་སྤྱི་ཚོགས་ལ་བདེ་འཇགས་དང་འཆམ་མཐུན་ཡོང་མི་ཐུབ་པས་ན། ཕྱོགས་ལྷུང་མེད་པའི་སློབ་གསོ་དེ་དུས་རབས་སྔ་མ་གང་ལས་ཀྱང་གལ་ཆེ་བར་འདོད་དོ། །
1.2 བློ་དང་ལྡན་པ།
        དེ་ཡང《ལམ་རིམ》དུ“དེ་ཙམ་གྱིས་ཆོག་གམ་སྙམ་ན་གཟུ་བོར་གནས་ཀྱང་ལེགས་བཤད་ལམ་ཡང་དག་པ་དང་ཉེས་བཤད་ལམ་ལྟར་སྣང་གཉིས་རྣམ་པར་འབྱེད་པའི་བློའི་མཐུ་མེད་ན་སྣོད་དུ་མི་རུང་བས་དེ་གཉིས་གོ་བའི་བློ་དང་ལྡན་པ་དགོས་ཏེ”ཞེས་གསུངས། འདིར་གཙོ་བོར་བླ་མ་གང་ཞིག་གསུངས་དེ་གང་ནི་ལེགས་བཤད་ལམ་ཡང་དག་པ་དང་གང་ནི་ཉེས་བཤད་ལམ་ལྟར་སྣང་ཡིན་པ་གཉིས་རྣམ་པར་འབྱེད་པའི་བློའི་མཐུ་སྟེ་ལེགས་ཉེས་བླང་དོར་འབྱེད་པའི་ཤེས་རབ་དང་ལྡན་དགོས་པར་བསྟན་ཡོད།
        འདིར་ཤེས་རབ་དང་ལྡན་པ་ཞེས་པའི་དོན་དེ་ཅུང་ཟད་ཞིབ་ཏུ་བཤད་ན། རྗེ་ཁོང་གིས་དགེ་བའི་བཤེས་གཉེན་གྱི་ཐོབ་པའི་ཡོན་ཏན་དྲུག་གསུངས་པའི་སྐབས་སུ“སེམས་ལས་སུ་རུང་བའི་ཞི་གནས་ལ་བརྟེན་ནས་ཡང་དག་པའི་དོན་ལ་སོ་སོར་དཔྱད་པས་ཤེས་རབ་ཀྱི་བསླབ་པ་སྐྱེས་པའོ། །”ཞེས་རིག་པ་དེ་བྱིང་རྒོད་གཉིས་ཀྱི་དབང་དུ་མ་སོང་བར་ཞི་བར་གནས་པའམ་དམིགས་པ་ལ་རྩེ་གཅིག་ཏུ་གནས་ཐུབ་པར་མ་ཟད་སེམས་ལས་སུ་རུང་བ་སྟེ། གློག་སྒྲོན་བཞིན་ཆར་རླུང་སྨག་རུམ་དུ་གང་འདོད་ཀྱིས་འཁྱེར་ཡང་འོད་ལ་བྱིང་རྒོད་དེ་གཏི་མུག་དང་འདོད་ཆགས་ཀྱི་རླུང་གི་གནོད་པ་མེད་པར་བརྟན་པོར་གནས་ཐུབ་པར་མ་ཟད་ཕྱོགས་ཡོངས་ལ་གསལ་ཞིང་ཁེབས་ལ་ཕྱོགས་གཅིག་ལ་རྣོ་བའི་བློའི་མཐུ་ལ་ཤེས་རབ་དང་ལྡན་པ་ཞེས་གོ་རུང་བར་འདོད།
        འོ་ན་ཤེས་རབ་དང་ལྡན་པ་སྟེ་ཕྱོགས་ཡོངས་ལ་གསལ་ཞིང་ཁེབས་ལ་ཕྱོགས་གཅིག་ལ་རྣོ་བའི་བློའི་མཐུ་ཞེས་པ་དེ་དེང་དུས་ཀྱི་སྐད་ཀྱིས་གོ་སླ་བར་བཤད་ན། དེ་ནི་གཙོ་བོ་བསམ་གཞིག་བྱ་འགུལ་སྤེལ་སྟངས་ཀྱི་ཐབས་ཀྱི་ཆ་ལ་ངོས་འཛིན་དགོས་པར་འདོད་དེ། ང་ཚོས་ཕྱི་ནང་གི་འཇིག་རྟེན་ལ་ངོས་འཛིན་བྱེད་པའི་གོ་རིམ་ཁྲོད་གོ་དཀའ་བ་དང་འགྲོལ་དཀའ་བ། ཐག་གཅོད་དཀའ་བའི་གནད་དོན་དག་ལ་དབྱེ་ཞིབ་དང་རིགས་འདེད། རྟོག་དཔྱོད་བྱེད་དུས་ཕྱོགས་གཅིག་དང་ངོས་གཅིག