ཀུན་སྤྱོད་ནི་རྩོམ་པའི་དུས་སུ་ལྷག་པར་མེད་མི་རུང་།
ཚེ་རྒྱལ། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 09-28
ཀུན་སྤྱོད་ཀྱི་ཐ་སྙད་འདི་ལ་འགྲེལ་ཚུལ་འགའ་བྱུང་ཡོད། ཚིག་མཛོད་ཆེན་མོ་ལས་ཀུན་ཏུ་སྤྱོད་པར་བཀྲལ་ཅིང་། དཔེ་བྱད་བཟང་པོ་བརྒྱད་ཅུ་ལས་ཐུགས་གཙང་བ་ཉིད་ཀྱིས་སྒོ་གསུམ་གྱི་ཀུན་ཏུ་སྤྱོད་པ་ལ་ཉེས་པའི་དྲི་མ་མེད་པས་ཀུན་ཏུ་གཙང་བ་ཞེས་པའི་བསྡུས་ཚིག་སྟེ། ལུས་ངག་ཡིད་གསུམ་མམ་དེ་གསུམ་གང་རུང་གི་བྱ་སྤྱོད་དམ་སྤྱོད་ལམ་ཞེས་འགྲེལ། དེ་ལྟར་ན་དེང་དུས་སྤྱོད་བཞིན་པའི་མི་ཆོས་ཀུན་སྤྱོད། ཀུན་སྤྱོད་སློབ་གསོ་ལྟ་བུའི་ཁྲོད་ཀྱི་ཀུན་སྤྱོད་ནི་བོད་ཀྱི་གཉུག་མའི་ཐ་སྙད་གཤའ་མ་ཞིག་ཏུ་སོང་ཡོད། འགའ་རེས་རྒྱ་ཡིག་གི“公 德”ལྟར་འགྲེལ་པས་དེ་ཉིད་རང་ཤུགས་ཀྱིས་ལོ་ཙཱའི་བརྡ་ཆད་ཀྱི་གྲས་སུ་བཞག་འདུག ཡིད་རྟོན་འཕེར་བའི་འགྲེལ་ཚུལ་ནི་ཀུན་སློང་དང་སྤྱོད་པ་གཉིས་ཀྱི་བསྡུས་མིང་ཡིན།
སྤྱིར་ཀུན་སྤྱོད་ནི་དགེ་མི་དགེ་གང་རུང་དུ་མི་གཏོགས་པའི་ལུང་མ་བསྟན་གྱི་ཐ་སྙད་དུ་ངེས་པས་མི་ཚོས་ཐ་སྙད་འདི་བེད་སྤྱོད་གཏོང་སྐབས་ཀུན་སྤྱོད་ལེགས་པོའམ་ཀུན་སྤྱོད་ངན་པ་ཞེས་ཚིག་གྲོགས་ལ་བརྟེན་ཏེ་གོ་དོན་སྒྱུར་བཞིན་ཡོད་མོད། གོམས་སྲོལ་གྱི་དབང་དུ་བྱས་ནས་དགེ་བའི་ཕྱོགས་སུ་སྤྱོད་པ་ཤུགས་ཆེ། ང་ཚོས་ད་ལྟ་སྤྱོད་བཞིན་པའི་བསམ་བློའི་ཀུན་སྤྱོད། ཀུན་སྤྱོད་སློབ་གསོ། མི་ཆོས་ཀུན་སྤྱོད་ཟེར་བའི་བརྡ་ཆད་ཁྲོད་ཀྱི་ཀུན་སྤྱོད་ནི་དཔེ་བྱད་བཟང་པོ་བརྒྱད་ཅུའི་ཁྲོད་ཀྱི་ཀུན་ཏུ་སྤྱོད་པའི་དོན་མ་ཡིན་པར་རྒྱ་ཡིག་གི“道德”ཞེས་པའི་ཐ་སྙད་འདིའི་འགྱུར་ཡིག་ཡིན། འདི་ཉིད་ཐོག་མར་ལོ་ཙཱ་བྱེད་དུས་ཐ་སྙད་རྐྱང་བའི་དོན་ལ་གཞིགས་ཏེ་སྣོན་མ་བྱས་པ་སྟེ། སྤྱིར་རྒྱའི་ཐ་སྙད་དེ་ཉིད་སྤྱོད་པའི་དོན་ལ་འཇུག་ཀྱང་། འདིར་ཀུན་སློང་དང་སྤྱོད་པ་གཉིས་ལྷན་དུ་སྦྲེལ་ཏེ་ཀུན་སྤྱོད་ཅེས་སུ་བསྒྱུར། དེ་ལ་ཐ་སྙད་ཆིག་རྐྱང་སྟེང་ནས་སྐྱོན་མི་འབབ་མོད། བསམ་བློའི་ཀུན་སྤྱོད་ལྟ་བུ་དང་ལྷན་དུ་སྦྲེལ་སྐབས་ཚིག་སྐྱོན་ལ་རེག་པའི་དུས་ཡོད་ཀྱང་། ད་ལྟ“道德”ཞེས་པའི་གོ་དོན་དང་ཡོངས་སུ་འདྲེས་ཡོད་པས་ཐ་སྙད་ལ་སྐམ་བཤད་བྱས་པས་དགོས་པ་ཆུང་།
