བུ་མོ་གངས་དཀར་ལྷ་མོ།

རྩོམ་སྒྲིག་པ། སྒྲོལ་མ་ཚེ་བརྟན།ཡོང་ཁུངས།དམངས་ཁྲོད། སྤེལ་དུས། 06-18




སྔར་ཡུལ་བཀྲ་ཤིས་གླིང་ཞེས་པ་ཕྱི་ཡི་བརྐོད་པ་མཛེས་ལ་ནང་གི་མི་རྣམས་ལས་ལ་བརྩོན་ཞིང་མཐུན་སྒྲིལ་ཆེ་བ།  ཕྱུགས་ཟོག་མང་ཞིང་ཐོན་ཁུངས་འཛོམས་པ་ཞིག་ཡོད་པ་དང་ཡུལ་ངེའི་རྒྱལ་པོ་སྟོབས་ལྔན་སེང་གེ་དང་བཙུན་མོ་ཟླ་བ་སྒྲོན་མ་གཉིས་ལ་བུ་གསུམ་དང་བུ་མོ་གཅིག་ཡོད།
   བུ་གསུམ་པོར་ཡུལ་གཞན་ནས་བུ་མོ་གངས་དཀར་ལྷ་མོ་ཞེས་བྱ་བ་གཟུགས་བྱད་བཟང་ཞིང་དཀའ་བ་མྱངས་ཕོད་པ།  སེམས་པ་བཟང་ཞིང་དགེ་བའི་ལས་ལ་དགའ་བ།  བློ་རིག་བཀྲ་ཞིང་ཐབས་ཤེས་ཕྱུག་པ་ཞིག་མནའ་མར་བླངས་པས་བུ་གསུམ་ཀའི་བློ་ལ་བབས་ནས་རྣམ་ཀུན་བྱ་བ་གལ་ཆེན་རྣམས་ཁོ་མོར་དྲིས་ནས་བསྒྲུབ་ཀྱིཡོད་པ་དང་ཡབ་ཡུམ་གཉིས་ཚེ་ལས་འདས་རྗེས་བུ་གསུམ་ཀས་གངས་ངཀར་ལྷ་མོར་དེ་བས་བརྩེ་མཐོང་ཟབ་མོ་བྱེད།
   སྐབས་དེར་རྒྱལ་པོའི་བུ་མོའི་སེམས་ནང་གངས་དཀར་ལྷ་མོ་སླེབས་པ་ནས་བཟུང་གཅེན་པོ་གསུམ་གྱིས་རང་ཉིད་ལ་ལྟ་རྟོག་དང་བརྩེ་མཐོང་ཉིན་རེ་ལས་ཉིན་རེ་སྡུག་པས་ཐབས་ཤེས་ཞིག་བཙལ་ནས་གངས་དཀར་མེད་པ་མ་བཟོས་ན་རང་ཉིད་རྗེས་མ་གཡོག་མོར་གྱུར་བའི་ཉེན་ཁ་འདུག་བསམས་ཏེ་མཚན་མོ་ཞིག་ལ་གངས་དགར་ལྷ་མོའི་མགོ་ལ་སྟ་རེ་གཞུས་ཏེ་ཤི་མ་གསོན་ཞིག་བཟོས།རྒྱལ་པོའི་བུ་ཆེ་བས་གངས་དཀར་ལྷ་མོའི་སར་ཡོང་ནས་བརྩེ་བའི་གངས་དཀར་ལྷ་མོ་ལགས། ཕྱི་ལ་རྨ་ཁ་ཅི་འདྲ་རེད། ནང་ལ་གཟེར་ཟུག་ཅི་འདྲ་གངའ།  ལྷ་རྗེ་གདན་ན་ཨེ་ཕན།  བླ་མ་གདན་ན་ཨེ་ཕན། རིམ་འགྲོ་བསྒྲུབ་ནས་ཨེ་ཕན།  ཞེས་དྲིས་པར་གངས་དཀར་ལྷ་མོས་ཕྱི་ལ་རྨ་ཁ་ཆུང་ཆུང་དེ། ནང་ལ་གཟེར་ཟུག་ཆེན་པོའདུག  ལྷ་རྗེགདན་ན་མི་ཕན།  རིམ་འགྲོ་བསྒྲུབ་ན་མི་ཕན། བླ་མ་གདན་ན་མི་ཕན། རི་འབྲི་མགོ་འདྲ་བའི་ཕར་ཕྱོགས་ལ། འབྲི་མ་བརྒྱ་བུ་བརྒྱ་འཛོམས་ནས། ཕྱེད་ཀ་རྒྱལ་པོ་ཚང་གི་ཡིན།  ཕྱེད་ཀ་དབུལ་པོར་བགོ་རོགས་གྱིས་ཞེས་ལབ།
