༄༅།། གཏེར་སྒྲུང་རིགས་ཀྱི་གེ་སར་སྒྲུང་པའི་སྐོར་ལ་དཔྱད་པ།

གཅོད་པ་དོན་གྲུབ། རྩོམ་སྒྲིག་པ།ཡོང་ཁུངས།ཀྲུང་གོའི་བོད་ལྗོངས་དྲ་བ། སྤེལ་དུས། 09-27


 གཅོད་པ་དོན་གྲུབ།
           དེ་ཡང་བོད་གངས་ཅན་གྱི་དཔའ་བོའི་ལོ་རྒྱུས་བརྗོད་པའི་སྙན་རྩོམ་རིང་མོ་གླིང་གེ་སར་རྒྱལ་པོའི་སྒྲུང་ནི་གནའ་རབས་དང་དེང་རབས་ཀྱི་སྒྲུང་པ་ཁྲི་སྟོང་མང་པོའི་བློ་གྲོས་ཀྱི་རྩལ་ལས་ཐོན་པ་ཡིན་ལ།  བློ་རིག་འཛོམས་པའི་སྒྲུང་པ་དེ་དག་ལ་ཤིན་ཏུ་ངོ་མཚར་ཆེ་བའི་བརྒྱུད་རིམ་མཆིས་པ་ལས་གཞན་སྒྲུང་དཔེ་བརྒྱ་ཕྲག་དུ་མ་བློར་ངེས་ཤིང་ངག་ཐོག་ནས་ཐོགས་པ་མེད་པར་བཤད་ཐུབ།  ཁོང་རྣམ་པའི་ཁྲོད་དུ་བབས་སྒྲུང་དང་པྲ་སྒྲུང་།  གཏེར་སྒྲུང་།  བསླབ་སྒྲུང་།  བརྒྱུད་སྒྲུང་བཅས་སྒྲུང་པའི་རིགས་མང་པོ་མཆིས་ཤིང་།    ཁོང་རྣམས་ཀྱིས་གསུངས་པའི་སྒྲུང་དཔེ་བརྒྱ་ཕྲག་དུ་མ་དེ་དག་གནའ་ནས་ད་ལྟའི་བར་དུ་གངས་ཅན་ལྗོངས་ཡོངས་སུ་ས་ཁྱབ་རྡོ་ཁྱབ་ཏུ་འགྲོ་དང་འགྲོ་བཞིན་ཡོད། ད་དུང་རིན་ཐང་བྲལ་བའི་སྒྲུང་དཔེ་དེ་དག་གིས་བོད་མི་རིགས་ཀྱི་རིག་གནས་འཛིན་སྐྱོང་སྤེལ་གསུམ་ལ་ཕན་འབྲས་བླ་ན་མ་མཆིས་པ་བསྐྲུན་ཡོད་པར་མ་ཟད།  མཐའ་ཡས་པའི་རྩྭ་ཐང་གི་འབྲོག་པའི་བུ་ཕྲུག་ཁྲི་སྟོང་མང་པོའི་ཡིག་རྨོངས་སེལ་བར་བྱེད་པའི་དགེ་བའི་བཤེས་དང་སྡོངས་པའི་གྲོགས་སུ་གྱུར་ཡོད་པ་ཡང་གདོན་མི་ཟ།  དེ་མིན་ད་དུང་འབྲོག་ཁུལ་མང་ཚོགས་ཀྱི་རིག་གནས་འཚོ་བ་ཇེ་ལེགས་སུ་གཏོང་བའི་སླད་དུ་ཡང་བསམ་གྱིས་མི་ཁྱབ་པའི་གྲུབ་འབྲས་བཞག་པ་སོགས་བརྗོད་རྒྱུ་མང་མོད།  ཡིན་ནའང་ད་ལན་སྐབས་སུ་བབས་པའི་བརྗོད་བྱའི་སྙིང་བོ་ནི་གཏེར་སྒྲུང་རིགས་ཀྱི་སྒྲུང་པ་ཡིན་པས་གཞན་དག་ཞིབ་བརྗོད་མི་བྱེད་པར།  གཤམ་དུ་གཏེར་སྒྲུང་རིགས་ཀྱི་སྒྲུང་པའི་སྐོར་ལ་རགས་ཙམ་དཔྱད་པར་བྱའོ། །    
དང་པོ། གཏེར་སྒྲུང་རིགས་ཀྱི་སྒྲུང་པའི་གོ་དོན།
           གཏེར་སྒྲུང་རིགས་ཀྱི་སྒྲུང་པ་ལ་མཚོན་ན་དངོས་གཏེར་ལ་གཏོགས་པའི་སྒྲུང་པ་དང་དགོངས་གཏེར་ལ་གཏོགས་པའི་སྒྲུང་པ་གཉིས་མཆིས་པ་དང་།  དེར་སོ་སོར་མི་མཚུངས་པའི་བྱུང་རིམ་དང་ཁྱད་ཆོས།  མཚན་ཉིད་བཅས་ཡོད་པ་ལགས། འདིར་ཡང་དེ་དག་རེ་རེ་ཅུང་ཙམ་རྒྱས་པར་སྤྲོས་ན།  
           གཅིག དངོས་གཏེར་ལ་གཏོགས་པའི་སྒྲུང་པའི་གོ་དོན་ནི། བགྲང་བྱ་བརྒྱ་ཕྲག་དུ་མའི་སྔོན་ལ་གླིང་སྒྲུང་དེ་མི་དང་འབྱུང་པོའི་གནོད་པ་ལས་སྲུང་ཕྱིར།  ས་ཁུང་དང་བྲག་ཁུང་བཙན་པོ་དང་གཙུག་ལག་ཁང་སོགས་སུ་མི་འཇིག་པའི་ཕྱག་རྒྱས་བཏབ་སྟེ་གཏེར་དུ་སྦས་པ་དེ་དག་ཕྱིས་སུ་ལས་འཕྲོ་ཟད་པའི་སྐྱེས་བུས་རང་གི་རྨི་ལམ་ཅི་རིགས་སུ་ལྷ་དང་བླ་མས་ལུང་བསྟན་པ་སོགས་རྟགས་དང་རྟེན་འབྲེལ་བྱུང་བར་བརྟེན་ནས་གཏེར་ལས་བཏོན་ཏེ་ཡིག་ཐོག་ནས་བཤད་པའི་སྒྲུང་པའི་རིགས་དེ་ལ་ཟེར། སྒྲུང་པ་འདི་རིགས་ད་ལྟ་གངས་ལྗོངས་ཡུལ་དུ་མང་པོ་མཐོང་རྒྱུ་མེད་ཀྱང་གཏེར་ལས་བཏོན་པའི་སྒྲུང་དཔེ་སྐོར་ཞིག་ནམ་ཡང་ཉམས་པ་མེད་པར་ངེད་ཅག་གི་མིག་གི་སྤྱོད་ཡུལ་དུ་གྱུར་པ་སྟེ།  དཔེར་ན། ཁམས་ཀྱི་སྒྲུང་གཏེར་ཉི་མ་རང་ཤར་གྱི་《ལི་ཁྲི་རྟ་རྫོང་》དང་《བྲག་དམར་ཁྱུང་རྫོང་》། ནམ་མཁའ་འཇིགས་མེད་ཀྱི་《སོག་གྲོ་ཤོད་ཕབ་པའི་སྒྲུང》ལྟ་བུ་དང་།    ད་དུང་སྔོན་བྱོན་སྐྱེས་ཆེན་དམ་པ་གཏེར་སྟོན་རིག་འཛིན་མི་འགྱུར་རྡོ་རྗེ་དང་གཏེར་སྟོན་པད་མ་དབང་ཕྱུག    རོང་སྟོན་པད་མ་བློ་གྲོས།  གཏེར་སྟོན་མ་ཏི་རནྟ།    གཏེར་སྟོན་རིག་འཛིན་ཆེན་པོ་བདུད་འདུལ་རྡོ་རྗེ་སོགས་སྐད་གྲགས་ཆེ་བའི་གཏེར་སྟོན་པ་འདི་རྣམས་ཀྱིས་གཏེར་གནས་གྲངས་མང་ཞིག་ལས་གཏེར་ཆོས་རིན་ཐང་ཅན་མང་པོ་བཞེས་པའི་ལོ་རྒྱུས་《གུ་བཀྲའི་ཆོས་འབྱུང་》དུ་གསལ་བོར་བྲིས་འདུག་ཅིང་།  གཏེར་སྒྲུང་ཡང་《རྒྱ་གར་ཆོས་རྫོང་》དང་《དམྱལ་གླིང་རྫོགས་པ་ཆེན་པོ》 《ཐེའུ་རང་ར་རྫོང་》བཅས་མི་ཉུང་བ་ཞིག་བཏོན་པའི་ལོ་རྒྱུས་ཀྱང་ངག་ཐོག་དང་ཡིག་ཐོག་གཉིས་ལས་གསལ་བོར་ཤེས་ཐུབ་བོ། །   
           གཉིས།  དགོངས་གཏེར་ལ་གཏོགས་པའི་སྒྲུང་པར་སྤྱིར་ཆོས་ལུགས་ལྟར་ན་འགྲེལ་བཤད་གཏོང་ཚུལ་མང་པོ་མཆིས་ཀྱང་འདིར་གེ་སར་སྒྲུང་པའི་ཆ་ནས་འཆད་ན། དགོངས་གཏེར་ཞེས་པའི་གོ་དོན་ནི། གངས་ཅན་ཡུལ་གྱི་མཁས་པ་རྣམས་ཀྱིས་ཕྱི་སྣོད་ཀྱི་འཇིག་རྟེན་ལ་སྦས་པ་དངོས་གཏེར་དང་ནང་བཅུད་སེམས་ཅན་ལ་སྦས་པ་དགོངས་གཏེར་ཟེར་བའི་འགྲེལ་ཚུལ་ཡོད་པ་ལྟར་འདིར་ཅུང་ཙམ་ཞིབ་པར་བརྗོད་ན། དེ་ཡང་སྐྱེ་བ་སྔོན་མའི་ལས་ཅན་ཚོགས་བསགས་ཅན་གྱིས་གེ་སར་རྒྱལ་པོའི་འཕྲིན་ལས་རྒྱ་ཆེར་སྤེལ་བའི་སླད་དུ། སྡུག་རུས་ཀྱིས་གེ་སར་སྒྲུང་ལ་སྦྱངས་པ་དང་འཛིན་སྐྱོང་ལེགས་པོ་བགྱིས་པའི་འབྲས་བུ་དེ་སྐྱེ་བ་གཞུག་མའི་གང་ཟག་ལས་འཕྲོ་ཅན་ཞིག་ལ་ཆོས་ཀྱི་སྐལ་བར་སྨིན་ཏེ།   གློ་བུར་དུ་དགོངས་པའི་གཏེར་མཛོད་ཀྱི་སྒོ་ཕྱེ་བ་ལྟར་སྒྲུང་འབྲི་བར་ཐོགས་པ་མེད་པར་གྱུར་པའི་སྒྲུང་པའི་རིགས་དེ་ལ་ཟེར་བར་གྲགས་ཤིང་། དེ་ཡང་གསང་ཆེན་རྙིང་མའི་རིང་ལུགས་ལ་རིང་བརྒྱུད་བཀའ་མ།  ཉེ་བརྒྱུད་གཏེར་མ།  