ཡང་ན་རིམ་པ་གཅིག་དང་སྒྲོམ་གཞི་གཅིག་མ་ཡིན་པར་ཕྱོགས་ཡོངས་ནས་ཐབས་ལམ་སྣ་ཚོགས་ཀྱིས་བསམ་གཞིག་གཏོང་ཐུབ་པའི་རིག་པ་དེ་ལ་གོ་བར་འདོད། འདི་ནི་དེང་རབས་ཀྱི་བསླབ་ཚན་དག་སློབ་པའི་སློབ་མ་ལའང་ཉེ་བར་མཁོ་བའི་རིག་པའམ་བསམ་གཞིག་གཏོང་ཐབས་ཡིན་པ་ཀུན་གྱིས་མཁྱེན་གསལ་རེད། ལྷག་པར་དུ་རྗེ་ཁོང་གིས་བསྟན་པའི་དེ་ལྟ་བུའི་རིག་པ་དེའི་བྱེད་ལས་ནི“ལེགས་བཤད་ལམ་ཡང་དག་པ་དང་ཉེས་བཤད་ལམ་ལྟར་སྣང་གཉིས་རྣམ་པར་འབྱེད་པ”སྟེ་ལེགས་ཉེས་བླང་དོར་དང་བདེན་རྫུན་ཡིན་མིན་སོགས་ལ་བརྡར་ཤ་ཡང་དག་པར་གཅོད་པ་དེ་ཡིན་པས་ན། དྲ་རྒྱའི་དུས་རབས་ཏེ་ཆ་འཕྲིན་སྣ་ཚོགས་ཀློང་བརྡོལ་འབྱུང་བའི་དུས་སྐབས་སུ་འཚོ་བའི་མི་རྣམས་དང། སྒོས་སུ་གཞོན་སྐྱེས་སློབ་མ་ལ་མཚོན་ན་ལེགས་ཉེས་བདེན་རྫུན་གྱི་བླང་དོར་འབྱེད་པའི་བློ་གྲོས་དང་ལྡན་རྒྱུ་ནི། དུས་རབས་སྔ་མ་གང་ལས་ཀྱང་དགོས་གལ་ཆེ་བར་འདོད་དོ། །
1.3 དོན་དུ་གཉེར་བ།
        དོན་དུ་གཉེར་བ་ཞེས་པ་ནི་ལས་གང་ཞིག་ལ་འབད་པ་བྱེད་པའི་དོན་ཏེ། དེ་ལ་དབྱེ་ན་སྡིག་པའི་ལས་ལ་འབད་པ་དང་དགེ་པའི་ལས་ལ་བརྩོན་པ་གཉིས་ཡོད་པ་ལས་སྐབས་དོན་གྱི“དོན་དུ་གཉེར་བ་ཆེན་པོ་དང་ལྡན་པ་དགོས”ཞེས་པ་ནི་ངོ་བོ་དགེ་བ་ཅན་གྱི་ལས་ལ་བརྩོན་འགྲུས་ཆེན་པོ་དང་ལྡན་པ་སྟེ། སྐབས་འདིར་གཙོ་བོར་ཐར་བ་དང་ཐམས་ཅད་མཁྱེན་པའི་ས་འཐོབ་རྒྱུ་དེ་དམིགས་ཡུལ་དུ་བྱས་ནས་སྐྱེས་བུ་གསུམ་གྱི་ལམ་ལ་བགྲོད་པའི་གནས་ལུགས་ལ་ཐོས་བསམ་དང་ཉམས་ལེན་བྱེད་པའི་ལས་དེ་ལ་གོ་དགོས་ཤིང་། དེ་ལྟ་བུའི་ངོ་བོ་དགེ་བའི་རང་བཞིན་ཅན་གྱི་ལས་དེ་ལ་རྩོམ་དགོས་ན་ཐོག་མར་དེ་ལ་སེམས་མངོན་པར་སྤྲོ་བ་ཞིག་ཡིན་དགོས་པ་ནི་སྔོན་འགྲོའི་ཆ་རྐྱེན་ཡིན་ལ། ཆ་རྐྱེན་དེ་འཛོམས་པ་ཙམ་གྱིས་མི་ཆོག་པར་ལེ་ལོ་དང་རྣམ་གཡེང་སོགས་དོར་ནས་དོན་དུ་གཉེར་བ་དེ་བསྟན་ཡོད་པར་འདོད།