རང་རེའི་སྔོན་གྱི་ཐ་སྙད་དུ་སྤྱོད་པ་ཞེས་བརྗོད། རྒྱལ་སྲས་སྤྱོད་པ་དང་། ས་སྐྱ་ལེགས་བཤད་ལས། དམན་པ་སྤྱོད་པ་བཟང་བྱུང་ཡང་། ། དེ་ནི་བཅོས་མའི་རྣམ་ཐར་ཡིན། ། ལྟ་བུ་དག་གིས་མཚོན། བོད་ཀྱིས་ཀུན་སྤྱོད་ལ་ཤིན་ཏུ་རྩིས་མཐོང་བྱེད་ཅིང་། གནའ་བོའི་དུས་སུ་ལོ་ཙཱ་པ་རྣམས་ཀྱིས་ཀུན་སྤྱོད་སྟོན་པའི་བསྟན་བཅོས་མང་པོ་བསྒྱུར་ཡོད་པ་དཔེར་ན། སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པའི་བློན་པོའི་རིགས་ལ་གདམས་པ《ཤེས་རབ་བརྒྱ་པ》དང་། དམངས་རིགས་ལ་གདམས་པ《སྐྱེ་བོ་གསོ་ཐིགས》《ལུགས་ཀྱི་བསྟན་བཅོས་ཤེས་རབ་སྡོང་བུ》 སོགས་རྒྱ་གར་གྱི་མཁན་པོ་སརྦ་ཛྙཱ་དེ་བ་དང་། ཞུ་ཆེན་གྱི་ལོ་ཙཱ་བ་བན་དེ་དཔལ་བརྩེགས། མཁན་པོ་ཤཱི་ལེནྡྲ་བོ་དྷི་དང། ལོ་ཙཱ་བ་བན་དེ་ཡེ་ཤེས་སྡེ། ལོ་ཙཱ་བ་ཤཱི་ལེནྡྲ་བོ་དྷིི་དང། བན་དེ་ཡེ་ཤེས་སྡེས་བསྒྱུར་བ་དང་། རྒྱལ་སྲས་ཞི་བ་ལྷས་ཆོས་པ་རྣམས་ལ་གདམས་པ《ལག་ལེན་སོ་བདུན་མ》 སློབ་དཔོན་པདྨ་འབྱུང་གནས་ཀྱིས་གསུངས་པའི《མི་ཆོས་བསྟན་པའི་མདོ》 སོགས་དང་། བོད་རང་གིས་བརྩམས་པ་ལས། འབྲོམ་སྟོན་པ་རྒྱལ་བའི་འབྱུང་གནས་ཀྱིས་མཛད་པའི་མི་ཆོས་གནད་ཀྱི་ཕྲེང་བ། འགྲོ་མགོན་ས་སྐྱ་པཎྜི་ཏ་ཆེན་པོས་མཛད་པའི《ལེགས་པར་བཤད་པ་རིན་པོ་ཆེའི་གཏེར་ཞེས་བྱ་བའི་བསྟན་བཅོས》ཏེ《ས་སྐྱ་ལེགས་བཤད》 པཎ་ཆེན་བསོད་ནམས་གྲགས་པའི《མཁས་པ་དང་བླུན་པོ་བརྟག་པའི་བསྟན་བཅོས་དགེ་ལྡན་ལེགས་བཤད》 དེ་བཞིན་དུ་སུམ་པ་ཡེ་ཤེས་དཔལ་འབྱོར་གྱིས་མཛད་པའི《མིའི་ཆོས་ལུགས་ཀྱི་བསྟན་བཅོས་མེ་ཏོག་ཕྲེང་མཛེས》 དང་། དཀྱིལ་ཟུར་བློ་བཟང་སྦྱིན་པའི《ལུགས་ཟུང་བ་དན་གཡོ་བའི་ལེགས་བཤད་རླུང་གི་བསྟན་བཅོས》 