ཟབ་མོ་དག་སྣང་མ་ཞེས་བརྒྱུད་པའི་བཀའ་སྲོལ་ཆེན་མོ་གསུམ་དུ་དབྱེ་བར་མཛད་པའི་ལུང་བཞིན།   འདིར་ཡང་ཟབ་མོ་དག་སྣང་གི་སྐོར་རྣམས་གནམ་གཏེར་དང་དགོངས་གཏེར་གང་རུང་ལས་མ་འདས་པས་ཟབ་གཏེར་གྱི་ཕྱོགས་སུ་གཏོགས་ཤིང་། དེ་བཞིན་དགོངས་གཏེར་ལ་གྲགས་པ་རྣམས་ཀྱང་། མདོ་ལས། འཇམ་དཔལ་འབྱུང་བ་ཆེན་པོ་བཞི་ནི་ནམ་མཁའི་གཏེར་ནས་འབྱུང་གི  དེ་བཞིན་དུ་ཆོས་ཐམས་ཅད་རྒྱལ་བའི་ཐུགས་གཏེར་ལས་འབྱུང་བས་གཏེར་གྱི་དོན་ལ་ལོངས་སྤྱོད་པ་ཤེས་པར་བྱོས་ཤིག   ཅེས་གསུངས་པ་དང་རྗེས་སུ་མཐུན་པར་འཕགས་པས་གང་ཟག་རྣམས་ལའང་དགོངས་པའི་ཀློང་ནས་ཆོས་ཀྱི་གཏེར་ཁ་བརྡོལ་བ་ཡོད་པར་གསུངས་པ་ལྟར། རང་རེའི་ཞིང་ཁམས་འདི་རུའང་དགོངས་གཏེར་རིགས་ལ་གཏོགས་པའི་སྒྲུང་པ་རྣམས་ཀྱི་དགོངས་པའི་ཀློང་ནས་སྒྲུང་གི་གཏེར་ཁ་བརྡོལ་བ་ལས་བྱུང་བའི་སྒྲུང་དཔེ་ཡིན་ཞེས་པ་ཡོད་པ་ལས་གཞན།  སྒྲུང་དཔེ་མི་གཅིག་པ་བརྒྱ་ཕྲག་ལྷག་འབྲི་ཤེས་པའང་ད་ལྟ་མིག་གིས་མཐོང་རྒྱུ་འདུག དཔེར་ན་མགོ་ལོག་གི་སྒྲུང་པ་གུ་རུ་རྒྱལ་མཚན་ལྟ་བུར་མཚོན་ན། ཁོང་ཉིད་དགུང་ལོ་བཅུ་དགུར་སླེབས་པའི་ལོ་དེར་བླ་མས་ལུང་བསྟན་ལེགས་པོ་ཞིག་གནང་བ་དང་འབྲེལ་ནས་གློ་བུར་དུ་སྒྲུང་འབྲི་ཤེས་པར་གྱུར་པར་མ་ཟད། སྒྲུང་དཔེ་སྣ་ཚོགས་བརྒྱ་དང་ཉི་ཤུ་ལྷག་འབྲི་ཤེས་པ་ལགས།   ད་ལྟ་ཁོང་གིས་སྒྲུང་དཔེ་གསར་བ་བཅུ་བཞི་བྲིས་ཚར་བ་དང་《སྨུག་པོ་ལྡོང་གི་རྒྱལ་རབས》་དང་《མུ་མེན་དངུལ་རྫོང་》སོགས་པར་སྐྲུན་གནང་འདུག་ལ།    གླིང་གེ་སར་གྱི་བཤད་པ་བཅུ་གསུམ་ལས།  《མདུང་མོའི་བཤད་པ་》དང་《ཕུབ་མོ་སྦ་དམར་གླིང་དྲུག་གི་བཤད་པ》《སྦྲུལ་ཞགས་ཀྱི་བཤད་པ།》《རལ་གྲིའི་བཤད་པ》《ལྕག་གི་བཤད་པ།》《སྟར་ཆེན་བྲག་རི་ཧར་གཤགས་ཀྱི་བཤད་པ།》《སྟོབས་ཆེན་སྒྱོགས་ཀྱི་བཤད་པ།》《དཔའ་དགྲ་བླའི་གོ་ཁྲབ་ཀྱི་བཤད་པ།》《ལྷ་རྟ་རྐྱང་བུ་ཁ་དཀར་གྱི་བཤད་པ།》《སྒ་སྲབ་ཀྱི་བཤད་པ།》《དགྲ་བླ་ཝེར་མའི་བཤད་པ་》བཅས་བཅུ་གསུམ་ཕྱག་བྲིས་གནང་སྟེ་དུས་དེབ་སྟེང་དུ་ཡང་བཀོད་ཡོད་པ་ལྟར་རོ། །     
གཉིས་པ། སྒྲུང་གཏེར་དང་ས་གཏེར་རྫས་གཏེར་སོགས་ཀྱི་དབྱེ་བ།
           སྒྲུང་གཏེར་དང་ས་གཏེར་རྫས་གཏེར་སོགས་ཐོག་མར་འཆད་པའི་སྐབས་སུ་ཐམས་ཅད་གཏེར་གྱི་ཐ་སྙད་ཀྱི་ཁོངས་སུ་གཏོགས་མོད། ཡིན་ནའང་དེ་དག་གི་བར་ལ་དབྱེ་བ་ཆེན་པོ་མཆིས་ཏེ།  གཅིག་ནི་ས་གཏེར་དང་སྒྲུང་གཏེར་བར་ལ་འབྲེལ་བ་གཏན་ནས་མེད་ཅེས་བཤད་ཆོག་པ་དང་།   དེའི་རྒྱུ་མཚན་ནི་ས་གཏེར་གྱི་གོ་དོན་ནི་རང་བྱུང་ཁམས་ཀྱི་གསེར་དངུལ་ཟངས་ལྕགས་དང་ཞ་ཉེ་ཏི་ཚ་གཡང་ཊི། ཚྭ་སྣུམ་རྡོ་སོལ་ལ་སོགས་ཀྱི་གཏེར་ཁ་སྣ་ཚོགས་དེ་ཡིན་ལ། དཔེར་ན་སྲིད་པའི་ཁ་དཔེར་ས་ཐོག་ཕྱུགས་ཀྱིས་གང་།  ས་འོག་གཏེར་གྱིས་གང་ཟེར་བའི་ས་འོག་ནི་ས་གཏེར་ལ་གོ་དགོས་པ་ལགས། འདི་རིགས་ཀྱི་གཏེར་རང་བྱུང་ཁམས་ཀྱི་ས་གཏེར་ཡིན་པ་མ་གཏོགས་ལྷ་དང་མིས་ཆེད་དུ་བཅོས་པའི་གཏེར་མིན་པས་སྒྲུང་གཏེར་ལ་འབྲེལ་བ་ཡོད་མི་སྲིད། གཉིས་ནི་སྒྲུང་གཏེར་དང་རྫས་གཏེར་བར་དུའང་ཁྱད་པར་ཆེན་པོ་ཡོད་པ་སྟེ།   དེ་ཡང་རྫས་གཏེར་དེ་ཆོས་ལུགས་ཀྱི་ཁོངས་སུ་གཏོགས་པ་མ་གཏོགས་འཇིག་རྟེན་པའི་གཏེར་གྱི་ཁོངས་སུ་མི་གཏོགས།   རྫས་གཏེར་འདི་སྦ་བའི་དམིགས་ཡུལ་ནི་རང་རེའི་ཡུལ་ཁམས་འདི་བདེ་ཞིང་སྐྱིད་པ་དང་ལོ་ཡག་བསྐལ་བཟང་ཡོང་བ། རྒྱུ་དང་འབྱོར་བ་ལྡན་པ།  བགེགས་དང་བར་ཆད་སེལ་བ།  ཚེ་རིང་ནད་མེད་པ།  བཀྲ་ཤིས་བདེ་ལེགས་ཡོང་བ་བཅས་ཀྱི་ཆེད་དུ་ཡིན་ཏེ།  མདོར་ན་གང་དགོས་གང་བསམ་དེ་ལྷུན་གྱིས་འགྲུབ་པའི་སླད་དུ་གཏེར་ཡིག་སྣ་ཚོགས་དང་གསེར་དངུལ་གཡུ་བྱུར་གྱི་རིན་པོ་ཆེ་སྣ་མང་། གྲོ་ནས་སྲན་གསུམ་གྱི་འབྲུ་རིགས་སྣ་ལྔ་སོགས་རྫས་མང་པོ་ལྷན་དུ་བསྡུས་ཏེ་རྫ་བུམ་མམ་གཏེར་ཁུག་ཏུ་བཅུག་སྟེ།   ས་མིག་ལེགས་པོ་དང་མཚོ་དང་མཚེའུ་སོགས་སུ་བསམ་གཟས་ནས་སྦས་པ་ལ་ཟེར།   འདི་ཡང་རང་བྱུང་ཁམས་ཀྱི་གཏེར་དང་སྒྲུང་གཏེར་ཞེས་པའི་བར་ལ་ཁྱད་པར་གསལ་བོར་མཆིས།  ཆོས་ལུགས་པའི་གཏེར་དེ་ནི་བསམ་བཞིན་དུ་སྦས་ཤིང་།  ཕྱིར་འདོན་མཁན་ཡང་སྔར་ནས་གཏན་ཁེལ་བྱས་ཡོད། ཡིན་ནའང་རང་བྱུང་ཁམས་ཀྱི་ས་གཏེར་དེར་སྦེད་མཁན་གྱི་མི་མེད་ལ།  ཕྱིར་འདོན་མཁན་ལ་ཡང་གཏན་ཁེལ་མེད།  རྫས་གཏེར་སྦེད་མཁན་དང་འདོན་མཁན་ནི་མཆོག་གི་དངོས་གྲུབ་ལ་མངའ་བརྙེས་པའི་སྐྱེས་བུ་ཞིག་ཡིན་དགོས་པ་ནི་ཀུན་གྱིས་གསུང་བཞིན་པ་ལྟར་རོ། །  
དེས་ན་སྒྲུང་གཏེར་ནི་རིགས་གང་ལ་གཏོགས་སམ་ཞེ་ན།   གོང་དུ་སྒྲུང་གཏེར་གྱི་གོ་དོན་བརྗོད་པའི་སྐབས་སུ་བརྗོད་པ་ཇི་བཞིན་དངོས་གཏེར་དང་དགོངས་གཏེར་རིགས་གཉིས་ལ་གཏོགས་ཤིང་།   སྒྲུང་མཁན་ལ་ཡང་དངོས་གཏེར་ལ་གཏོགས་པའི་སྒྲུང་མཁན་དང་དགོངས་གཏེར་ལ་གཏོགས་པའི་སྒྲུང་མཁན་གཉིས་ཡོད།   སྒྲུང་དཔེ་ལ་ཡང་དངོས་གཏེར་ལས་ཐོན་པའི་སྒྲུང་དཔེ་དང་དགོངས་གཏེར་ལས་ཐོན་པའི་སྒྲུང་དཔེ་རིགས་གཉིས་ཡོད། དེར་ཡང་རང་རང་ལ་ཐུན་མིན་གྱི་བྱུང་རིམ་དང་ཁྱད་ཆོས་ངོ་མཚར་བ་མཆིས་ཀྱང་གོང་ནས་ཅུང་རྒྱས་པར་བཤད་ཟིན་པས་བསྐྱར་ཟློས་ཀྱི་དགོས་པ་མ་མཆིས་སོ།   །ད་ལྟ་ངེད་ཅག་རྣམས་ཀྱི་མིག་གི་སྤྱོད་ཡུལ་དུ་གྱུར་པའི་གཏེར་སྒྲུང་ཡོད་དོ་ཅོག་དེ་ཚིག་དོན་གང་གི་ཆ་ནས་དཔྱད་ནའང་ཆོས་ལུགས་ཀྱི་ཁོངས་སུ་མ་འདུས་པ་གཅིག་ཀྱང་མེད།   བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་གྲུབ་མཐའི་ཆ་ནས་བལྟས་ན་སྒྲུང་གཏེར་འདི་གྲུབ་མཐའ་ཀུན་ལ་ཡོད་ཆོག་མོད།    འོན་ཏེ་སྒྲུང་གཏེར་ཕལ་ཆེར་གསང་སྔགས་རྙིང་མའི་ཁོངས་སུ་གཏོགས་པ་གདོན་མི་ཟའོ། །    