        ལྟ་བ་དེ་ནི་ཆོས་སློབ་པའི་སློབ་མ་ལ་དམིགས་ཏེ་གསུངས་པ་ཡིན་མོད་དེང་རབས་ཀྱི་སློབ་གསོ་དང་སྤྱི་ཚོགས་ལ་སྦྱར་ནས་བཤད་ནའང་ཤིན་ཏུ་འཕྲོད་པར་འདོད་དེ། དེང་དུས་ཀྱི་སློབ་མས་བསླབ་ཚན་གང་ཞིག་སྦྱང་བ་ལ་ཐོག་མར་དེ་ལ་སེམས་མངོན་པར་སྤྲོ་བ་སྟེ་སློབ་པ་ལ་སྤྲོ་བ་དང་ལྡན་དགོས་པ་ཞིག་ཡིན་དགོས་པས་ན་དགེ་རྒན་གྱི་སློབ་ཁྲིད་ནི་སྤྲོ་བ་བསྐྱེད་རྒྱུ་ནས་མགོ་འཛུགས་དགོས་ལ། སློབ་མ་ལ་སྤྲོ་བ་ཡོད་ཀྱང་དོན་དུ་མ་གཉེར་ན་འབྲས་བུ་མི་འབྱུང་བས་ལེ་ལོ་དང་རྣམ་གཡེང་སྤང་ནས་བརྩོན་པ་ཆུ་བོའི་རྒྱུན་བཞིན་བསྟེན་དགོས་པའི་དོན་ཡིན་ལ། གཞན་ཡང་ངོ་བོ་དགེ་བ་ཅན་གྱི་ལས་ལ་དོན་དུ་གཉེར་བ་ཆེན་པོ་དང་ལྡན་པ་དགོས་ཞེས་པ་འདིས་དུས་རབས་སྔོན་མ་གང་དུའང་ཡོད་མ་མྱོང་པའི་ཁྲ་ཁྲ་རིག་རིག་གི་འཇིག་རྟེན་ཏེེ། དུས་དང་རྣམ་པ་ཀུན་ཏུ་གདམ་ག་མང་པོའི་བསླུ་བྲིད་ཀྱིས་ཁེངས་པའི་སྤྱི་ཚོགས་འདི་དང་། རང་ཉིད་མདུན་དུ་མ་བགྲོད་ན་ལྟ་ཅི་གོམ་འགྲོས་དལ་ནའང་གཞན་གྱི་རྗེས་སུ་ལུས་འགྲོ་བའི་ཁྱོད་ཤི་ང་གསོན་གྱི་འགྲན་རྩོད་རྒོད་པའི་དུས་རབས་འདི་ལ་མཚོན་ན་སྔར་བས་ཀྱང་གོ་དོན་བླ་ལྷག་ཏུ་ཡོད་པར་འདོད།
2. སློབ་མར་ཚང་དགོས་པའི་དམིགས་བསལ་ཆ་རྐྱེན་གཉིས།
        རྗེ་ཁོང་གིས་གོང་གསལ་གྱི་སློབ་མ་ལ་ཚང་དགོས་པའི་རྩ་བའི་ཆ་རྐྱེན་གསུམ་ལས་གཞན་ད་དུང“འགྲེལ་བ་ལས། ཆོས་དང་ཆོས་སྨྲ་བ་ལ་གུས་པ་དང་ཡིད་གཏོད་པ་གཉིས་བསྣན་ནས་ལྔར་གསུངས་སོ། །”ཞེས་ལུང་དྲངས་ནས་སློབ་མ་ལ་ཆ་རྐྱེན་ལྔ་ཚང་དགོས་པར་བསྟན་ཡོད་དེ། འདིར་ཆོས་དང་ཆོས་སྨྲ་བ་ལ་གུས་པ་དང་ཡིད་གཏོད་པ་གཉིས་ནི་ཆོས་སློབ་པའི་སློབ་མ་ལ་ཚང་དགོས་པའི་དམིགས་བསལ་གྱི་ཆ་རྐྱེན་དུ་བཀར་ནས་གླེང་བར་བྱ་སྟེ། རྒྱུ་མཚན་ནི་སྔ་མ་གསུམ་ནི་ཕྱི་ནང་གི་རིག་གཞུང་ཤེས་བྱ་གང་ཞིག་དགེ་རྒན་བསྟེན་མ་བསྟེན་ཅི་རིགས་ཀྱིས་སློབ་པ་ལའང་ངེས་པར་ཚང་དགོས་པའི་རྩ་བའི་ཆ་རྐྱེན་དང་ཕྱི་མ་གཉིས་ནི་དགེ་རྒན་བསྟེན་ནས་སངས་རྒྱས་ཀྱི་ཆོས་སློབ་པའི་སློབ་མ་ལ་ཚང་དགོས་པའི་དམིགས་བསལ་གྱི་ཆ་རྐྱེན་ཡིན་པར་འདོད་པས་སོ། །