ཡང་མཁས་དབང་འདིས་མཛད་པའི《འཇིག་རྟེན་མི་ཆོས་དང་འབྲེལ་བའི་བསླབ་བྱ་ཟླ་བའི་བསྟན་བཅོས》 གུང་ཐང་བསྟན་པའི་སྒྲོན་མེའི《ལེགས་པར་བཤད་པ་ཤིང་གི་བསྟན་བཅོས》 ཡང་ཁོང་གི《ལེགས་པར་བཤད་པ་ཆུའི་བསྟན་བཅོས》 དང། ནོམ་ཆི་མཁན་པོ་ངག་དབང་ཕུན་ཚོགས་ཀྱིས་མཛད་པའི《དམ་པ་ཆོས་ལུགས་ཀྱི་རིན་པོ་ཆེའི་བསྟན་བཅོས་ལེགས་བཤད་དབང་གི་རྒྱལ་པོ》《དམ་པ་ཆོས་ལུགས་ཀྱི་མེའི་བསྟན་བཅོས》《དམ་པ་ཆོས་ལུགས་ཀྱི་ལྕགས་ཀྱི་བསྟན་བཅོས》 དྷརྨ་སཱུརྱ་སྟེ་ཆོས་ཀྱི་ཉི་མས་མཛད་པའི《སའི་བསྟན་བཅོས》 འཇུ་མི་ཕམ་གྱིས་མཛད་པའི《རྒྱལ་པོ་ལུགས་ཀྱི་བསྟན་བཅོས》 གཞན་ཡང་གངས་ཅན་མཁས་དབང་རིམ་བྱོན་གྱིས་མཛད་པའི་བསླབ་བྱ། ཞལ་གདམས། མགུར་གླུ། འབེལ་གཏམ། མན་ངག་སོགས་ལས་ཀུན་སྤྱོད་ཀྱི་ཚད་གཞི་ཤིན་ཏུ་མང་པོ་བསྟན་ཡོད་ལ། དེར་མ་ཟད། བོད་དམངས་ཁྲོད་ཀྱི་གཏམ་དཔེ་དང། གླུ། ལ་གཞས། དབུས་གཙང་གི་གཞས། ཁམས་གཞས། ལས་གླུ། རོགས་འཐེན། སྒྲུང་། ལྡེའུ། བོན་སོགས་ལས་ཀུན་སྤྱོད་ཀྱི་ཚད་གཞི་བགྲང་ལས་འདས་པ་བསྟན་ཡོད་པས་བོད་ནི་ཀུན་སྤྱོད་ལ་བརྩི་བཀུར་བྱེད་པའི་མི་རིགས་ཤིག་ཡིན་པ་གསལ་པོར་བསྟན་ཡོད།
ཡིན་ནའང་། དེང་སྐབས་གོང་སྨྲས་ཀྱི་གོ་དོན་དེ་དག་མཁྱེན་པའི་མཁས་པ་དང་། རྩོམ་པ་པོ། སྙན་ངག་པ། སྤྱི་ཚོགས་གླེང་བརྗོད་པ་སོགས་ཀྱི་ཁྲོད་ནས་རྒན་གཞོན་ལ་རྣམ་དབྱེ་མེད་པར་ཁག་ཅིག་གིས་རང་གི་ལྟ་བ་མཚོན་པའི་རྩོམ་རྒྱག་པ་དང་། ཕས་ཀྱི་རྒོལ་བ་ལ་བརྒལ་ཞིང་བརྟགས་པ། གཞན་རྩོམ་ལ་རང་གི་ལྟ་ཚུལ་བརྗོད་པ། རང་རྩོམ་ལ་གཞན་གྱིས་དཔྱད་བརྗོད་བྱས་པར་ལན་འདེབས་པ། སྤྱི་ཚོགས་ཀྱི་རྣམ་པ་མཚོན་པའི་ཆེད་རྩོམ་སྤེལ་བ་སོགས་ཀྱི་དུས་སུ་ཀུན་སྤྱོད་ཀྱི་ས་མཚམས་འཛིན་ཚུལ་ཤིན་ཏུ་ཚད་ལས་འདས་པའི་རྣམ་པ་སོགས་སྒེར་གཉེར་དུས་དེབ་དང་སྒེར་གྱིས་དཔེ་སྐྲུན་བྱས་པའི་དཔེ་ཆ། དྲ་བ་སོགས་སུ་རྒྱུན་དུ་མཐོང་གིན་འདུག དེ་དག་ལ་ཆེ་ཕྱོགས་ནས་རིགས་བཞི་ཙམ་འདུས་ཏེ།