གསུམ་པ། གཏེར་སྒྲུང་བྱུང་བའི་ལོ་ཚིགས།
           བོད་དུ་གཏེར་ཆོས་དངོས་སུ་དར་བའི་དུས་ནི་ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་གྱི་སྐབས་ཡིན་ལ།  གངས་ལྗོངས་འདིར་རྙིང་མའི་གཏེར་སྟོན་རྣམས་ཀྱི་ཐོག་མ་སྟེ་གཏེར་སྟོན་སངས་རྒྱས་བླ་མ་ནས་ད་ལྟའི་བར་དུ་གཏེར་སྟོན་ལྔ་བརྒྱ་ཙམ་བྱུང་བར་གྲགས།  གཏེར་སྟོན་པ་རྣམས་ཀྱིས་དུས་རབས་དང་ལོ་རབས་མི་འདྲ་བའི་སྐབས་སུ་བཏོན་པའི་གཏེར་ཆོས་ཐམས་ཅད་ཕྱོགས་གཅིག་ཏུ་བསྡུས་པའི་དབང་དུ་བཏང་ན། གླེགས་བམ་དུམ་པ་བརྒྱ་ཕྲག་དུ་མ་མཆིས། དཔེར་ན་སློབ་དཔོན་པདྨའི་རྣམ་ཐར་གཏེར་མ་གཅིག་པུར་དུམ་པ་བརྒྱ་ཐམ་པ་ཡོད།   དེར་ཡང་གཏེར་ཆོས་ཀུན་ལས་གྲགས་ཆེ་བ་ནི། 《བཀའ་ཆེམས་ཀ་ཁོལ་མ་》དང་《མ་རྐི་བཀའ་འབུམ》 《གུ་རུའི་རྣམ་ཐར་ཟངས་གླིང་མ》《པདྨ་བཀའ་ཐང་》 《ཐང་ཡིག་སྡེ་ལྔ་》སོགས་ཡིན་པར་གྲགས་པ་དང་།   དེ་དག་ལས་ཀྱང་རིག་འཛིན་འཇིགས་མེད་གླིང་པའི་《ཀློང་ཆེན་སྙིང་ཐིག་》ནི་རྙིང་མའི་གཏེར་ཆོས་ཀྱི་རྩ་བ་ཡིན་ཞེས་གྲགས་ཆེ།   གླིང་རྗེ་གེ་སར་རྒྱལ་པོ་ནི་དུས་གསུམ་རྒྱལ་བའི་ཐུགས་སྲས།  གུ་རུ་པདྨའི་རྣམ་སྤྲུལ་ཞེས་ཕྱི་མའི་གཏེར་ཆོས་མང་པོའི་ལུང་གིས་ཟིན་ཡོད་ཅིང་།  གེ་སར་གྱི་ཆོ་ག་སོགས་གཏེར་ཆོས་མང་པོའི་ནང་དུ་མཐོང་རྒྱུ་ཡོད་པར་མ་ཟད། ད་དུང་སེམས་ཅན་གྱིས་མཆོད་བཀུར་བགྱི་བའི་གཞི་དམ་པ་ཞིག་ཏུ་གྱུར་ཡོད་པའང་འཇུ་མི་ཕམ་འཇམ་དབྱངས་རྣམ་རྒྱལ་རྒྱ་མཚོའི་གསུང་འབུམ་ལས་ཀྱང་གསལ་བོར་མཐོང་ཐུབ།   གླིང་གེ་སར་རྒྱལ་པོའི་གཏེར་སྒྲུང་བྱུང་བའི་དུས་སྐབས་ལའང་ད་ལྟ་མཁས་པ་སྐོར་ཞིག་གིས་བཞེད་ཚུལ་མི་མཐུན་པ་མང་པོ་བརྗོད་ཀྱང་ཁོ་བོའི་བསམ་པར་གཏེར་སྒྲུང་འདི་བྱུང་ནས་བགྲང་བྱ་ཆིག་སྟོང་ཡས་མས་ལས་འདས་མེད་པར་འདོད། རྒྱུ་མཚན་ནི། བྲག་དགོན་པའི་《མདོ་སྨད་ཆོས་འབྱུང་》ལས། དེ་ཡང་སྔོན་རྨ་འགྲམ་སྟོད་ཀྱི་ས་ཐམས་ཅད་ལ་གླིང་གེ་སར་རྒྱལ་པོས་དབང་བསྒྱུར།  དེ་ཉིད་ཀྱི་འཁྲུངས་ལོ་ལྕགས་བྱི་དང་ཆུ་སྦྲུལ་ལ་འདོད་མཁན་གཉིས་སྣང་བ་གང་ཡིན་ཡང་རབ་བྱུང་དང་པོ་ཚུགས་ཁ་མའི་དྲུག་ཅུ་སྐོར་དེར་གཏོགས་ལ། རླང་བྱང་ཆུབ་འདྲེ་བཀོལ་དང་། སྨྲི་ཏི་ཛྙཱན་ཀིརྟི་སྤྱན་དྲངས་ཏེ་ཆོས་ཞུས་པ་དང་།   གཙུག་ལག་ཁང་བཞེངས་པར་བཤད་པས་ཀྱང་ཤེས་ནུས་ཞེས་གསུངས་པ་དང་། མགོ་ལོག་ཁྲ་གླིང་དགོན་པའི་སྤྲུལ་སྐུ་བསྟན་པའི་ཉི་མའི་《ཕོ་བྲང་སེང་འབྲུག་སྟག་རྩེའི་ལོ་རྒྱུས》ཞེས་པའི་དཔེ་དེབ་ལས་ཀྱང་།   བོད་རབ་བྱུང་དང་པོའི་སྟོད་འགྲེལ་བའི་བ་ཧུ་ངྷན་ཞེས་པ་འབྲུ་མང་པོ་སྟེ།  རྒྱ་རྩིས་པའི་ས་ཕོ་སྟག་གི་ལོའི་རྒྱལ་ཟླ་བའི་ཚེས15(སྤྱི་ལོ1038ལོ)ཉིན་སྤྱི་བོ་བདེ་ཆེན་འཁོར་ལོ་ནས་ཕུ་བོ་དུང་སྐྱོང་དཀར་པོ།   སྙིང་ཁ་ཆོས་ཀྱི་འཁོར་ལོ་ནས་ནུ་བོ་ཀླུ་སྦྲུལ་འོད་ཆུང་། ལྟེ་བ་ནས་སྲིང་ལྕམ་ཐ་ལེའི་འོད་དཀར། གསང་བ་བདེ་སྐྱོང་གི་འཁོར་ལོ་ནས་གླིང་རྗེ་གེ་སར་རྒྱལ་པོ་སྨུག་པོ་ལྡོང་གི་རྒྱལ་རྒྱུད་དུ་ངོ་མཚར་ཆེ་བའི་ལྟས་དང་བཅས་སྐུ་འཁྲུངས།   གདུང་རྒྱུད་དེར་རྒྱལ་དབང་ལྔ་བའི་དེབ་ཐེར་དུ།   རྒྱལ་པོ་དམག་བརྒྱ་བ་ཞེས་པའི་རྒྱལ་རྒྱུད་ལས་མཆེད་པ་ཡིན་པར་གསུངས། གེ་སར་འཁྲུངས་ནས་འདི་ལོའི་ཆུ་བའི་བར་ལ་ལོ955ཙམ་སོང་ཞེས་བཀོད་འདུག་པ་སོགས་གཞིར་བཟུང་ནས་གླིང་གེ་སར་རྒྱལ་པོའི་འཁྲུངས་འདས་དང་ཁོང་གི་མཛད་འཕྲིན་ཕལ་མོ་ཆེར་དཔྱད་ན།  བགྲང་བྱ་ཆིག་སྟོང་ཡས་མས་ལས་འདས་མེད་པས་མི་མ་སྐྱེས་པའི་སྔོན་ལ་མཛད་འཕྲིན་བྱུང་ཐབས་མེད་པས་སོ།   །ཡིན་ནའང་འདིར་གསལ་བཤད་ཅིག་དགོས་པ་ནི། ཕྱི་མའི་སྒྲུང་དཔེ་མི་ཉུང་བའི་ནང་དུ་བོད་གངས་ཅན་གྱི་གནའ་རབས་ཀྱི་ལོ་རྒྱུས་མང་པོ་ཞིག་ཁ་སྣོན་མཛད་དེ་རྒྱ་ཇེ་ཆེར་བཏང་ཡོད་པ་དེ་ཤེས་དགོས་པའོ།།  གཞན་ཡང་གླིང་གེ་སར་རྒྱལ་པོའི་སྒྲུང་ཡོད་དོ་ཅོག་དངོས་གཏེར་དང་དགོངས་གཏེར་ལ་མ་གཏོགས་པ་གཅིག་ཀྱང་མེད་ཅེས་མཁས་པ་དང་སྒྲུང་པ་གྲགས་ཅན་མི་ཉུང་བ་ཞིག་གིས་གསུངས་དང་གསུང་བཞིན་འདུག་ན་ཡང་ཁ་ཅིག་གི་བཞེད་པ་ལ་སྒྲུང་དཔེ་ཡོད་ཚད་གཏེར་སྒྲུང་ལ་གཏོགས་མི་སྲིད་ཅེས་རྒྱབ་རྟེན་གྱི་ལུང་དྲངས་ནས་དཔྱད་གཏམ་ཀྱང་མང་པོ་བརྗོད་ཡོད།  གང་ལྟར་ཀྱང་གེ་སར་རྒྱལ་པོའི་སྒྲུང་དཔེ་ཐམས་ཅད་གཏེར་སྒྲུང་ལ་གཏོགས་དང་མི་གཏོགས་པའི་ཁ་ཚོན་གཅོད་དཀའ་མོད། འོན་ཏེ་བབས་སྒྲུང་དང་པྲ་སྒྲུང་གཏེར་སྒྲུང་གི་སྒྲུང་པ་རྣམ་པའི་བློ་ངོར་སྒྲུང་སྣ་མི་གཅིག་པ་བརྒྱ་དང་ལྔ་བཅུ་དྲུག་ཅུ་ལྷག་ཡོད་པ་འདིར་ལྐོག་གྱུར་གྱི་ཤེས་བྱ་ཟབ་མོ་ཞིག་མཆིས་པ་སུས་ཀྱང་བསྙོན་དུ་མེད།   འདི་ནི་ངེད་ཅག་གིས་ཞིབ་འཇུག་བྱ་ཡུལ་གྱི་གནད་གལ་ཆེན་ཞིག་ཀྱང་ཡིན་ནོ། །      
བཞི་པ། གཏེར་སྦ་བའི་སྣོད་དང་གནས་དང་དགོས་པ་སོགས།
           དེ་ཡང་ཟབ་མོ་གཏེར་གྱི་རིགས་ལ་གཏོགས་པའི་གཏེར་ཆོས་དང་གཏེར་སྒྲུང་གང་ཡིན་རུང་ཚང་མར་ཁྱད་པར་ཅན་གྱི་གཏེར་སྣོད་དང་གཏེར་གནས།  གཏེར་སྲུང་།  གཏེར་འདོན་པའི་དུས་དང་གཏེར་སྟོན་པ།  ད་དུང་གཏེར་སྦ་བའི་དགོས་པ་བཅས་ཡོད་པར་གསུངས་པ་ལགས། དེ་ཡང《མངོན་དུ་ཞུགས་པ་ཏིང་ངེ་འཛིན་གྱི་མདོ》ལས། ང་ནི་ཕྱི་དུས་མྱ་ངན་འདས་བྱས་ནས། །སྐུ་གདུང་ཐམས་ཅད་རྒྱས་པར་བྱས་གྱུར་ཏེ།    །སངས་རྒྱས་བྱང་ཆུབ་འདི་དག་ལེགས་བཟུང་ནས། །བྲིས་ནས་སྒྲོམ་གྱི་ནང་དུ་བཅུག་བྱས་ནས། །མཆོད་རྟེན་ས་དང་བྲག་དང་རི་དག་དང་།  །ལྷ་དང་དེ་བཞིན་ཀླུ་ཡི་ལག་དག་ཏུ།  །མདོ་སྡེ་བཞག་པར་བྱས་ནས་འདི་དག་རྣམས། །ལྷ་ཡི་བརྟུལ་ཞུགས་འདྲ་བར་བྱས་ཕྱིར་འགྲོ། །དེ་དག་ཕྱི་མའི་དུས་ན་སོ་སོའི་རིགས།   །ཐམས་ཅད་བོར་ཏེ་སླད་དུ་བབ་གྱུར་ནས། །སངས་རྒྱས་བྱང་ཆུབ་འདི་དག་ལེགས་བཟུང་སྟེ། །བསམ་པ་ཇི་བཞིན་དུ་ནི་བྱེད་པར་འགྱུར། །ཞེས་གསུངས་པ་ལྟར། བྲིས་ཏེ་སྒྲོམ་གྱི་ནང་དུ་བཅུག་བྱས་ནས་ཞེས་པས་གཏེར་སྣོད་དང་གཏེར་ཆོས་སམ་གཏེར་སྒྲུང་སོགས་བསྟན་པ་དང་། མཆོད་རྟེན་ས་དང་བྲག་རི་ཞེས་པ་སོགས་ཀྱིས་གཏེར་གནས་བསྟན་ཡོད། ལྷ་དང་དེ་བཞིན་ཀླུ་ཡི་ལག་ཏུ་བཞག་ཟེར་བས་གཏེར་སྲུང་དང་།   དེ་དག་ཕྱི་མའི་དུས་ནས་སོ་སོའི་རིགས།  །ཐམས་ཅད་བོར་ཏེ་སླད་དུ་བབ་གྱུར་ནས་ཞེས་པས་གཏེར་འདོན་པའི་དུས་དང་འདོན་མཁན་བསྟན་ཡོད།  སངས་རྒྱས་བྱང་ཆུབ་འདི་དག་ལེགས་བཟུང་ནས། །བསམ་པ་ཇི་བཞིན་དུ་ནི་བྱེད་པར་འགྱུར་ནི། གཏེར་ཆོས་དེ་དག་གིས་འགྲོ་བའི་དོན་རྒྱ་ཆེན་པོ་བྱེད་པར་འགྱུར་བའི་དོན་སོགས་གསལ་བོར་མཚོན་ཡོད་པ་ཡིན་ནོ། །གཞན་ཡང་གོང་ཞུའི་གསུང་གི་སྙིང་བོ་དེ་ལས་ཟབ་མོ་གཏེར་ལ་གཏོགས་པའི་གཏེར་ཆོས་དང་གཏེར་སྒྲུང་གང་དེར་གཏན་ཁེལ་གྱི་གཏེར་སྣོད་དང་གཏེར་སྲུང་།   གཏེར་གནས་སོགས་མཆིས་པ་ལས་གཞན་བྱུང་རྒྱལ་དུ་སྦ་བ་དང་འདོན་པ་སོགས་ལ་གཏེར་ཆོས་སམ་གཏེར་སྒྲུང་སོགས་སུ་བརྗོད་ན་མི་ཆོག་པ་ཤུགས་ནས་གསལ་བོར་རྟོགས་ཐུབ་བོ།  །དེ་བཞིན་དུ་གླིང་རྗེ་གེ་སར་རྒྱལ་པོའི་སྒྲུང་ལས་གཏེར་སྒྲུང་རིགས་ལ་གཏོགས་པའི་སྒྲུང་དཔེ་དག་ལ་ཆ་མཚོན་ན།    གཅིག་ནི་དེར་སྒྲུང་བཤད་མཁན་ནམ་འབྲི་མཁན་ཞིག་ཡོད་པ་དང་།  གཉིས་ནི་གཏེར་ཡིག་གམ་ཤོག་སེར་ཐོག་བྲིས་ཟིན་པའི་གླེགས་བམ་རྣམས་མི་འཇིག་པའི་སྒྲོམ་གྱི་ནང་དུ་འཇུག་དགོས་པ་དང་། གསུམ་ནི་མཆོད་རྟེན་དང་ས་དང་བྲག་རི། གཙུག་ལག་ཁང་སོགས་སུ་མི་འཇིག་པའི་ཕྱག་རྒྱས་བཏབ་སྟེ་སྦ་བར་གནང་བ་དང་།   བཞི་ནི་ལྷ་དང་ཀླུ་ལ་བཅོལ་བའི་ཆོས་ཀྱི་ཆོ་ག་བསྒྲུབ་པ་དང་།   ལྔ་ནི་བླ་མའམ་སྐྱེས་བུ་དམ་པ་ཞིག་གིས་གཏེར་འདོན་གྱི་དུས་དང་གཏེར་སྟོན་པ་གཏན་ཁེལ་བགྱིད་པ་བཅས་ཀྱི་ལག་ལེན་བརྒྱུད་ཡོད་པ་ཡིན། ད་ལྟ་ངེད་ཅག་གིས་མཐོང་བའི་གཏེར་སྒྲུང་རིགས་ཀྱི་སྒྲུང་དཔེ་ཕལ་ཆེར་གྱི་མཇུག་མཐར་རམ་མཇུག་བྱང་དུ་གཏེར་འདོན་པ་དང་གཏེར་འདོན་གྱི་དུས་སོགས་གསལ་བོར་བྲིས་ཡོད།   ད་ལྟ་ད་དུང་གཏེར་ལས་འདོན་པའི་དུས་ལ་མ་བབ་པར་མ་བཏོན་པའི་གཏེར་སྒྲུང་ཡང་མང་པོ་ཡོད་ཅེས་གླེང་བཞིན་འདུག 《གུ་བཀྲའི་ཆོས་འབྱུང་)དུ། མདོ་རྒྱུད་དུ་མ་ནས་རྒྱལ་བ་ཉིད་ཀྱིས་ལན་གཅིག་མ་ཡིན་པར་གསུངས་པ་བཞིན་དུ་འཕགས་ཡུལ་གྱི་པཎ་གྲུབ་འགའ་ཞིག་གིས་གཏེར་སྦས་པ་དང་། མདོ་རྒྱུད་རྣམས་བཏོན་པའི་ལོ་རྒྱུས་ཀྱང་ཡོད་ལ།   ཁྱད་པར་དུ་སངས་རྒྱས་གཉིས་པ་པདྨ་འབྱུང་གནས་ཀྱིས་རྒྱལ་བའི་གསུང་བཞིན་ཕྱག་ལེན་དུ་བཏབ་སྟེ་རྒྱ་གར་བལ་བོད་རྣམས་སུ་ཟབ་གཏེར་ཇི་སྙེད་སྦས་ཤིང་ལྷག་པར་དུ་བོད་ཡུལ་ཁ་བའི་ལྗོངས་འདིར་རི་བྲག་མཚོ་གསུམ་གཙུག་ལག་ཁང་སོགས་སུ་མི་འཇིག་པའི་ཕྱག་རྒྱས་བཏབ་སྟེ་སྦ་བར་མཛད་པའི་དགོས་པ་ཡང་། ཇི་སྐད་དུ། ཤིན་ཏུ་ཟབ་པའི་མཐར་ཐུག་སྙིང་བོ་རྣམས། །སྤྱིར་ཡང་བོད་རྣམས་གསར་ངེས་ཆེ་བ་དང་།  །སྙིགས་མའི་འགྲོ་ལ་ལྷག་པར་སྙིང་རྗེ་བས།  །མཐའ་དབུས་ཐམས་ཅད་གཏེར་གྱིས་བཀང་ནས་བཞག  །ལས་ཅན་བུ་དང་འཕྲད་པའི་སྨོན་ལམ་བཏབ། །ཅེས་གསུངས་པ་ལྟར། བོད་གངས་ཅན་གྱི་མཐའ་དབུས་ཐམས་ཅད་གཏེར་གྱིས་བཀང་བ་དང་གནས་མཆོག་ཡུལ་འདིར་རྒྱུ་བའི་སྐྱེ་དགུ་རྣམས་ཀྱི་ཕན་བདེའི་རྩ་ལག་ནི་དུས་བབ་ཀྱི་ཟབ་གཏེར་ལ་རག་ལས་ཡོད་པར་བསམས་ཤིང་། དེ་ཉིད་སྤྱན་འདྲེན་པ་པོ་ཡང་བོད་གནའ་རབས་དང་དེང་རབས་སྐབས་སུ་མཆོག་གི་དངོས་གྲུབ་བརྙེས་པའི་གཏེར་ཆེན་དང་གཏེར་ཕྲན་གྱི་གཏེར་སྟོན་པ་གྲགས་ཅན་བསམ་གྱིས་མི་ཁྱབ་པ་མང་པོ་བྱོན་པ་དེ་རྣམས་ལགས་པའང་ཀུན་གྱིས་ཤེས་གསལ་ལྟར་རོ། །   