        འོ་ན་ཆོས་དང་ཆོས་སྨྲ་བ་ལ་གུས་པ་དང་ཡིད་གཏོད་པ་ཞེས་པའི་དོན་ནི་ཅི་ཡིན་ཞེ་ན་འདིའི་སྐབས་ཀྱི“ཆོས”ཞེས་པ་ནི་ལྷག་པ་ཚུལ་ཁྲིམས་ཀྱི་བསླབ་པ་དང་ལྷག་པ་ཏིང་ངེ་འཛིན་གྱི་བསླབ་པ། ལྷག་པ་ཤེས་རབ་ཀྱི་བསླབ་པ་གསུམ་བརྗོད་བྱར་བྱས་པའི་གཞུང་སྡེ་སྣོད་གསུམ་སྟེ། སངས་རྒྱས་ཀྱི་བཀའ་ཐམས་ཅད་གཅིག་ཏུ་བསྡུས་པའི་གསུང་རབ་ཡན་ལག་བཅུ་གཉིས་ལ་གོ་དགོས་ཤིང། ཆོས་སྨྲ་བ་ཞེས་པ་ནི་གོང་གསལ་གྱི་ཆོས་དེ་དག་འཆད་པའི་དགེ་རྒན་ལ་གོ་དགོས།
        འོ་ན་ཅིའི་ཕྱིར་ཆོས་དང་ཆོས་སྨྲ་བ་ལ་གུས་པ་ཆེན་པོ་བྱ་དགོས་ཤེ་ན། རྗེ་ཁོང་གིས་ཆོས་ཐོས་པའི་ཕན་ཡོན་གསུངས་དུས“ཐོས་པའི་ཚོམས་ལས། ཐོས་པས་ཆོས་རྣམས་ཤེས་པར་འགྱུར། ། ཐོས་པས་སྡིག་ལས་ལྡོག་པར་བྱེད། ། ཐོས་པས་དོན་མ་ཡིན་པ་སྤོང་། ། ཐོས་པས་མྱ་ངན་འདས་པ་འཐོབ། །”ཅེས་ལུང་དྲངས་ནས་ཆོས་ལ་ཐོས་པ་བྱས་ན་གཞུང་སྡེ་སྣོད་གསུམ་གཙོས་པའི་ཤེས་བྱའི་ཆོས་ཐམས་ཅད་རྟོགས་པར་འགྱུར་ལ་སྡིག་པའི་ལས་སྟེ་གཞན་ལ་གནོད་པར་བྱེད་པའི་མི་དགེ་བའི་ལས་ལས་ལྡོག་པར་བྱེད་པ་དང་། དོན་མ་ཡིན་པར་རྩོལ་བ་བྱེད་པ་སོགས་སྤངས་ནས་རང་ལ་ཕན་པའམ་ཉེ་བར་མཁོ་བའི་ལས་འབའ་ཞིག་ལ་འབད་པར་འགྱུར་བར་མ་ཟད། དེ་ལྟར་བྱས་པའི་འབྲས་བུ་ལ་མྱ་ངན་ལས་འདས་པ་སྟེ་སངས་རྒྱས་ཀྱི་གོ་འཕང་འཐོབ་པར་འགྱུར་བར་བསྟན་ཡོད། ཆོས་ལ་དེ་ལྟ་བུའི་ཕན་ཡོན་ཡོད་པས་ན་དེ་ལ་བསམ་པའི་སྒོ་ནས་དགའ་བ་དང་སྦྱོར་བའི་སྒོ་ནས་བཀུར་དགོས་ལ། ཆོས་དེ་སྟོན་མཁན་གྱི་དགེ་རྒན་ལའང“སངས་རྒྱས་དང་འདྲ་བར་བལྟས་ནས་སེངྒེའི་ཁྲི་ལ་སོགས་པའི་བཀུར་སྟི་དང་རྙེད་པའི་མཆོད”དགོས་པར་མ་ཟད། དགེ་རྒན་གྱིས་ཆོས་གསུངས་པའི་སྐབས་སུ་ཡིད་ལེགས་པར་གཏོད་པ་དེ་བློ་རྩེ་གཅིག་སྒྲིམ་སྒོས་ཉན་དགོས་པའོ། །
        གོང་གསལ་གྱི་ཆོས་སློབ་པའི་ཕན་ཡོན་བཞི་བ་ལས་ཀྱང་ཤེས་གསལ་ལྟར་རྗེ་ཁོང་གིས་བསྟན་པའི་སློབ་མས་ཆོས་སློབ་པའི་མཐར་ཐུག་གི་དམིགས་ཡུལ་ནི་སངས་རྒྱས་ཀྱི་གོ་འཕང་འཐོབ་རྒྱུ་དེ་ཡིན་པས་ན། དམིགས་ཡུལ་དེ་ནི“ཕུགས་བསམ་ལྡན་པ་དང་ཀུན་སྤྱོད་ལེགས་པ། རིག་གནས་ཡོད་པ་སོགས་ཕྱོགས་གང་ཅིའི་ཐད་ནས་འཚར་ལོངས་བྱུང་བའི་སྤྱི་ཚོགས་རིང་ལུགས་བྱ་གཞག་གི་འཛུགས་སྐྲུན་པ་དང་རྒྱུན་འཛིན་པ་སྐྱེད་སྲིང་བྱ་རྒྱུ”དང་བར་ཁྱད་ཆེ་ནའང་དེས་དེང་རབས་ཀྱི་སློབ་གསོ་དང་སྤྱི་ཚོགས་ལ་བློ་བསྐྱེད་མེད་པ་མ་ཡིན་ཏེ། ཆོས་དང་ཆོས་སྨྲ་བ་ལ་གུས་པ་ཞེས་པ་ནི་དེང་རབས་སློབ་གསོ་དང་མཐུན་པར་སྦྱར་ན་ཤེས་བྱ་ལ་བརྩི་བཀུར་དང་དགེ་རྒན་ལ་བརྩི་བཀུར་ཞེས་པའི་དོན་དང་མཚུངས་པས་ན་དངུལ་ལ་སྐྱབས་རེ་ཞིང་ཡོན་ཏན་ལ་རྡོག་བརྫིས་གཏོང་བ་དང་དགེ་རྒན་བརྩི་མཐོང་མེད་ལ་ཐ་ན་སློབ་མས་དགེ་རྒན་ལ་སྐོར་རྡུང་བྱེད་པའི་སྣང་ཚུལ་ཡང་འབྱུང་བའི་དུས་རབས་འདི་ལ་བློ་བསྐྱེད་ཆེན་པོ་ཡོད་པར་འདོད་ཅིང་། ལྷག་པར་དུ་བསླབ་བྱའི་གཞུང་སྡེ་སྣོད་གསུམ་གྱིས་གཙོས་པའི་ཆོས་དང་སྒོས་སུ་སྐྱེས་བུ་གསུམ་གྱི་ལམ་ལ་བགྲོད་པའི་གནས་ལུགས་ལ་ཐོས་བསམ་དང་ཉམས་ལེན་བྱེད་པ་ཞེས་པ་ནི། ཕྱོགས་ངེས་ཅན་ཞིག་ནས་དེ་ནི་མི་གཤིས་དང་ཀུན་སྤྱོད་ལེགས་བཅོས་ཀྱི་སློབ་གསོ་ཞིག་ལ་གོ་ཆོག་པས། དེ་ནི་ཏག་ཏག་དེང་རབས་སློབ་གསོ་དང་དེང་རབས་སྤྱི་ཚོགས་ལ་ཆེས་དགོས་གལ་ཆེ་ཞིང་ཤུགས་སྣོན་ས་ཡིན་པར་མ་ཟད། སློབ་གསོ་དེའི་བྱེད་ནུས་ནི་རང་ལ་ཕན་ཞིང་གཞན་ལ་མི་འཚེ་བ་ཡིན་པས་ན། དེས་སྤྱི་ཚོགས་ཡར་རྒྱས་དང་སྒོས་སུ་བསམ་པའི་དཔལ་ཡོན་གྱི་འཛུགས་སྐྲུན་ཐད་ལ་གནའ་བཟང་དེང་སྤྱོད་ཀྱི་རིན་ཐང་གལ་ཆེན་ཡོད་པར་འདོད་དོ། །
3. སློབ་མའི་སློབ་ཁྲིད་སྐབས་ཀྱི་བསྲུང་བྱ།
        དེ་ཡང《ལམ་རིམ》དུ་ཆོས་ལ་ཉན་པའི་ཚུལ་དངོས་གསུངས་པའི་སྐབས་སུ“སྣོད་ཁ་སྦུབ་པ་དང་། ཁ་གྱེན་དུ་བཟེད་ཀྱང་ནང་མི་གཙང་བ་དང་། གཙང་དུ་ཟིན་ཀྱང་ཞབས་བརྡོལ་ན་དེར་ལྷས་ཆར་ཕབ་ཀྱང་ནང་དུ་མི་འགྲོ་བ་དང་། སོང་ཡང་མི་གཙང་བས་སྦགས་པས་བཏུང་བ་ལ་སོགས་པའི་དགོས་པ་མི་འགྲུབ་པ་དང་། མི་གཙང་བས་མ་བསླད་ཀྱང་ནང་དུ་མི་གནས་པར་ཟགས་ནས་འགྲོའོ། །”ཞེས་ཆོས་སློབ་པ་ནི་སྣོད་དུ་ཆུ་གསོག་པ་ལ་དཔེ་བཞག་ནས་ཉན་པའི་ཚེ་སྣོད་ཀྱི་སྐྱོན་གསུམ་སྤང་དགོས་པར་བསྟན་ཡོད་དེ། དེ་དག་ལས་སྣོད་ཁ་སྦུབ་པ་ཞེས་པས་ནི“ཆོས་འཆད་པའི་གྲྭར་བསྡད་དུ་ཟིན་ཀྱང་རྣ་ལེགས་པར་མི་གཏོད་པ”སྟེ་སློབ་ཁྲིད་སྐབས་སུ་བྱིང་རྒོད་གཉིས་ཏེ་གཏི་མུག་དང་རྣམ་གཡེང་གི་དབང་དུ་ཁྱེར་ནས་སྒྲ་ཙམ་ཉན་དུ་ཡོད་ཀྱང་དོན་ཅི་ཡང་མི་འཛིན་པའི་ཚུལ་དེ་སྟོན་གྱིན་ཡོད་པ་