གཅིག ཆོས་ལུགས་གྲུབ་མཐའི་སྐོར།
ཆོས་ལུགས་གྲུབ་མཐའི་ཕྱོགས་ནས་ཕྱག་རྩོམ་སྤེལ་མཁན་ཕལ་ཆེར་དགོན་པའི་གྲྭ་པ་ལོ་གཞོན་དང་དར་མའི་སྐོར་ཡིན། ཁོང་ཚོ་ནི་སུམ་རྟགས་དག་གསུམ་གྱི་ཕྱོགས་ལ་སྦྱངས་པ་ཐོན་ཞིང་། ལྷག་པར་དུ་བསྡུས་གྲྭ་དང་། དབུ་ཕར་མཛོད་འདུལ་བཅས་དགོན་སྡེའི་བསླབ་གཞིའི་ཕྱོགས་ལ་སྦྱངས་པ་ཡོད་མཁན་ཡང་ཡིན་པས་གནས་ལུགས་སྟོན་པའི་རིགས་པས་ཕྱུག་ཅིང་ཚིག་གི་དབལ་རྣོ་བ། དགེ་སྐྱོན་གང་ཞིག་བརྗོད་བྱར་བཟུང་ཡང་དོན་གྱི་གནད་འབིགས་པའི་ཁྱད་ཆོས་ཡོད། ཁོ་ཚོའི་རྟག་སྦྱོར་གྱི་བརྩོན་པ་ལས་བྱུང་བའི་བརྩམས་ཆོས་དེ་དག་གིས་ད་ལྟའི་ཉག་ཕྲ་བའི་བོད་ཀྱི་སྐད་ཡིག་འདི་རྒྱུན་མཐུད་དང་བོད་ཀྱི་རིག་གནས་ཟུར་དུ་མ་ནས་མི་ཉམས་གོང་འཕེལ་དང་། ཕྱར་བ་གྲུ་འདེགས་ཀྱི་ནུས་པ་ཐོན་གྱིན་ཡོད་པས་གསེར་དང་འདྲ་བའི་རིག་པ་ལ་གཅེས་སྤྲས་མཛད་མཁན་རྣམས་ཀྱིས་བཀའ་དྲིན་མི་ཞུ་ཅི་ལ་སྲིད། བརྩམས་ཆོས་དེ་དག་ལ་དེ་ལས་གཞན་པའི་དགེ་མཚན་མང་པོ་ཞིག་ཡོད་ནའང་། ཁོ་ཚོས་ཀུན་སློང་གཞན་ཞིག་བཅངས་པ་ལ་བརྟེན་ཏེ་རང་ཉིད་ཀྱི་ལེགས་རྩོམ་དེའི་རིན་ཐང་མར་ཆག་འབྱུང་བཞིན་ཡོད། མཛོད་ལས། རྩོད་པའི་རྩ་བར་གྱུར་པ་དང་། ། ཞེས་པ་ལྟར། གྲྭ་པར་ཆགས་སྡང་འབྱུང་བའི་རྒྱུ་གཙོ་བོ་ནི་འདུ་ཤེས་ཡིན་པ་བསྟན་པ་དང་། དེ་ཉིད་རྩོད་པའི་རྩ་བ་ཡིན་པས་གྲྭ་པ་ཞིག་གལ་སྲིད་འདུ་ཤེས་སྣ་ཚོགས་ཀྱི་འཆིང་རྒྱ་ལས་ཐར་ཐུབ་ན། དེ་ལ་རྩོད་པའི་རྩ་བར་གྱུར་པའི་སྡུག་བསྔལ་མི་འབྱུང་ཞིང་། དེ་ཉིད་དམ་ཡིན་ལུགས་སྲོང་བོར་བརྗོད་པའི་སྨྲ་བའི་ངག་ལ་དབང་འབྱོར་ན། སྒྲོ་འདོགས་དང་སྐུར་འདེབས་ཀྱི་གཏམ་གྱི་ཉེས་པས་རེག་པར་མི་འགྱུར་རོ། །