           གཏེར་ཆོས་དང་གཏེར་སྒྲུང་སོགས་སྦ་བའི་དགོས་པའི་ཆ་ནས་བཤད་ནའང་འབྱུང་བ་ལྔའི་ཆགས་འཇིག་དང་དམག་འཁྲུག    གྲུབ་མཐའི་རྩོད་པ་སོགས་ཀྱི་གནོད་འཚེ་ལས་སྲུང་བའི་དགོས་མཁོ་འབའ་ཞིག་མིན་པར། དེ་ཡང་《ཆོས་ཡང་དག་པར་སྡུད་པའི་མདོ་》ལས།  ཀུན་དགའ་བོ།  གང་གི་ཆོས་ཡོངས་སུ་གནས་པར་བྱ་བའི་ཕྱིར་ཆོས་ཀྱི་རྣམ་གྲངས་འདི་དག་གླེགས་བམ་ལ་བྲིས་ཏེ་གཏེར་དུ་སྦས་ནས་མཆོད་ན། དེས་དེ་ཉིད་ཐོབ་པ་བཅུ་ཐོབ་སྟེ། གང་ཞེ་ན།  སངས་རྒྱས་ཀྱི་སྤྱན་རབ་ཏུ་ཐོབ་པས་སངས་རྒྱས་མཐོང་བའི་གཏེར་དང་།ལྷའི་རྣ་བ་རབ་ཏུ་ཐོབ་པས་ཆོས་ཉན་པའི་གཏེར་དང་།  ཕྱིར་མི་ལྡོག་པའི་དགེ་འདུན་རབ་ཏུ་ཐོབ་པས་དགེ་འདུན་མཐོང་བའི་གཏེར་དང་། རིན་པོ་ཆེའི་ལག་པ་རབ་ཏུ་ཐོབ་པས་ཟད་མི་ཤེས་པའི་གཏེར་དང་། མཚན་དང་དཔེ་བྱད་ཡོངས་སུ་རྫོགས་པས་གཟུགས་ཀྱི་གཏེར་དང་།   གཡོག་མི་ཕྱེད་པས་གཡོག་གི་གཏེར་དང་། སྤོབས་པ་རབ་ཏུ་ཐོབ་པས་དམ་པའི་གཏེར་དང་། ཕས་ཀྱི་རྒོལ་བ་ཚར་གཅོད་པས་མི་འཇིག་པའི་གཏེར་དང་།   སེམས་ཅན་རྣམས་ཉེ་བར་འཚོ་བས་འཚོ་བ་བསོད་ནམས་ཀྱི་གཏེར་དང་།    ཞེས་ཐོབ་པ་བཅུའི་དངོས་གྲུབ་སྩོལ་བའམ་ཕན་འབྲས་འབྱུང་པའི་ཡོན་ཏན་བགྲངས་ཡོད་པ་དེ་དག་ལས་ཀྱང་གསལ་བོར་རྟོགས་ཐུབ་ཅིང་།   ཆོས་རྣམས་དང་སྒྲུང་རྣམས་རྣམ་ཀུན་གནས་པར་བྱ་བའི་ཕྱིར་གླེགས་བམ་ལ་བྲིས་ཏེ་གཏེར་དུ་སྦས་ན།   གང་ཟག་ཅིག་ལ་མཚོན་ན། སྤྱན་དང་རྣ་བ། ལག་པ། མཚན་དཔེ། སྤོབས་པ། འཚོ་བ་ལ་སོགས་སོ་སོར་སངས་རྒྱས་མཐོང་བའི་གཏེར་དང་།  ཆོས་ཉན་པའི་གཏེར།  ཟད་མི་ཤེས་པའི་གཏེར།  གཟུགས་ཀྱི་གཏེར།  དམ་པའི་གཏེར།  བསོད་ནམས་ཀྱི་གཏེར་སོགས་ཀྱི་དངོས་གྲུབ་ཐོབ་པའི་དགོས་པ་ཆེན་པོ་འབྱུང་བ་གསུངས་འདུག་པ་ལྟར་རོ།  །གོང་ཞུའི་ཚིག་དོན་གྱི་བར་དུ་ཆོས་ལུགས་ཀྱི་ལྟ་བ་དང་ཐ་སྙད་མི་ཉུང་བ་ཞིག་ཡོད་ཀྱང་ཞིབ་མོར་བསམ་བློ་བཏང་ན་གཏེར་ཆོས་དང་གཏེར་སྒྲུང་གི་གལ་ཆེན་རང་བཞིན་བརྗོད་ཡོད་ལ། ལྷད་མེད་ཀྱི་ཆོས་དང་སྒྲུང་སོགས་དུས་ནམ་ཡང་དྲི་མས་མ་གོས་པར་འཛིན་སྐྱོང་སྤེལ་གསུམ་བྱ་དགོས་པའི་དོན་སྙིང་ཡང་ཤུགས་སུ་རྟོགས་ཐུབ་པ་ལགས།      
ལྔ་པ། གཏེར་སྒྲུང་རིགས་ཀྱི་སྒྲུང་པའི་ཁྱད་ཆོས་གཙོ་བོ་འགའ།
           དེ་ཡང་གཏེར་སྒྲུང་རིགས་ཀྱི་སྒྲུང་པའི་ཁྱད་ཆོས་གཙོ་བོ་ནི།  གཅིག་ནི་ལོ་ན་ཆུང་བའི་དུས་ནས་གེ་སར་སྒྲུང་ལ་དད་པ་ཟློག་མེད་མཆིས་ཤིང་།  དུས་རྒྱུན་མ་སྐུལ་དང་བླངས་སྒོས་གླིང་རྗེ་གེ་སར་རྒྱལ་པོ་དང་དཔའ་རྟུལ་སུམ་ཅུའི་སྐུ་འདྲའམ་ཤུལ་རྟེན་བཅས་ཀྱི་མདུན་དུ་མཆོད་རྫས་བཤམས་པ་དང་ཕྱག་འཚལ་བ། སྐྱབས་འཇུག་དང་སྨོན་ལམ་ཞུ་བའི་ཁྱད་ཆོས་ཐུན་མིན་ཡོད་པ། གཉིས་ནི་བྱིས་དུས་ཀྱི་ལོ་དྲུག་བདུན་ཙམ་ནས་བཟུང་གླིང་གེ་སར་གྱི་སྒྲུང་བཤད་པར་ཉན་འདོད་ཤིན་ཏུ་ཆེ་བ་དང་དུས་རྒྱུན་བྱིས་པ་རྣམས་དང་ལྷན་དུ་རྩེད་སྐབས་སུ་གེ་སར་རྒྱལ་པོ་དང་དཔའ་རྟུལ་སུམ་ཅུ་རྣམས་ཀྱི་མཚན་གླེང་ནས་སྒྲུང་གླུ་ཚན་པ་འགའ་རེ་ལེན་པར་སྤྲོ་བ་ཧ་ཅང་ཆེ་བ་དང་། ཁྱད་པར་དུ་བྱིས་པ་མང་པོའི་ཁྲོད་དུ་ང་སྒ་སྡེའི་རྣམ་ཤེས་ཡིན་ང་རྒྱ་ཚའི་རྣམ་ཤེས་ཡིན།  ང་འདན་མའི་རྣམ་ཤེས་ཡིན་ཞེས་གླེང་བའི་ཚུལ་ནམ་ཡང་མཐོང་ཐུབ་པ།   གསུམ་ནི་གཏེར་སྒྲུང་ལས་དངོས་གཏེར་དང་དགོངས་གཏེར་ཀྱི་རིགས་ལ་གཏོགས་པའི་སྒྲུང་པ་གང་ཡིན་རུང་ཕལ་ཆེར་སྔ་འགྱུར་རྙིང་མའི་ཆོས་ལ་དད་འདུན་བགྱི་བའི་སྐྱེས་བུ་ཞིག་ཡིན་ཞིང་། ཁོང་རྣམ་པར་ལྷན་སྐྱེས་ཀྱི་ཡོན་ཏན་ཕུན་སུམ་ཚོགས་པ་དང་ཡིད་འཛིན་གྱི་ནུས་པ་གཞན་དང་མི་མཚུངས་པ་མཆིས་ཤིང་།  ཕྱག་བྲིས་གནང་བའི་སྒྲུང་དཔེ་རྣམས་ལའང་གཏེར་ཚེག་གིས་ཀུན་ནས་བརྒྱན་ཡོད་པ།  བཞི་ནི་རང་རང་ལ་ཀྱག་ཀྱོག་གི་བརྒྱུད་རིམ་ངོ་མཚར་བ་རེ་ཡོད་པ་སྟེ། ལོ་ན་གཞོན་པའི་དུས་སུ་རྨི་ལམ་བཟང་བའི་ལྟས་ཤིག་གམ་ཡང་ན་ལྷ་དང་བླ་མར་མཇལ་བའི་སྐབས་སུ་གསུངས་པའི་ལུང་བསྟན་ལེགས་པོ་ཞིག་ལ་བརྟེན་ནས་གློ་བུར་དུ་སྒྲུང་འབྲི་ཤེས་པ་དང་བཤད་ཤེས་པའི་སྒྲུང་པ་ཞིག་ཏུ་གྱུར་པའི་ལོ་རྒྱུས་ཡོད་པ།   ལྔ་ནི་སྤྱིར་གཏེར་སྒྲུང་རིགས་ཀྱི་སྒྲུང་པ་ཕལ་མོ་ཆེས་ངག་ཐོག་ནས་བབས་སྒྲུང་རིགས་ཀྱི་སྒྲུང་པ་ལྟར་བཤད་མི་ཐུབ་ནའང། ཡི་གེར་བྲིས་ན་ཐོགས་པ་མེད་པར་སྒྲུང་དཔེ་བརྒྱ་ཕྲག་ལྷག་འབྲི་ཤེས་པ་དང་།  ཡི་གེ་འབྲི་བའི་སྐབས་སུ་སྨྱུ་གུ་ཤོག་ཐོག་ཏུ་བཞག་པས་ན། གཟུགས་མེད་ཀྱི་སྟོབས་ཤུགས་ཤིག་གིས་རམ་འདེགས་བགྱིད་པ་ལྟར་ཤར་མར་འབྲི་ཐུབ་པར་མ་ཟད། བྲིས་བྱུང་བའི་ཡི་གེ་ཡང་དག་ཅིང་འགལ་བ་ཅི་ཡང་མེད་ལ།     ཡི་གེ་འབྲི་བའི་སྐབས་སུའང་སྒྲུང་པ་ལ་ལ་གདན་ལ་བཞུགས་ནས་ཤོག་ཐོག་ལ་འབྲི་བ་དང་སྒྲུང་པ་ལ་ལ་མར་བསྒུར་ནས་ས་ནས་འབྲི་བའི་སྲོལ་ཡོད་པ། དཔེར་ན། མགོ་ལོག་གི་གུ་རུ་རྒྱལ་མཚན་གྱིས་གདན་ལ་བཞུགས་ནས་ཤོག་ཐོག་ལ་འབྲི་བ་དང་། རྨ་ལྷོའི་སྒྲུང་པ་ཨ་ཇོ་ཁྱི་དང་ལའི་རྣམ་ཤེས་ཡིན་ཟེར་ནས་མར་བསྒུར་ཏེ་ས་ནས་འབྲི་བ་ལྟ་བུའོ། ། དྲུག་ནི་གཏེར་སྒྲུང་རིགས་ཀྱི་སྒྲུང་པས་བློ་ངོ་ནས་འབྲི་ཤེས་པའི་སྒྲུང་དཔེའི་ནང་དུ་དེ་སྔ་སྤྱི་ཚོགས་ཐོག་ཁྱབ་མྱོང་བའི་སྒྲུང་དཔེ་རྙིང་བའི་སྐོར་ཡོད་ལ། སྤྱི་ཚོགས་ཐོག་གཏན་ནས་ཁྱབ་མ་མྱོང་བའི་སྒྲུང་དཔེ་གསར་བ་ཡང་མང་པོ་མཆིས་པ་སྟེ།  དཔེར་ན་མགོ་ལོག་གི་སྒྲུང་པ་གྲགས་ཅན་གུ་རུ་རྒྱལ་མཚན་ལ་མཚོན་ན་གཏེར་སྒྲུང་ལ་གཏོགས་པའི་སྒྲུང་པ་ཞིག་ཡིན་ཞིང་།   ཁོང་གིས་འབྲི་ཤེས་པའི་སྒྲུང་དཔེའི་ནང་དུ་སྤྱི་ཚོགས་ཐོག་ཁྱབ་མྱོང་བའི་སྒྲུང་དཔེ་སྟེ་《ལྷ་གླིང་གབ་ཙེ་དགུ་སྐོར་》དང་《འཁྲུངས་གླིང་།》《རྟ་རྒྱུག》《ཧོར་གླིང་གཡུལ་འགྱེད།》《མོན་གླིང་གཡུལ་འགྱེད།》《འཇང་གླིང་གཡུལ་འགྱེད་》སོགས་ཡོད་པ་དང་།   སྤྱི་ཚོགས་ཐོག་གཏན་ནས་ཁྱབ་མ་མྱོང་བའི་སྒྲུང་དཔེ་སྟེ་《དྲི་ཟའི་གླུ་རྫོང་།》དང་།  《ཤ་ཟའི་འཕྲུལ་རྫོང་།》 《རོང་སྟོད་ཁུ་བྱུག་རྫོང་།》 《མུ་སྟེགས་ཁྲབ་རྫོང་།》 《འ་ཞའི་དར་རྫོང་།》 《མུ་བོན་མགུ་རྫོང་།》《གཏེར་བྲག་བུམ་རྫོང་།》 《སྟོང་ཉིད་མགུར་རྫོང་》སོགས་མང་པོ་ཡོད་པ་ལྟ་བུའོ།  །གོང་ཞུའི་སྒྲུང་དཔེ་གསར་རྙིང་གང་ཡིན་རུང་ཚིག་དོན་གཉིས་ཀྱི་ཆ་ནས་གཏེར་སྒྲུང་རང་ལ་བརྗོད་སྟངས་དང་འབྲི་སྟངས་ཐུན་མིན་ཞིག་ཆགས་ཡོད་པའང་ངེད་རྣམས་ཀྱིས་ཤེས་དགོས་སོ། །    