དང་། སྣོད་མི་གཙང་བ་ཞེས་པས་ནི་རྣ་བ“གཏད་དུ་ཟིན་ཀྱང་ལོག་པར་བཟུང་བའམ་ཀུན་སྤྱོད་སྐྱོན་ཆགས་པ་ལ་སོགས་པ”སྟེ་ཀུན་སློང་ཡང་དག་མིན་པར་སློབ་པའི་ཚུལ་དེ་སྟོན་གྱིན་ཡོད་པ་དང་། སྣོད་ཞབས་བརྡོལ་བ་ཞེས་པས་ནི“སྐྱོན་དེ་དག་མེད་ཀྱང་ཉན་པའི་དུས་སུ་བཟུང་བའི་ཚིག་དོན་རྣམས་བརྟན་པར་མ་བྱས་པར་བརྗེད་པ་ལ་སོགས་པས་ཉམས་པར་གྱུར”པའི་ཚུལ་དེ་སྟོན་གྱིན་ཡོད་པའོ། །
        སློབ་མས་སློབ་ཁྲིད་ལ་ཉན་པའི་ཚེ་སྐྱོན་དེ་དག་སྤང་ནས་རྣ་བ་ལེགས་པར་གཏད་ནས་ཉན་པ་དང་ཉན་པའི་དོན་དེ་ཟིན་བྲིས་སུ་འདེབས་པ་དང་བསྐྱར་སྦྱངས་སོགས་བྱས་ནས་བློ་ལ་བརྟན་འཇགས་སུ་གཏོང་བ་ནི་སློབ་གསོ་སྤྱི་ལ་འཕྲོད་པའི་སྤྱིར་བཏང་གི་གནས་ལུགས་ཤིག་ཡིན་པས་ན་འདིར་རྒྱས་སྤྲོས་ཀྱི་དགོས་པ་མེད་མོད། སྐབས་འདིར་བསྟན་པའི་ཡང་དག་པའི་ཀུན་སློང་གིས་སློབ་པ་ཞེས་པ་ལ་གོ་དོན་ཐུན་མོང་མ་ཡིན་པ་ཡོད་པར་འདོད་དེ། དེ་བས་ཚིག་འདིའི་གནད་འབབ་ས་ནི་ཆོས་སློབ་པ་ནི་རང་གི་དོན་དུ་མ་ཡིན་པར་མར་གྱུར་སེམས་ཅན་ཐམས་ཅད་སྡུག་བསྔལ་ལས་སྐྱོབ་པ་སྟེ་གཞན་ལ་བདེ་བ་སྐྲུན་པའི་ཆེད་དུ་ཡིན་དགོས་པ་དེ་རེད།
        ལྟ་བ་འདི་ནི་སྐྱེ་བ་སྔ་ཕྱི་ཡོད་ལ་འགྲོ་བ་རིགས་དྲུག་སངས་རྒྱས་རྒྱུ་ཡོད་པར་འདོད་པའི་གཞུང་ལུགས་ཀྱི་རྨང་གཞིའི་ཐོག་གྲུབ་པ་ཞིག་ཡིན་མོད། དེང་རབས་སློབ་གསོ་ལའང་བློ་བསྐྱེད་མེད་པ་ཞིག་མ་ཡིན་ཏེ། ང་ཚོས་རིག་གནས་ཡོན་ཏན་སློབ་པའི་དམིགས་ཡུལ་ཡང་འགྲན་རྩོད་ཀྱིས་རྒྱུགས་སྤྲོད་པ་དང་ལས་ཞུགས་བྱེད་པ། ཡང་ན་ཡོང་འབབ་སྔར་བས་ཀྱང་ཇེ་མང་དུ་འགྲོ་བ་དང་གོ་གནས་འཕར་བ། སྙན་གྲགས་རྒྱས་པ་དང་གཞན་གྱི་བསྙེན་བཀུར་འཐོབ་པ་ཙམ་གྱི་ཆེད་དུ་མ་ཡིན་པར། རང་གིས་བསླབ་པའི་ཡོན་ཏན་འདིས་མི་གཞན་དང་སྤྱི་ཚོགས་ཧྲིལ་བོ། ཐ་ན་རྒྱལ་ཁབ་དང་མིའི་རིགས་ཀྱི་འཕེལ་རྒྱས་དང་བདེ་སྐྱིད་ལ་ཕན་དགོས་པར་འདོད་པའི་ཀུན་སློང་སྟེ། མཐོ་བའི་ཕུགས་བསམ་འདི་ལྟ་བུ་བཅངས་ནས་གང་ཞིག་སློབ་ན་བསླབ་པའི་ཕན་ནུས་དེ་བས་ཆེ་ལ་སློབ་མཁན་གྱི་རིན་ཐང་ཡང་དེ་བས་ཆེ་རུ་ཆགས་པར་འདོད་དོ། །
4. སྤྱི་སྡོམ།