ཡིན་ནའང་། ད་ལྟ་རྩོམ་མཁན་དེ་དག་གིས་ཕྱོགས་རིས་མེད་ཟེར་བཞིན་ཕྱོགས་རིས་ཀྱི་གཏམ་བརྗོད་པ་དང་། སེམས་ཅན་ཐམས་ཅད་ཅེས་བརྗོད་བཞིན་སེམས་ཅན་ཁག་ཅིག་ལ་དམིགས་པ། གྲུབ་མཐའ་རིས་མེད་ཟེར་བཞིན་རང་གི་གྲུབ་མཐའི་ཆེ་བ་འདོན་བཞིན་ཡོད། རྩོམ་སྤེལ་བའི་ཀུན་སྤྱོད་ཁྲོད་ནས། ཁྱོད་ལ་ཕྱོགས་རིས་མེད་ན། ཁ་ནས་ཕྱོགས་རིས་མེད་ཅེས་བརྗོད་པའི་དགོས་པ་མེད། བོད་ཀྱི་བླ་མ་ཞིག་གི་གསུང་ལས་ཐོས་དོན། “ངས་ཚན་རིག་པ་ཚོར་ནང་བསྟན་ངོ་སྤྲོད་ཞུས་དུས། ནང་བསྟན་གྱི་གཞུང་ན་འདི་དང་འདི་ལྟ་བུའི་ཤོད་ཚུལ་ཡོད་ཅེས་ཞུས་པ་ལས། ང་ཚོའི་ནང་བསྟན་འདི་འདྲའི་རླབས་ཆེ་བ་ཡིན་ཞེས་རྩ་བ་ནས་བཤད་མ་མྱོང”ཞེས་གསུངས་ཡོད།
གྲྭ་པས་ས་ཕྱོགས་རྩོད་པ་དང་དགོན་ཕྱོགས་རྩོད་པ། གྲུབ་མཐའི(བོད་རང་གི་གྲུབ་མཐའ་བཏགས་པ་བ)ཕྱོགས་ཞེན་རྩོད་པ་བཅས་ནི་དོན་དུ་དགོས་པ་ཅི་ཡང་མེད། བསྟོད་འོས་པ་ཞིག་ཡིན་ན་མ་བསྟད་ཀྱང་ཁྱད་དུ་འཕགས་ཡོད། བསྟོད་མི་འོས་པ་ཞིག་བསྟད་ཀྱང་སྙིང་བོ་མེད། གཙོ་བོ་ཡིན་ལུགས་ངོ་མ་དེ་གཞན་ལ་ཟུར་ཟ་དང་འཕྱ་སྨོད་ཀྱི་ཆ་སྤུ་ཙམ་ཡང་མེད་པར་སྟོན་ཐུབ་ན་ད་གཟོད་ཁྱོད་ཀྱི་རྩོམ་ལེགས་པོ་ཞིག་འཁྱོངས་པ་ཡིན།
རང་རེས་རྩོམ་ཡིག་ཀློག་སྐབས། རྩོམ་འགའ་ཞིག་ལ་ཡིག་འབྲུ་མང་པོ་མེད་ཀྱང་རྒྱུད་ལ་ཕན་ཐོགས་ཆེན་པོ་འབྱུང་། འགའ་ཞིག་ཚིག་གི་སྡེབ་སྦྱོར་ལེགས། ཡིག་འབྲུ་ཁ་གྲངས་ལོངས་པ་ཞིག་ཡོད་ཀྱང་། བལྟས་ཚར་རྗེས་རྒྱུད་ལ་ཕན་ཐོགས་ཅི་ཡང་མི་འབྱུང་། དེ་དག་ནི་རྩོམ་པ་པོའི་ཀུན་སློང་ལ་རག་ལས་ཡོད། ཀུན་སློང་ཡག་ན་རྩོམ་ཡག གཞན་ལ་ཕན་ཐོགས་ཡག་པོ་འབྱུང་། ཀུན་སློང་ངན་ན་རྩོམ་ངན། གཞན་ལ་ཕན་ཐོགས་ཡག་པོ་མི་འབྱུང་། བྱ་ཁྱུང་བླ་མ་ཤར་གདོང་ཚང་གི་ཞལ་ནས། “རང་གིས་ཀྱང་ཆོས་བཞིན་དུ་སྒྲུབ་པ་དང་། གཞན་ལའང་ཆོས་བཞིན་དུ་སྒྲུབ་ཏུ་འཇུག་མཁན་ཞིག་ལ་དགེ་བའི་བཤེས་གཉེན་ཟེར་བ་ཡིན། དེས་ན་བླ་མའམ་དགེ་བའི་བཤེས་གཉེན་བྱེད་རྒྱུ་ནི་ལས་སླ་མོ་ཞིག་མ་ཡིན། དཔེར་ན། བླ་མས་འདུལ་བའི་གཞུང་ཞིག་ཁྲིད་པའི་དབང་དུ་བཏང་ན། བླ་མ་འདུལ་བའི་ཉམས་ལེན་ཡོད་པ་ཞིག་ཡིན་ན། འཆད་ལ་དེ་འདྲ་མ་མཁས་ཀྱང་སློབ་མ་ལ་ཕན་ཐོགས་པ་ཡིན། བླ་མ་འདུལ་བའི་ཉམས་ལེན་མེད་པ་ཞིག་ཡིན་ན། འཆད་ལ་ཇི་འདྲ་མཁས་ཀྱང་སློབ་མ་ལ་ཕན་ཐོགས་འབྱུང་དཀའ་བ་ཡིན།”