དྲུག་པ། དངོས་གཏེར་དང་དགོངས་གཏེར་ལས་ཐོན་པའི་སྒྲུང་དཔེའི་ཁྱད་ཆོས་གཙོ་བོ་འགའ།
           གཅིག་ནི་དངོས་གཏེར་དང་དགོངས་གཏེར་ལས་ཐོན་པའི་སྒྲུང་དཔེ་གང་ཡིན་ཡང་ནང་བསྟན་ཆོས་ལུགས་ཀྱི་ཐ་སྙད་མང་བ་དང་ཆོས་གཞུང་བརྗོད་པའི་ཚིག་དོན་ཡང་མང་པོ་མཆིས། དཔེར་ན། དངོས་གཏེར་ལ་གཏོགས་པའི་སྒྲུང་རྙིང་《དམྱལ་གླིང་མུན་པ་རང་གསལ་》དུ།   འཆི་བ་མི་རྟག་པ་དང་བར་དོ་ཁམས། རྣམ་སྨིན། རྒྱུ་འབྲས། དམྱལ་ཁམས་བཅོ་བརྒྱད། ལས་དགེ་སྡིག་གི་དབྱེ་བ། ལྷ་དང་ལྷ་མ་ཡིན། ཡི་དྭགས། གཤིན་པོའི་བསྔོ་བ་སོགས་གསལ་ཞིང་དག་པ་བྲིས་ཡོད་པ་ལྟ་བུ་རེད།   ད་ནི་འདིར་གེ་སར་རྒྱལ་པོས་བསྔོ་བ་གསུང་བའི་ཚན་པ་རེ་བཀོད་ན་འདི་ལྟ་སྟེ། ཆོས་ཨོཾ་ཆེན་མ་ཎི་པདྨེ་ཧཱུཾ། །ངས་མ་ཎི་ལན་གསུམ་བསྔོ་བ་འདི། །ཁལ་ལྕི་མོ་བཀལ་བའི་མཛོ་གཡག་བསྔོ། །འཛུམ་རི་མོ་ཅན་གྱི་སྟག་གཟིག་བསྔོ། །ལུས་ཤ་ཁྲག་དུད་འགྲོ་ཡོངས་སུ་བསྔོ། །ཆོས་ཨོཾ་ཆེན་མ་ཎི་པདྨེ་ཧཱུཾ ། །ངས་མ་ཎི་ལན་གསུམ་བསྔོ་བ་འདི། །མ་ཨ་སྟག་ལྷ་མོ་གཙོ་བྱས་པའི། །ནམ་མཁའ་གར་ཁྱབ་སེམས་ཅན་བསྔོ། །མར་མ་གྱུར་སེམས་ཅན་གང་ཡང་མེད།།བླ་མ་བཟང་པོའི་དབང་ཡོན་བསྔོ། །གྲྭ་བ་བཟང་པོའི་ཆོས་ཡོན་བསྔོ། །སྔགས་པ་བཟང་པོའི་སྲུང་ཡོན་བསྔོ།  །ངས་བསྔོ་བ་བཞིན་དུ་ཐོབ་པར་ཤོག  །ཅེས་ཆོས་རྣམ་པར་དག་པའི་བསྔོ་སྨོན་གསུངས་པ་འདི་དག་ནི་ཤི་བོ་དུང་ཕྱུར་མང་པོ་ནུབ་ཕྱོགས་བདེ་བ་ཅན་ལ་འདྲེན་པ་དང་།  གནས་པད་མ་འོད་དུ་སྐྱེ་བར་སྨོན་ལམ་མམ་སྐྱབས་འཇུག་ཞུས་པ་ཡིན། གོང་ཞུའི་ཚིག་དོན་ལ་མཚོན་ན། ཆོས་ཀྱི་ཐ་སྙད་མང་བར་མ་ཟད།  ཆོས་ཀྱི་གཞུང་དོན་བརྗོད་པ་གཏིང་ཟབ་ཅིང་རྒྱ་ཆེ་བ་ཞིག་རེད།  གཞན་ཡང་དགོངས་གཏེར་ལས་ཐོན་པའི་སྒྲུང་དཔེ་《གླིང་གི་བྲོ་ར་》རུ།  དབུ་སྐྲ་མཐིང་སྔོན་བཻ་ཊཱུརྱའི་སྐྲ་ཅོག་ལ།  སྐྲ་འཆང་ཤེལ་གྱི་པ་ཏྲ་ལ་ནོར་བུ་དཀར་སེར་དམར་ལྗང་དགུ་བསྒྲིགས་ཀྱི་ཕྲ་བཏབ་པ། ཕྱག་གཡས་ལ་རྩ་གསུམ་རིག་འཛིན་རྒྱ་མཚོ་སྤྱན་དྲངས་ནས་ཐོད་རྔ་སྟོང་གསུམ་ཆོས་སྒྲ་བསྣམས་པ།  ཕྱག་གཡོན་ལ་བདེ་སྟོང་ཡེ་ཤེས་ཀྱི་མཁའ་འགྲོ་འདྲ་བའི་དྲིལ་བུ་ཉི་ཟླ་འོད་འབར་བསྣམས་པ།  སྐུ་ཉམས་དུང་ཟླ་ཤར་འདྲ་བདེ་སྟོང་འོད་ཕུང་གི་ཀློང་ན་བཞུགས་པ། ཞེས་བཀོད་འདུག་པ་དེ་དག་མཐོང་མ་ཐག་གླིང་རྗེ་གེ་སར་རྒྱལ་པོ་མཆོག་ནི་ནག་ཕྱོགས་བདུད་སྡེ་འཇོམས་མཁན་གྱི་དཔའ་བོ་ཁོ་ན་ཙམ་མིན་པར། ད་དུང་ཟབ་མོ་ཆོས་ཀྱི་གཞུང་ལ་དབང་མངའ་བའི་བླ་མ་སྲིད་ན་དཀོན་པ་ཞིག་ཡིན་པའི་གཟུགས་རིས་དེ་མིག་མདུན་དུ་ལྷན་ནེར་ཤར་ཐུབ་ཅིང་། འདི་ལྟ་བུའི་ཆོས་ཚིག་གིས་མི་སྣའི་གཟུགས་བརྙན་ཞིབ་འབྲི་བགྱིས་པ་མང་དུ་མཐོང་ཐུབ་པས་ན། འདི་ཡང་གཏེར་སྒྲུང་གི་ཁྱད་དུ་མཚར་བའི་རྟགས་མཚན་གཙོ་བོ་ཞིག་ཡིན་པ་སུས་ཀྱང་བསྙོན་དུ་མེད།  
           གཉིས་ནི་ངག་ཐོག་ནས་བརྒྱུད་དེ་ཐོན་པའི་སྒྲུང་དཔེ་དང་དངོས་གཏེར་དང་དགོངས་གཏེར་ལས་ཐོན་པའི་སྒྲུང་དཔེའི་རྗོད་བྱེད་ཀྱི་ཚིག་ལ་ཁྱད་པར་ཆེན་པོ་ཡོད།  དེ་ཡང་ངག་ཐོག་ནས་བརྒྱུད་པའི་སྒྲུང་དཔེའི་རྗོད་བྱེད་ཚིག་གི་ཁྱད་ཆོས་གཙོ་བོ་ནི་མང་ཚོགས་ཀྱི་ཁ་སྐད་དང་འདྲེས་མ་ཡིན་ལ། གོ་སླ་བ་དང་།  ཁར་བདེ་བ། ད་དུང་དམངས་ཁྲོད་ཀྱི་ཁ་བཤད་དང་དཔེ་འཇོག གཏམ་དཔེ། གླུ་ཤགས་ལྟ་བུའི་ཚིག་སོགས་ཀྱིས་གོང་འོག་བར་གསུམ་དུ་བཅིངས་ཡོད། འོ་ན་གཏེར་སྒྲུང་རིགས་ཀྱི་རྗོད་བྱེད་ཚིག་གི་ཁྱད་ཆོས་གཙོ་བོ་ཅི་ཡིན་ཞེ་ན།   དེར་རྩོམ་པ་པོས་བསམ་གཟས་ནས་བརྩམས་པའི་བརྩམས་ཆོས་ཀྱི་ཁྱད་ཆོས་ཡོད་ལ།  རྗོད་བྱེད་ཀྱི་ཚིག་ཀྱང་སུམ་དག་རྟགས་གསུམ་གྱིས་ཀུན་ནས་བཅིངས་འདུག་པར་མ་ཟད།  སྙན་ངག་དང་མངོན་བརྗོད་བཀོད་པའང་ཅུང་མང་ཞིང་།  ད་དུང་ཚིག་གི་བརྗོད་སྟངས་དང་རྩོམ་ཉམས་ཀྱང་《གཞོན་ནུ་ཟླ་མེད་》དང་《བྱ་མགྲིན་སྔོན་ཟླ་བའི་རྟོགས་བརྗོད་》ལྟ་བུར་མཚུངས་པའི་ཆའང་མང་བར་སེམས།ད་དུང་བརྡ་རྙིང་མང་ལ་ཚེག་བར་དམ་པ་དང་།  ཚིག་ཉམས་ལྡན་ལ་སྙན་ཞིང་འཇེབས་པ།    ཡོན་ཏན་ཅན་གྱི་བློ་མིག་འཕྲོག་པའི་ནུས་པ་ལྡན་པ་ཞིག་ཏུ་འདུག   ཡིན་ནའང་ཡི་གེ་མེད་པའི་ཉན་མཁན་ལ་མཚོན་ན་གོ་ཁ་ཅུང་དཀའ་མོ་ཡིན། དཔེར་ན། 《གླིང་གི་བྲོ་ར་》ལས། ཤར་འཛུམ་དཀར་གྱི་དུང་ཟླ་གངས་ལ་ཤར་འདྲ། སྤྱན་ཨུཏྦལ་གྱི་བུང་བ་འཕུར་ལྡིང་ལིང་ལིང་། སོ་དུང་ཕྲེང་གི་བུ་མོ་འཛུམ་མདངས་ཤིགས་སེ།  