        དེ་ཡང་རྗེ་ཙོང་ཁ་པ་ཆེན་པོས་སློབ་མ་ལ་གཟུ་བོར་གནས་པ། བློ་དང་ལྡན་པ། དོན་དུ་གཉེར་བ་བཅས་ཀྱི་རྩ་བའི་ཆ་རྐྱེན་གསུམ་དང་ལྡན་དགོས་པར་བསྟན་ཡོད་དེ། དེ་དག་ལས་གཟུ་བོར་གནས་པ་ནི་གཙོ་བོ་རྗེ་ཁོང་ཉིད་འཚོ་བཞུགས་སྐབས་ཀྱི་བོད་ཀྱི་སྤྱི་ཚོགས་གནས་བབ་དངོས་ལ་དམིགས་ནས་ཆོས་སློབ་པ་ལ་གྲུབ་མཐའི་ཕྱོགས་ལྷུང་ཡོད་མི་རུང་བ་དེ་བསྟན་པ་ཡིན་མོད། རིག་གནས་སྣ་མང་སློབ་དགོས་པའི་དེང་གི་དུས་འདིར་གང་ཞིག་སློབ་པར་བློ་གཟུ་བོར་གནས་རྒྱུ་དེ་ཤིན་ཏུ་གལ་ཆེ་ལ། ལྷག་པར་དུ་དཔལ་འབྱོར་དང་རིག་གནས་འཛམ་གླིང་ཅན་དུ་འགྱུར་བཞིན་པའི་དུས་རབས་འདིར་རིག་གནས་གཞན་པའི་རིན་ཐང་ལྟ་བ་ལ་བརྩི་འཇོག་གི་བློ་ཁོག་དགོས་ལ། དེ་མེད་ན་རིག་གནས་སྣ་ཚོགས་འགལ་འདུ་མཉམ་གནས་ཀྱི་སྤྱི་ཚོགས་ལ་བདེ་འཇགས་དང་འཆམ་མཐུན་ཡོང་མི་ཐུབ་པས་ན་ཕྱོགས་ལྷུང་མེད་པའི་སློབ་གསོ་དེ་བས་ཀྱང་དགོས་གལ་ཆེ་བར་མ་ཟད། བློ་དང་ལྡན་པ་སྟེ་ཕྱོགས་ཡོངས་ནས་ཐབས་ལམ་སྣ་ཚོགས་ཀྱིས་གནད་དོན་ལ་བསམ་གཞིག་གཏོང་བ་ནི་སློབ་མ་ལ་ཉེ་བར་མཁོ་བའི་རིག་པ་ཡིན་ལ། ལྷག་པར་དུ་དེའི་བྱེད་ལས་ལེགས་ཉེས་བླང་དོར་དང་བདེན་རྫུན་ཡིན་མིན་སོགས་ལ་བརྡར་ཤ་ཡང་དག་གཅོད་པའི་བློ་གྲོས་དང་ལྡན་རྒྱུ་ནི། དྲ་རྒྱའི་དུས་རབས་སུ་འཚོ་བའི་སློབ་མ་ལ་མཚོན་ན་ལྷག་ཏུ་དགོས་གལ་ཆེའོ། །
        དེ་མིན་ཆོས་དང་ཆོས་སྨྲ་བ་ལ་གུས་པ་དང་ཡིད་གཏོད་པ་ཞེས་པའི་སློབ་མར་ཚང་དགོས་པའི་དམིགས་བསལ་ཆ་རྐྱེན་གཉིས་པོ་ནི། ཆོས་སློབ་པའི་སློབ་མ་ལ་བཏོན་པའི་དམིགས་བསལ་གྱི་ཆ་རྐྱེན་ཡིན་མོད། གོ་དོན་འདི་དེང་རབས་སློབ་གསོ་དང་མཐུན་པར་སྦྱར་ན་ཤེས་བྱ་ལ་བརྩི་བཀུར་དང་དགེ་རྒན་ལ་བརྩི་བཀུར་ཞེས་པའི་དོན་ཡིན་པས་ན། ཡོན་ཏན་ལ་རྡོག་བརྫིས་གཏོང་བ་དང་དགེ་རྒན་བརྩི་མཐོང་མེད་པའི་དུས་རབས་འདི་ལ་བློ་བསྐྱེད་ཆེན་པོ་ཡོད་ལ། ལྷག་པར་དུ་གཞུང་སྡེ་སྣོད་གསུམ་གྱིས་གཙོས་པའི་ཆོས་དང་སྒོས་སུ་སྐྱེས་བུ་གསུམ་གྱི་ལམ་ལ་བགྲོད་པའི་གནས་ལུགས་ནི་ཕྱོགས་ངེས་ཅན་ཞིག་ནས་དེ་ནི་མི་གཤིས་དང་ཀུན་སྤྱོད་ལེགས་བཅོས་ཀྱི་སློབ་གསོ་ཞིག་ལ་གོ་ཆོག་པས་ན། དེ་ནི་ཏག་ཏག་དེང་རབས་སྤྱི་ཚོགས་ལ་ཆེས་དགོས་གལ་ཆེ་ཞིང་དེང་རབས་སློབ་གསོའི་ཁྲོད་ཤུགས་སྣོན་རྒྱག་དགོས་ས་ཡིན་པར་མ་ཟད། སློབ་གསོ་དེས་སྤྱི་ཚོགས་ཡར་རྒྱས་དང་སྒོས་སུ་བསམ་པའི་དཔལ་ཡོན་གྱི་འཛུགས་སྐྲུན་ཐད་ལ་ཕན་ནུས་རྒྱ་ཆེན་པོ་ཐོན་པར་འདོད།
        གཞན་ཡང་ཆོས་སློབ་པ་སྣོད་དུ་ཆུ་གསོག་པ་ལ་དཔེ་བཞག་ནས་སྣོད་ཁ་སྦུབ་པ་དང་སྣོད་མི་གཙང་བ། སྣོད་ཞབས་བརྡོལ་བ་ལྟ་བུའི་སྐྱོན་དག་སྤང་དགོས་པ་སྟེ། མདོ་ལས། ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུངས་ཤིག་ཅེས་གསུངས་སོ། ། སློབ་ཁྲིད་སྐབས་སུ་རྣ་བ་ལེགས་པར་གཏོད་པ་དང་བསླབ་པའི་དོན་དེ་བློ་ལ་བརྟན་འཇགས་སུ་གཏོང་བ་དགོས་པ་བསྟན་ཡོད་པ་མ་ཟད། ཡང་དག་པའི་ཀུན་སློང་སྟེ་སློབ་པའི་དམིགས་ཡུལ་ནི་རང་གི་དོན་དུ་མ་ཡིན་པར་གཞན་ལ་བདེ་བ་སྐྲུན་པའི་ཆེད་དུ་ཡིན་དགོས་པར་བསྟན་ཡོད་པ་འདི་ལ་སློབ་གསོ་ཡི་ནུས་པ་གལ་ཆེན་ཡོད་པར་འདོད།
མདོར་ན་རྗེ་ཙོང་ཁ་པ་ཆེན་པོས་གསུངས་པའི་སློབ་མ་ལ་ཚང་དགོས་པའི་ཆ་རྐྱེན་སོགས་ཀྱི་བསྟན་དོན་དག་ལ་ད་ལྟའི་དུས་སུའང་བློ་བསྐྱེད་ཀྱི་ནུས་པ་དང་སློབ་གསོ་ཡི་ནུས་པ། ཐ་ན་གནའ་བཟང་དེང་སྤྱོད་ཀྱི་རིན་ཐང་ཆེས་ཆེར་ཡོད་པར་འདོད་དོ། །
དཔྱད་གཞིའི་ཡིག་ཆ།
[1]རྗེ་ཙོང་ཁ་པ། ལམ་རིམ་ཆེན་མོ།[M]སེར་གཙུག་ནང་བསྟན་དཔེ་རྙིང་འཚོལ་བསྡུ་ཕྱོགས་སྒྲིག་ཁང་། གངས་ཅན་ཁྱད་ནོར་དཔེ་ཚོགས་པོད་ཕྲེང་དགུ་བཅུ་གོ་གཉིས་པ།
[2]ལྷ་རྗེ་བསོད་ནམས་རིན་ཆེན། དམ་ཆོས་ཡིད་བཞིན་ནོར་བུ་ཐར་པ་རིན་པོ་ཆེའི་རྒྱན།[M]སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། 2007
[3]སྐྱབས་རྗེ་ཕ་བོང་ཁ་བདེ་ཆེན་སྙིང་པོ། ལམ་རིམ་རྣམ་གྲོལ་ལག་བཅངས།[M]སེ་ར་ཐེག་ཆེན་གླིང་། 2007
[4]ཀོང་སྤྲུལ་ཡོན་ཏན་རྒྱ་མཚོ། ཤེས་བྱ་ཀུན་ཁྱབ།[M]མི་རིགས་དཔེ་སྐྲུན་ཁང་། 1982
[5]དུང་དཀར་བློ་བཟང་འཕྲིན་ལས། དུང་དཀར་ཚིག་མཛོད་ཆེན་མོ།[M]ཀྲུང་གོ་བོད་རིག་པ་དཔེ་སྐྲུན་ཁང་། 2009


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1