ཡིག་འབྲུ་ཉུང་ཉུང་འདི་ལས“ཕན་ཐོགས” “ཕན་ཐོགས”ཞེས་པ་ཐ་སྙད་གཙོ་བོར་གྱུར་ཡོད། གྲྭ་པ་དགེ་སློང་སུ་ཞིག་ལ“ཕན་ཐོགས”ཀྱི་ཀུན་སློང་ལྡན་ན་དེས་ཀློག་མཁན་ལ་ཕན་ཐོགས་ཤིང་རྩོམ་ལེགས་པོ་འཁྱོངས་ཐུབ། ང་ཚོས་རྩོམ་འབྲི་སྐབས་དོན་མེད་པའི་ཁ་ཕོ་སྒྲོག་པ་དང་། རིགས་པས་མཚང་མི་འབྱིན་པར་མི་གཞི་ལ་རྒོལ་བ་སོགས་ནི་ཀུན་སྤྱོད་ལ་རག་ལས་པས་རྩོམ་འབྲི་དུས་ཀུན་སྤྱོད་ལ་ངེས་པར་གཟབ་དགོས།
གཉིས། རྩོམ་རིག་གླེང་བརྗོད་སྐོར།
དེང་གི་རྩོམ་དགའ་འགའ་རྩོམ་རིག་གླེང་རྒྱུར་ཧ་ཅང་དགའ། བོད་ཀྱི་རྩོམ་རིག་ལ་ཆེ་ཕྱོགས་ནས་གྲུབ་འབྲས་ཅི་ཡང་མེད། གྲུབ་འབྲས་མེད་པའི་རྒྱུ་རྐྱེན་དེ་བོད་རང་ལ་ཐུག་ཡོད། ཐོག་མར་བོད་ཀྱི་དགེ་བཤེས་ཀྱིས་རྩོམ་རིག(དེང་རབས་རྩོམ་རིག)ཟེར་བ་ཅི་ཡིན་མི་ཤེས། གལ་སྲིད་ཤེས་ནའང་དེ་ནི་ངག་ཀྱལ་གྱི་རིགས་སུ་གཏོགས་པས་ལན་ཅིག་གཟིགས་པའི་མཛད་པའང་སྐྱོང་མི་སྲིད། ཁོང་ཚོ་ནི་འདུལ་ཁྲིམས་མིག་འབྲས་བཞིན་སྲུང་ཞིང་། འཇིག་རྟེན་ཆོས་བརྒྱད་རིང་དུ་སྤངས་པའི་ངེས་པ་དོན་གྱི་བླ་མ་དགེ་བའི་བཤེས་གཉེན་ཡིན་པས་ཁོང་ཚོའི་མདུན་དུ་རང་རེ་ནི་བྲན་ཙམ་བྱེད་པའི་བསྐལ་པའང་ཐོབ་མི་ཐུབ། འདུལ་བའི་ཀུན་སྤྱོད་ལྡན་པའི་བླ་མ་དགེ་བའི་བཤེས་གཉེན་དེ་འདྲའི་མདུན་ནས་རང་རེས་རྩོམ་རིག་གླེང་བའི་བསྐལ་པ་ཙམ་ཡང་མེད་ན། རྩོམ་རིག་གི་གྲུབ་འབྲས་ཟེར་བ་རུས་སྦལ་གྱི་སྤུ་ལས་ཀྱང་དཀོན་པ་སྨོས་ཅི་དགོས།
དེའི་རྗེས་ནས་རྩོམ་རིག་ལ་མཐོང་ཆུང་བྱེད་མཁན་བོད་ཀྱི་མཁས་པ་ཚོ་ཡིན། བོད་ཀྱི་རང་གཤིས་ནི་རང་ཉིད་གང་ལ་འཇོན་ན་དེ་ཉིད་མཆོག་ཏུ་འཛིན་པ་དང་། མཁས་པ་རྣམས་ལ་བླ་མ་དགེ་བའི་བཤེས་གཉེན་གྱི་འདུལ་ཁྲིམས་མེད་ཀྱང་། ཁ་མིག་ཡར་བལྟའི་དབང་གིས་གཞུང་ཤེས་མཁན་མཆོག་དང་ཐ་སྙད་རིག་གནས་ཤེས་མཁན་དེ་ལས་དམན་པར་འཇོག