   དེ་ནས་བུ་འབྲིང་བས་གངས་དཀར་ལྷ་མོའི་སར་ཡོང་ནས། བརྩེ་བའི་གངས་དཀར་ལྷ་མོ་ལགས། ན་ལུགས་ཚ་ལུགས་ཅི་འདྲ་གདའ།  སྨན་བཅོས་བྱས་ན་ཨེ་དགའ།  རིམ་འགྲོ་བསྒྲུབ་ན་ཨེ་དགའ།  གང་དགོས་དྲང་པོར་གསུང་རོགས་གནང་། ཞེས་བརྗོད་པར་གངས་དཀར་ལྟ་མོས། ཕྱི་ཡི་རྨ་ཁ་ཆུང་ཆུང་དེ། ནང་ལ་གཟེར་ཟུག་ཆེན་པོ་རེད། སྨན་བཅོས་བྱེད་དགོསམི་འདུག རིམ་འགྲོ་བསྒྲུབ་དགོས་མི་འདུག རི་རྟ་མགོ་འདྲ་བའི་ཕར་ཕྱོགས་ལ།  རྟ་མ་བརྒྱ་བུ་བརྒྱ་འཛོམས་ནས་ཡོད།  ཕྱེད་ཀ་རྒྱལ་པོ་ཚང་གི་ཡིན། ཕྱེད་ཀ་དབུལ་པོར་བགོ་རོགས་གྱིས་ཞེས་ལབ།  ཡང་བུ་ཆུང་བ་ཡོང་ནས་དྲིན་ཅན་གངས་དཀར་ལྷ་མོ་ལགས། ཕྱི་ཡི་རྨ་ཁ་ཅི་འདྲ་གདའ། ནང་གི་གཟེར་ཟུག་ཅི་འདྲ་འདུག དཀོན་མཆོག་མཆོད་ན་ཨེ་ཕན། ལྷ་རྗེ་གདན་ན་ཨེ་ཕན། མ་གསང་དྲང་པོར་གསུང་དང་། ཕན་པའི་སྨན་ཞིག་ཡོད་ན། ལ་མོ་བརྒྱབ་པར་བདག་མི་སྐྲག ཆུ་མོ་བརྒལ་བར་བདག་མི་འཇིགས། རང་སྲོག་ཤོར་ཡང་འགྱོད་པ་མེད། གལ་ཏེ་ཁྱེད་ཉིད་མེད་འགྱུར་ན། ང་ཡང་ས་སྟེང་བསྡད་བསམ་མེད། ཅེས་ལབ་ནས་ངུས་པ་ན་གངས་དཀར་ལྷ་མོའང་སེམས་ཤིན་ཏུ་སྐྱོ་བའི་མཆི་མ་ལྷུང་ལྷུང་དུ་བབས་བཞིན། བརྩེ་བའི་བུ་ཆུང་ཚུར་ལ་གསོན།  བདག་གི་ནད་ལ་སྐྱོན་མི་འདུག  དཀོན་མཆོག་གསོལ་དགོས་མི་འདུག  ལྷ་རྗེ་གདན་དགོས་མི་འདུག  ཁྱེད་རང་སྐྱོ་བ་མ་གནང་།  རི་ལུགམགོ་འདྲ་བའི་ཕར་ཕྱོགས་ལ།  ལུག་མ་བརྒྱ་བུ་བརྒྱ་འཛོམས་ནས་ཡོད།ཕྱེང་ཀ་རྒྱལ་པོ་ཚང་གི་ཡིན།  ཕྱེད་ཀ་དབུལ་པོར་བགོ་རོགས་གྱིས། ཞེས་ལབ།
   སྐབས་དེར་སེམས་གནག་ཅིང་ཕྲག་དོག་ཆེ་བ་དང་།  རྒྱུ་ནོར་ཡོད་ན་ངང་སྲོག་ཤོར་ཡང་འགྱོད་པ་མེད་ཟེར་མཁན་གྱི་རྒྱལ་པོ་ཚང་གི་བུ་མོའི་སེམས་པར་གངས་དཀར་གྱི་མགོ་ལ་སྟ་རེ་རྒྱག་མཁན་ང་ཡིན་པ་ཤེས་མེད་སྟབས་བལྟ་བར་འགྲོ་ཁུལ་མ་བྱས་ན་བཀལ་བ་བཅད་མ་ཡོང་སྙམ་སྟེ་གངས་དཀར་ལྷ་མོའི་སར་བསྐྱོད་ནས་བརྩེ་བའི་གཅེན་མོ་གངས་དཀར་ལགས།  ན་ཚ་གཟེར་ཟུག་ཅེ་འདྲ་གདའ་ཞེས་དྲིས་པའི་ལན་དུ། ཕྱི་ལ་རྨ་ཁ་ཆུང་ཆུང་རེད།  