ཞེས་དང་།  སྐུ་འཛམ་གླིང་སེང་ཆེན་བོད་ལ་འཁྲུངས། གསུང་གླུ་ཡི་བརྡ་མཛོད་ཡོངས་ལ་ཁྱབ། ཐུགས་ཆོས་དབྱིངས་སྐྱེ་མེད་རིག་པའི་རྩལ། ཞེས་པ། གླིང་ཆེ་རྒྱུད་སྟག་གི་མཆེ་བ། འབྲིང་རྒྱུད་གཟིག་གི་ཐིག་ལེ། ཆུང་རྒྱུད་སེང་གེའི་གཡུ་རལ་རྣམས། སྐུ་ལ་བདེ་སྟོང་གི་ལུས་རྩལ་རྫོགས་ནས།    གསུང་ལ་དབྱིངས་སྣང་བརྡ་ཡི་མགྲིན་པའི་རྫ་རྔ་འཁྲོལ་བས།  བསམ་དོན་ཆོས་སུ་འགྲུབ་པ་ཀླུ་ཡི་གཏེར་མཛོད་བརྡོལ་བ། ཐུགས་ལ་མཁྱེན་ཆ་ཡེ་ཤེས་ཀྱི་རང་མདངས་འགགས་མེད་འོད་དུ་འཆར་བ་ཞེས་པ་ལྟ་བུ་སོགས་ལ་བརྟགས་ན་རྩོམ་པ་པོས་བརྩམས་པའི་བརྩམས་ཆོས་དང་ཁྱད་པར་མ་མཆིས་ཤིང་། སྙན་ངག་གི་དཔེ་རྒྱན་དང་གཟུགས་རྒྱན་ལ་སྦྱར་བའི་ཚིགས་བཅད་ཀྱང་ཤིན་ཏུ་ཉམས་དགའ་བ་མང་པོ་མཐོང་ཐུབ་པར་མ་ཟད། ད་དུང་ཅུང་གོ་དཀའ་བའི་མིང་བརྡ་བདེ་སྟོང་གི་ལུས་རྩལ།   མགྲིན་པའི་རྫ་རྔ།   ཡེ་ཤེས་ཀྱི་རང་མདངས་ལྟ་བུ་མང་པོ་ཡོད་པ་ལས་གཞན།     གཏེར་མཛོད་བརྡོལ་བ་དང་། འགགས་མེད་འོད་དུ་འཆར།  རྫ་རྔ་འཁྲོལ་ལྟ་བུའི་བྱ་ཚིག་གི་སྦྱོར་སྟངས་ཀྱང་གང་སར་བཀོད་ཡོད་པ་མཐོང་ཐུབ།  འདི་ནི་གཏེར་སྒྲུང་གི་ཐུན་མིན་གྱི་རྗོད་བྱེད་ཚིག་གི་ཁྱད་ཆོས་འབུར་དུ་ཐོན་པ་ཞིག་ཡིན་ནོ། །  
           གསུམ་ནི་གཏེར་སྒྲུང་དུ་སྒྲུང་རྙིང་མང་པོ་ལས་མཐོང་དཀོན་པའི་མི་སྣའི་སྐྱེས་རབས་ལོ་རྒྱུས་མང་པོ་གསལ་ལེར་བརྗོད་ཡོད། ཁྱད་པར་དུ་གླིང་གི་དཔའ་རྟུལ་སུམ་ཅུ་དང་ཡང་རྟུལ་དམ་པའི་མི་བདུན།  ཞེ་རྟུལ་ཁྲ་གླག་སྤྱང་གསུམ་གྱི་སྐྱེ་ཁུངས་དང་ཡབ་ཡུམ་གྱི་མཚན། ཆུང་མ་དང་བུ་ཕྲུག་སོགས་ཀྱི་མཚན་དང་ལོ་རྒྱུས་བསྡུས་པ་བརྗོད་འདུག་པ་ཤིན་ཏུ་རིན་ཐང་ལྡན་པ་ཞིག་ལགས། དཔེར་ན།《སྨུག་པོ་ལྡོང་གི་རྒྱལ་རབས་》སུ།  དཔའ་འགྲན་མེད་སེང་སྟག་ཨ་དོམ་གྱི་སྐྱེ་ཁུངས་ཀྱི་ལོ་རྒྱུས་བཀོད་ཡོད་པ་འདི་ལྟ་སྟེ། དེ་ཡང་ཤིང་འབྲུག་གི་ལོར། ཡབ་ཆེན་སེང་བློན་ཀ་མ་རི་སྐྱེས་ཀྱི་མཆོད་ཁང་དྲི་མེད་ཆོས་མཛོད་ཀྱི་མཆོད་ཁྲིའི་སྟེང་དུ། བ་ག་རུ་ཊ་ཡི་སྒོ་ང་དང་མཚུངས་པའི་དུང་སྦུབས་ཤིག་སྨིན་ནོ། །དེར་སེང་བློན་གྱིས་སྐྱོང་སྙོར་ཡག་པོ་གནང་བས་ན།  ཅང་མ་འགོར་བར་དེ་ཁ་གས་ཏེ་ནང་དུ་ཁྱེའུ་མཛེས་སྡུག་ལྟ་བས་ཆོག་མི་ཤེས་པ་ཞིག་འཁྲུངས།   ཞེས་དང་།  ཡང་སྒ་སྡེ་ཆོས་སྐྱོང་བེར་ནག་ནི་སྒ་སྟོད་དར་གྱི་ལྷ་ལུང་ཆོས་འཕེལ་པད་མ་ལྷ་ཐང་གི་འགྲམ་དུ་སྒ་མི་འགྱུར་ཆོས་ཀྱི་དབང་ཕྱུག་དང་འབྲུ་བཟའ་བསམ་གཏན་དཔལ་ལྷ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། མཚན་ལ་སྒ་སྡེ་མི་ཆེན་སེར་པོར་མངའ་གསོལ།   དགུང་ལོ་བཅུ་གཉིས་ཏེ་ཤིང་རྟ་ལོར་འབའ་སངས་རྒྱས་འཚོར་ཁྱིམ་ཐབས་བྱེད་དུ་བཅུག་སྟེ་ཞེས་བཀོད་འདུག་པ་དང་ད་དུང་གླིང་གི་ཡང་རྟུལ་དམ་པའི་མི་བདུན་གྱི་ཡ་གྱལ་སྟག་རོང་ཨ་ནུ་གཟིག་འཕེན་གྱི་ལོ་རྒྱུས་ཀྱི་སྐབས་སུ་འདི་ལྟར་བཀོད་འདུག་སྟེ།  གླིང་བཀྲ་ཤིས་མགོན་པོ་དང་།  ཡུམ་གཟིག་ལྕམ་གངས་མཚོ་གཉིས་ལ་ཤིང་མོ་སྟག་གི་ལོར་གྲུབ་ཆེན་ཀངྐའི་རྣམ་སྤྲུལ་སྟག་རོང་དཔོན་པོ་གཟིག་འཕེན་འཁྲུངས།  དགུང་ལོ་བཅུ་གསུམ་སྟེ་ཆུ་སྟག་ལོར་འབྲོག་བཟའ་འོད་ལྷ་ཁབ་ཏུ་བཞེས་ནས་སྲས་གཉིས་དང་སྲས་མོ་གཅིག་བལྟམས། ཞེས་པ་སོགས་ལ་བརྟགས་ན་དངོས་གནས་མི་སྣ་མཚམས་སྦྱོར་གྱི་ཐད་དུ་སྔར་མེད་ཀྱི་ཕན་འབྲས་གསར་བ་ཞིག་སྨིན་ཡོད།  རྒྱུ་མཚན་ནི་དེ་སྔ་སྤྱི་ཚོགས་ཐོག་ཁྱབ་མྱོང་བའི་སྒྲུང་དཔེ་བཅུ་ཕྲག་མང་པོ་ལག་མི་སྣའི་ལོ་རྒྱུས་གསལ་བོར་བརྗོད་ཡོད་པའི་སྒྲུང་དཔེ་གཅིག་ཀྱང་མཐོང་མ་མྱོང་ཞིང་།  ཐ་ན་གེ་སར་རྒྱལ་པོ་དང་དཔའ་རྟུལ་སུམ་ཅུའི་སྐྱེས་རབས་འབྱུང་ཁུངས་གསལ་བོར་བཀོད་ཡོད་པའི་སྒྲུང་དཔེ་ཡང་ཉིན་མོའི་སྐར་མ་བཞིན་དཀོན་པས་སོ།  །གལ་སྲིད་གཏེར་སྒྲུང་འདི་དག་ལས་བརྗོད་པའི་མི་སྣའི་ལོ་རྒྱུས་དང་ལོ་ཚིགས་སོགས་དག་པའི་དབང་དུ་བཏང་ན། གླིང་སྒྲུང་ཞིབ་འཇུག་ཐད་ཀྱི་དཀའ་གནད་མི་ཉུང་བ་ཞིག་སེལ་བར་དཔྱད་གཞིའི་རྒྱུ་ཆ་གལ་ཆེན་འདོན་སྤྲོད་གནང་ཡོད་པ་ཞིག་རེད་དོ། །འདི་ཡང་གཏེར་སྒྲུང་གི་ངོ་མཚར་ལྡན་པའི་གྲུབ་འབྲས་ཤིག་ཡིན་པར་སྙམ།   
           བཞི་ནི་གཏེར་སྒྲུང་རིགས་ཀྱི་སྒྲུང་གི་གླུ་ཚིག་ཐོག་མ་འགུག་པའི་འགུག་རྟ་ལ་ཡང་ངག་ཐོག་ཏུ་བརྒྱུད་ཡོང་བའི་སྒྲུང་དཔེའི་གླུ་ཚིག་གི་འགུག་ལུགས་དང་ཁྱད་པར་ཆེ། དཔེར་ན། གླིང་སྒྲུང་《ཧོར་གླིང་གཡུལ་འགྱེད་》ལ་མཚོན་ན། གླུ་ཚིག་ཡོད་དོ་ཅོག་གི་མགོའི་འགུག་རྟ་ལ། གླུ་ཨ་ལ་ལ་མོ་ཨ་ལ་ལེན། །གླུ་ཐ་ལ་ལ་མོ་ཐ་ལ་ལེན། །ཞེས་བཀོད་ཡོད་པ་དང་། གླུ་རེ་རེའི་མཇུག་ཏུ། གླུ་གོ་ན་རྣ་བའི་བདུད་རྩི་ཡིན། །མ་གོ་གླུ་ལ་འབྲེལ་བ་མེད། །ཅེས་བཀོད་ཡོད་མོད། འོན་ཏེ་གཏེར་སྒྲུང་རིགས་ཀྱི་གླུ་ཚིག་གི་འགུག་རྟ་དེ་འདྲ་མིན་ཞིང་།  གླུ་རེ་རེའི་མཇུག་ཏུ་ཡང་གཅིག་གྱུར་གྱི་རྗོད་ཚིག་མེད། དཔེར་ན། 