དེ་བཞིན་དུ་དེང་སྐབས་ཆེད་ལས་སྣ་མང་ཅན་དུ་འགྱུར་བཞིན་ཡོད་པ་ལྟར། ཆེད་མཁས་པ་མཆོག་དང་རྩོམ་པ་པོ་དམན་པར་འཛིན། རྩོམ་རིག་གི་ངོས་ནས་ཀྱང་རྩོམ་རིག་ཞིབ་འཇུག་པ་མཆོག་དང་རྩོམ་འབྲི་མཁན་དེ་ལས་དམན་པར་འཛིན། ལྟ་ཚུལ་འདི་འདྲའི་འོག་ནས་བོད་ཀྱི་རྩོམ་རིག་ལ་གྲུབ་འབྲས་མེད་པ་དེ་རྒྱུ་འབྲས་དང་མཐུན་པ་ཞིག་རེད།
རྩོམ་རིག་ནི་མིའི་རིགས་ཀྱི་ཡོད་ཚད་ཡིན་པར་སྨྲ་མཁན་ནི་རིག་གནས་མེད་ཅིང་རྩོམ་ལ་དགའ་བའི་རང་རེ་ཅག་ཡིན། རྩོམ་པ་པོ་ཚོས་སུམ་རྟགས་དང་སྙན་ངག་ཙམ་སྦྱངས་པའི་རྗེས་ནས་ཚོར་བའི་དབང་དུ་གྱུར་ཏེ་རྩོམ་རིག་གཉེར། མཛོད་ལས། འཁོར་བའི་རྒྱུ་ཕྱིར་འདུ་ཤེས་དང་། ། ཚོར་བ་ལོགས་སུ་ཕུང་པོར་བཞག ། ཅེས་པ་ལྟར་རང་རེ་ནི་འཁོར་བ་འགྲུབ་པའི་རྒྱུ་ཚོར་བ་ལ་ཤིན་ཏུ་གཙིགས་ཆེན་བྱེད་པའི་རིགས་སུ་ཚུད་ཡོད། རང་རེས་དེ་བྲིས་པ་ལེགས་དང་། དེས་བྲིས་པ་ངར་ཞེས་ཁོར་ཡུག་ཆུང་ཆུང་ཞིག་ནས་ཚོར་བས་བཟི་ཡང་།
བོད་ཀྱིས་ཁྱོད་སྨྱོས་པ་ཙམ་ལས་བཟི་བའི་ཚོར་བ་མྱོང་བཞིན་མེད། བོད་རྣམས་རང་བཞིན་གྱིས་གླུ་དང་བྲོ་ལ་དགའ། ཁྱོད་ཀྱི་རྔུལ་ཆུ་ལས་བྱུང་བའི་བརྩམས་ཆོས་དེ་ཀ་བས་ཚིག་བརྩམས། ཁ་བས་དབྱངས་བརྩམས། ང་པས་དབྱངས་སུ་གྱེར་བའི་གླུ་དབྱངས་ཤིག་ལའང་མི་དོ། ཁྱོད་ཀྱི་ཀློག་མཁན་སློབ་མ་འགའ་ཡིན། གྲོགས་པོ་འགའ་ཡིན། མི་ཀློག་ཐབས་མེད་ཀྱི་རྩོམ་སྒྲིག་པ་དག་ཡིན། དེ་འདྲའི་ཁོར་ཡུག་དོག་པོའི་འོག་ནས་རང་རེ་ལ་དང་ཐོག་ང་རྒྱལ་ཞིག་སྐྱེས། དེ་ནས་ཕྲག་དོག་ཅིག་བྱུང་། དེ་ནས་ཕན་ཚུན་ལ་དམའ་འབེབས་པའི་འབོལ་རྩོམ་རེ་སྤེལ་བཞིན་ལ་ལ་རྒས། ལ་ལས་དེ་ཉིད་སྙིང་བོ་མེད་པར་བསམ་སྟེ་གཡུགས། འགའ་ཞིག་གིས་ཤི་སྤར་བྱེད་ཀྱང་ཀུན་སློང་གི་དབང་གིས་གཞན་ལ་ཕན་མི་ཐོགས། ཡིན་ནའང་། ཤུལ་དུ་ལུས་པའི་རང་རེས། ད་དུང་མུ་མཐུད་དུ་རྩོད་གླེང་བྱེད། ཇ་ཆང་བར་ནས་རྩོད་པ་བྱེད། ས་ཕྱོགས་རྒྱུགས་ཏེ་རྩོད་པ་བྱེད། རྒན་གཞོན་བར་ནས་རྩོད་པ་བྱེད། གསར་རྙིང་བར་ནས་རྩོད་པ་བྱེད།