ནང་ལ་གཟེར་ཟུག་ཆུང་ཆུང་རེད།  ཐང་མི་འདྲ་མི་གཅིག་ཐང་སྟེང་ལ།  མཚོ་མི་འདྲ་མི་གཅིག་མཚོ་གསུམ་ཡོང།  གསུམ་ཀ་ཁྱེད་ཀྱི་བཀལ་བ་ཡིན། ཞེས་ལབ་མ་ཚར་ཐག་གྲོངས། བུ་མོའི་སེམས་ནང་མཚོ་ཡིན་ན་གཡུ་དང་བྱུ་རུ་ཡིན་ངེས་རེད་སྙམ་སྟེ་དགའ་སྤྲོ་ཆེན་པོས་རྒྱུགས་ཤར་གློད་དེ་འགྲོ་དུས་ཁྲག་རྣག་ཆུ་སེར་གྱིས་ཁེངས་པའི་མཚོ་གསུམ་ཡོད་པས་མོ་ཡིད་ཐང་ཆད་དེ་ཁོང་ཁྲོ་དང་ང་རྒྱལ་ངང་ནས་ལོག
   དེ་དུས་རྒྱལ་པོའི་ཕོ་བྲང་ནང་ཁ་ཤས་ཀྱིས་གངས་དཀར་ལྷ་མོའི་ཕུང་པོ་མེ་ལ་བསྲེག་དགོས་ཟེར།  ལ་ལས་ཆུའི་ནང་དབྱུག་དགོས་ཟེར།  མཐར་བུ་ཆུང་བས་མེ་ལ་བསྲེག་རྒྱུ་མེད།  ཆུ་ལ་དབྱུག་རྒྱུ་མེད།  དེ་ལས་ཁང་སྟོད་མཚོའི་ནང་ལ་སྐྱེལ་དགོས་ཟེར་ནས་རང་ཉིད་གྱིས་ཕུང་པོ་ཁུར་ནས་མཚོའི་ནང་མཆོངས་པས་བྱ་ངང་པ་ཕོ་མོ་གའིས་ཀྱི་ལུས་སུ་སྐྱེ་བ་བླངས།  ཚུལ་དེ་བུ་མོས་ཤེས་ཏེ་ཁ་ནས་ཨ་ན་ཨ་ཚ་ཡི་སྐད་ཅོར་རྒྱག་པས་ཅི་རེད་ཅེས་དྲིས་དུས། ང་ལ་ནད་སྡུག་པོ་ཞིག་ཕོག་འདུག གལ་ཏེ་བྱ་ངང་པའི་ཤ་བྱུང་བ་ཡིན་ན་ཕན་པནའདུག ཅེས་ལབ་པར་བྱ་ངང་པ་གང་འདྲ་བྱས་ཏེ་བཟུང་ཞེས་དྲིས་དུས་བྱ་ངང་པ་ཆང་ལ་དགའ་བས་ཁང་སྟེང་དུ་ཆང་གི་སྦང་མ་གཏོར་ནས་དེ་ཟ་བར་ཡོང་དུས་བཟུང་། ཞེས་ལབ་པར་གཡོག་པོ་ཚོས་དེ་ལྟར་བྱས་ནས་བྱ་ངང་ཕོ་བཟུང་། བུ་མོས་བྱ་ངང་ཕོ་རྒྱུན་བུས་ཀ་བར་བཏགས་ཏེ་ཟས་དང་ཆུ་གང་ཡང་མ་སྟེར་བར་བཞག བྱ་ངང་མོས་ཡར་རི་གསུམ་རྩེ་དང་མར་རྒྱ་མཚོའི་འགྲམ་ནས་ངང་ཕོ་བཙལ་ཡང་མ་རྙེད་པས་ཉིན་ཞིག་རྒྱལ་པོའི་ཕོ་བྲང་སྟེང་ནས་ལྡིང་འགྲོ་སྐབས་ངང་ཕོ་ཀ་བར་བཏགས་ཡོད་པ་མཐོང་བས་ངུ་བཞིན། ངང་མོ་ང་ལས་སྐྱོ་བ་མེད། ཡ་རི་གསུམ་རྩེ་ལ་འཕུར། མར་རྒྱ་མཚོའི་འགྲམ་དུ་བཙལ། ལ་ཁའི་ཉིན་མ་བསྲོ་རོགས་མེད་ ལུང་ཕུག་ཤིང་འབྲས་ཟ་རོགས་མེད། མཚོའི་ནང་ཆུ་རྐྱལ་རྒྱག་རོགས་མེད། ཟེར་བས་ངང་ཕོས་ངང་མོ་ཡིན་པ་ཞེས་ནས་ངང་ཕོ་ང་ནི་སྐྱོ་བ་ལགས། རྫ་མངི་ནང་ལ་བཙོ་རན་སོང་། གཞོང་པའི་ནང་ལ་བཏུབ་རན་སོང་  ངེད་གཉིས་ལས་དང་བྲལ་རན་སོང་།  ཅེས་ལབ་པས་གཡོག་པོ་ཞིག་གིས་ཚོར་ནས་སེམས་གཏིང་ནས་སྙིང་རྗེ་སྐྱེས་ཏེ་ག་ལེར་ངང་ཁོ་གློད། ངང་པ་ཕོ་མོ་གཉིས་འཆི་བདག་ཁ་ལས་ཐར་ཙམ་བྱུང་ནས་སླར་འཕྲད་པས་དགའ་སྐྱོ་ཟུང་དུ་སྦྲེལ་ནས་གྲོངས།  
  དེ་ནས་ཤྭ་བ་ཕོ་མོ་གཉིས་སུ་ལུས་བླངས་ཏེ་རང་མོས་ཀྱི་འཚོ་བར་རོལ་ཞིང་ཤྭ་པྲུག་གསུམ་བྱུང་།  ཉིན་ཞིག་ཞོགས་པ་ཤ་བ་ཡུ་མོས་སེམས་སྡུག་དངངས་འཚབ་ངང་། ཤྭ་ཕོ་སྦྱིན་མ་ཉལ་ཕོ་སྦྱིན་ལོངས། ངས་མདང་སུམ་མར་ཉལ་རྨི་ལམ་དུ་རྔོན་པ་ཁྱི་འཁྲིད་ཡོང་བར་རྨིས། ཤྭ་ཕྲུག་ཐང་དུ་ལུས་པ་རྨིས། ཡུ་མོས་ལ་མོ་བརྒྱབ་པ་རྨིས། ཕོ་སྦྱིན་རྔོན་པས་བཟུང་བ་རྨིས། ཤྭ་ཁལ་བཅོ་བརྒྱད་བཟོས་པ་རྨིས། ཤྭ་མགོ་ས་ལ་དྲུད་པ་རྨིས། ཕོ་སྦྱིན་མ་ཉལ་ཕོ་སྦྱིན་ལོངས། ཞེས་སྨྲས་ཀྱང་ཕོ་སྦྱིན་མ་ལངས་སྟབས་ཡུད་ཙམ་འགོར་རྗེས་ཏག་ཏག་རྔོན་པ་ཁྱི་འཁྲིད་མཁན་ཞིག་སླེབས་ནས་ཕོ་སྦྱིན་གྱི་མཐའ་ནས་བསྐོར་བ་དང་མདའ་མོ་རྒྱག་གྲབས་ཡོད་སྐབས་ཕོ་སྦྱིན་འགྱོད་པ་སྐྱེ་ཞིང་སེམས་སྡུག་ཆེ་བས་མིག་གཉིས་ནས་མཆི་མ་བབས་ཞིང་རྔོན་པར་། ཚུར་ལ་གསོན་དང་རྔོན་རྒན་ཁྱེད། ང་མ་བསད་གོང་དུ་ཡུ་མོ་ལ། སྐད་ཆ་ཚིག་གསུམ་ཤོད་དུ་བཅུག  ཤྭ་ཡུ་མོ་མ་རེད་ལྷ་མོ་རེད།  ཁོང་མ་ཕྲུག་མ་གསོད་བཞག་རོགས་གྱིས། ང་བསད་ན་འགྱོད་པ་སྤུ་ཙམ་མེད། ཅེས་བརྗོད་པས་རྔོན་པས་ཕོ་སྦྱིན་གྱིས་གཡོ་སྒྱུ་བྱས་ནས་བྲོས་ཀྱི་རེད་བསམ་སྟེ་མདའ་མོ་ཤུགས་ཀྱིས་འཐེན་པས་ཤ་ཁྱིས་ལམ་སེང་ཕོ་སྦྱིན་སར་རྒྱུགས་ནས་རྔ་མ་གཡུག་གཡུག་བྱས་པ་མ་ཟད། ལྕེ་ཡིས་ཕོ་སྦྱིན་གྱི་མིག་ཆུ་ལྡག་པས་རྔོན་པ་ཤིན་ཏུ་ཡ་མཚན་སྐྱེས་ནས་སྐད་ཆ་དྲིས་པར་ཕོ་སྦྱིན་གྱིས་གནས་ཚུལ་རྣམས་མགོ་ནས་མཇུག་བར་མ་གསང་དྲང་པོར་བརྗོད་པས་རྔོན་པ་ཡང་སྙིང་རྗེ་ནས་ཕོ་སྦྱིན་གློད་དེ་རྒྱལ་པོའི་བུ་མོ་བདུད་མོ་དེ་གསོད་པར་བསྐྱོད་དོ།།


རྩོམ་ཡིག་སྔོན་མ།
བུ་ནག་སུས།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1