《གླིང་གི་བྲོ་ར་)ལས། ཨོཾ་ཆོས་མཆོག་མ་ཎི་པདྨེ་ཧཱུཾ། །བཀའ་ཡང་དག་ཆོས་ལ་གསོལ་བ་འདེབས། །ལྟ་བུ་དང་། གླུ་ཧ་ལ་ཧ་ལ་ཧ་ལ་རེད། །མ་ཐ་ལ་གླུ་ཡི་ལེན་ལུགས་ལ། །ལྟ་བུ། ཨེ་ཨ་ལ་མ་དང་མཁའ་འགྲོའི་བརྡ། །གླུ་དཀར་མོ་དྲུག་འགྱུར་བཀའ་ཡི་གསུང་། །ལྟ་བུ་སྟེ་གླུའི་འགུག་རྟ་གཅིག་གྱུར་མིན་པ་དང་གླུ་རེ་རེའི་མགོའི་འགུག་ལུགས་ཀྱི་ནང་དོན་ཀྱང་སོ་སོ་ཡིན། གླུ་མཇུག་སྡུད་པའི་སྐབས་སུའང་གཅིག་གྱུར་གྱི་ཚིག་བཀོད་མེད་ཅིང་། དེ་ཡང་སྐུ་ནོར་བུ་དགྲ་འདུལ་ཐུགས་ལ་ཞུ་ལྟ་བུ་དང་། བློ་ཐེ་ཚོམ་མ་བྱེད་སྐལ་ལྡན་རྣམས། །སེམས་མ་གཡེངས་དལ་ཅིག་མཉམ་པར་ཞོག །ཅེས་པ་ལྟ་བུ་བཀོད་ནས་གང་ལ་གང་མཁོའི་ཚིག་དོན་སྦྱར་བ་མ་གཏོགས་གཅིག་གྱུར་གྱི་མཇུག་ཚིག་བརྗོད་མེད།  《དམྱལ་གླིང་མུན་པ་རང་གསལ་》ལས་ཀྱང་གླུ་ཚིག་རེ་རེའི་མགོའི་འགུག་རྟར་གླུ་ཨ་ལ་དང་ཐ་ལ་ཞེས་པ་གཅིག་ཀྱང་བཀོད་མེད་ཅིང་།    ཐད་ཀར་དོན་གྱི་འགོ་བཟུང་ནས་བརྗོད་པའི་དཔེ་ཆགས་ཡོད།  མཇུག་སྡུད་པའི་དུས་སུའང་ཐད་ཀར་བརྗོད་དོན་གྱི་དགོས་མཁོ་ལྟར་མཇུག་བསྡུས་པ་མ་གཏོགས་གཅིག་གྱུར་གྱི་ཚིག་གིས་བཅིངས་མེད།  འདི་ཡང་གཏེར་སྒྲུང་རིགས་ཀྱི་སྒྲུང་དཔེའི་ཁྱད་ཆོས་ཤིག་ཡིན་པར་སྙམ་མོ། །      
བདུན་པ། མཐའ་མའི་དཔྱད་གཏམ།
           ད་ལྟ་རྒྱལ་ཁབ་ཕྱི་ནང་གི་ཞིབ་འཇུག་པ་བགྲེས་གཞོན་རྣམས་ཀྱིས་གཏེར་སྒྲུང་གི་བཤད་ཚུལ་མི་འདྲ་བའི་རིགས་ལ་ཞིབ་འཇུག་གི་དཔྱད་རྩོམ་འགའ་རེ་བྲིས་ཡོད་ཀྱང་ཚན་རིག་གི་ལྟ་བ་དང་མཐུན་པའི་སྡོམ་ཚིག་རྣམ་དག་ཅིག་ད་ལྟའི་བར་འཇོག་ཐུབ་མེད།  ཁོ་བོའི་བསམ་པར་གཏེར་སྒྲུང་རིགས་ཀྱི་གསང་བ་དེ་དག་གནས་སྐབས་ཙམ་གྱིས་འབྱེད་མ་ཐུབ་ན་ཡང་སྣང་མེད་དུ་གཏན་ནས་འཇོག་མི་རུང་།  ཅིའི་ཕྱིར་ཞེ་ན།  ད་ལྟ་སྔོན་བྱོན་སྐྱེས་བུ་དམ་པ་དག་གིས་གཏེར་ལས་བཏོན་པའི་སྒྲུང་དཔེ་མི་ཉུང་བ་གྲངས་ཀ་བརྩི་རྒྱུ་ཡོད་པ་ལས་གཞན་ཏུན་ཧོང་ཡིག་ཚང་ནས་ཐོན་པའི་གཏེར་ཡིག་དེ་དག་ལས་ཀྱང་གེ་སར་རྒྱལ་པོའི་ལོ་རྒྱུས་དང་སྒྲུང་ཡིག་སྐོར་རགས་ཙམ་དུ་གླེང་ཡོད་པ་དང་།   ད་དུང་གནའ་དེང་གཉིས་ཀྱི་གཏེར་སྒྲུང་རིགས་ཀྱི་སྒྲུང་པ་རྣམས་ཀྱིས་འབྲི་ཤེས་པའི་སྒྲུང་དཔེ་བརྒྱ་ཕྲག་ལྷག་ལ་སོན་ཡོད་ཅིང་།  ད་ལྟ་དངོས་སུ་བྲིས་ཡོད་པའི་སྒྲུང་དཔེ་ཡང་ཉི་ཤུ་ལྷག་ལ་བུད་ཡོད།  དེ་དག་ལས་《སྨུག་པོ་ལྡོང་གི་རྒྱལ་རབས་》དང་《རྒྱ་གར་ཆོས་རྫོང་།》《གླིང་གི་བྲོ་ར།》《དམྱལ་གླིང་རྫོགས་པ་ཆེན་པོ།》《དམྱལ་གླིང་མུན་པ་རང་གསལ་》སོགས་ལེགས་སྒྲིག་པར་སྐྲུན་བགྱིས་འདུག་པ་མིག་གིས་མཐོང་རྒྱུ་ཡོད་པ་དང་།   དེ་མིན་གཏེར་སྒྲུང་རིགས་ཀྱི་སྒྲུང་པ་རྣམས་ལ་ཡང་ཀྱག་ཀྱོག་ཆེ་བའི་བརྒྱུད་རིམ་དང་།  ངོ་མཚར་ལྡན་པའི་ཁྱད་ཆོས།  སྒྲུང་པར་གྱུར་པའི་རྒྱུ་རྐྱེན། ཟློག་པ་མེད་པའི་དད་འདུན། ལུང་གིས་ཟིན་པའི་བརྡ་ཡིག་དང་བཅས་པ་གཞན་དང་མི་མཐུན་པའི་ཁྱད་མཚར་མང་པོ་ཡོད་པར་མ་ཟད། བྲིས་ན་ཐོགས་པ་མེད་པ་དང་བཤད་ན་རྫོགས་རྒྱུ་མེད་པར་གྲགས་པས་ན། ངེད་ཅག་གིས་མཐོང་ཆེན་བྱས་ཏེ་སྡུག་རུས་ཀྱིས་ཞིབ་འཇུག་བགྱིད་པ་མ་གཏོགས་ཆོས་ལུགས་རྨོངས་དད་དང་སེམས་གཙོ་སྨྲ་བའི་གྲས་སུ་བཅུག་ནས་གཞན་དུ་འཕེན་མི་རུང་སྙམ། དེའི་རྒྱུ་མཚན་ཡང་ད་ལྟའི་གནས་སྐབས་ཙམ་ལ་འགྲེལ་བ་དཀའ་ནའང་འཛམ་གླིང་ཡོངས་ཀྱི་ཚན་རིག་དར་རྒྱས་ཡོང་བ་དང་ཞིབ་འཇུག་པའི་ཆུ་ཚད་མཐོ་རུ་གྱུར་པའི་སྐབས་ཤིག་ལ་གཏེར་སྒྲུང་གི་གསང་རྒྱ་འདི་རྣམ་པར་གྲོལ་ཐུབ་པའི་ཡིད་ཆེས་བརྟན་པོ་མཆིས་སོ། །
           ཟུར་ལྟའི་དཔྱད་གཞིའི་ཡིག་ཆ།
           1. 《གུ་བཀྲའི་ཆོས་འབྱུང་》ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་ནས་པར་སྐྲུན་བྱས།
           2. 《མདོ་སྨད་ཆོས་འབྱུང་》ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་ནས་པར་སྐྲུན་བྱས།
           3. 《སེང་འབྲུག་སྟག་རྩེ་ཕོ་བྲང་གི་ལོ་རྒྱུས》བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་ནས་པར་སྐྲུན་བྱས།
           4. 《གླིང་གེ་སར་སྒྲུང་གི་ཚིག་རྒྱན་ནོར་བུའི་བང་མཛོད》མི་རིགས་དཔེ་སྐྲུན་ཁང་ནས་པར་སྐྲུན་བྱས།
           5. 《རྒྱལ་སྤྱིའི་བོད་ཀྱི་རིག་གཞུང་གྲོས་ཚོགས་ཐེངས་དགུ་བའི་དཔྱད་རྩོམ་གནད་བསྡུས་ཕྱོགས་བསྒྲིགས》
           6. 《གླིང་སྒྲུང་ལ་ཐོག་མའི་དཔྱད་པ》མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་ནས་པར་སྐྲུན་བྱས།
           7. 《སྨུག་པོ་ལྡོང་གི་རྒྱལ་རབས》མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་ནས་པར་སྐྲུན་བྱས།
           8. 《དམྱལ་གླིང་མུན་པ་རང་གསལ》མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་ནས་པར་སྐྲུན་བྱས།
           9.《ཧོར་གླིང་གཡུལ་འགྱེད》མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་ནས་པར་སྐྲུན་བྱས།
           10. 《གླིང་གི་བྲོ་ར་ཡིད་འཕྲོག་པད་དཀར་ཕྲེང་མཛེས》མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་ནས་པར་སྐྲུན་བྱས།
           11. 《བོད་ཀྱི་གཏེར་ཆོས་སྐོར་ཆེ་ལོང་ཙམ་དཔྱད་པ》 《ཀྲུང་གོའི་བོད་རིག་པ》ཞེས་པའི་དུས་དེབ་ཀྱི་སྟེང་བཀོད་ཡོད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1