རྩོད་གཞི་ནི། ཁྱོད་ཀྱིས་གཞི་ནས་རྩོམ་རིག་ཟེར་བ་ཤེས་མི་འདུག ངས་བྲིས་པ་འདི་ད་ནས་མི་རབས་གསུམ་གྱི་རྗེས་སུ་དོན་རྟོགས་འོང་། འཛམ་གླིང་གི་རྩོམ་པ་པོ་རླབས་ཆེན་གྱིས་འདི་ལྟར་གསུངས་ཡོད། བོད་ཀྱི་སྔོན་བྱོན་མཁས་པ་རྣམས་ནི་ཁྱི་སྐྱག་རེད། ཁྱོད་ཀྱི་བསམ་བློ་རྒས་འདུག ངའི་ལྟ་བ་ནི་ཏ་ཏ་རིང་ལུགས་ཡིན། དེ་ནས་ཕྲག་དོག་གི་མེ་སྟག་འཕྲོ་ཚུལ་ནི། བྱ་དགའ་དེ་དེ་ལ་མི་འབབ་ང་ལ་འབབ། ང་ཚོས་ཚོགས་པ་ཞིག་བསྐོངས་ཏེ་ཚོགས་པ་གཞན་དེ་ཚར་གཅོད་འོས། ཁྱོད་ཀྱིས་ང་སྒྲོགས། ངས་ཁྱོད་བསྒྲག
གང་ལྟར་དེའི་སྙན་གྲགས་གནོན་པ་ཞིག་བྱེད། དེ་བཞིན་དུ་ཁྱོད་ཀྱིས་ངའི་རྩོམ་ལ་སྐྱོན་བརྗོད་བྱེད་ན... .... ངེད་གཉིས་གྲོགས་པོ་ཡིན་བཞིན་དུ་ང་ལ་ངན་སྨྲས་འདི་འདྲ་མི་འབབ... ... དངོས་གནས་འབྲི་རྒྱུས་དབེན་དུས། དགོང་མོ་དེར་དེ་དག་གསོལ་ཁང་དེར་འདུས་ཏེ་ཇ་ཆང་ལ་སྐྱེམས་འདུག དེ་ཚོ་ལ་གནའ་མཁར་འདྲེ་བཞི་ཟེར། འདི་དག་ནི་མི་རབས་གསུམ་པ་ཡིན། དེ་ནི“ཨ་མ་ནང་སྐོར་གྱི་རྩོམ་རིག་བྱ་དགའ”ཡིན་ཟེར་བ་སོགས་འབྲི། དོན་དངོས་སུ་བྱ་དགའ་སྒྲུབ་མཁན་གྱིས“བྱ་དགའ”ཞིག་གི་ཕག་ནས་མི་མངོན་པའི་དཀའ་ངལ་ཅི་འདྲ་མང་པོ་ཞིག་ལ་རེག་བཞིན་ཡོད་པ་དང་། དེ་ཉིད་རྩོམ་རིག་གི་བདག་རྐྱེན་དུ་བསྒྱུར་བའི་ཕྱོགས་སུ་ལུས་ཤུགས་མི་ཕུད།
འདི་འདྲའི་གནས་ཚུལ་འོག་ཏུ་རང་རེ་ལ་ཀུན་སྤྱོད་ཡག་པོ་ཞིག་མཁོ་ཞིང་། སྐད་ཆ་མདོར་བསྡུས་ན། རྩོམ་པའི་དུས་སུ་ཀུན་སྤྱོད་རྒྱང་དུ་སྤྱུགས་པས་རང་རྩོམ་གཞན་གྱིས་ཁས་མི་ལེན། གཞན་རྩོམ་རང་གིས་ཁས་མི་ལེན། མཇུག་མཐར་དགོས་མེད་ཀྱི་ང་རྒྱལ་ཞིག་དང་། རང་སེམས་ལ་གནོད་པའི་ཕྲག་དོག་ཅིག གཞན་རྒྱུད་ལ་བརྣག་པའི་རྩོད་པ་ཞིག་ལས་མ་ལྷག་ན་རྩོམ་རིག་གླེང་བརྗོད་བྱས་པ་ཤིན་ཏུ་ཕངས་ཆེའོ། །
གསུམ། སྤྱི་ཚོགས་ཉམས་ཞིབ་སྐོར།
སྤྱི་ཚོགས་ལ་ཉམས་ཞིབ་བྱ་རྒྱུ་དེ་འཇིག་རྟེན་པའི་ལས་ཀ་ཡིན། འཇིག་རྟེན་པ་རྣམས་མ་འཁྱོངས་པས་ད་ལྟ་འཇིག་རྟེན་གྱི་བྱ་བ་ཆེན་པོ་རྣམས་བླ་སྤྲུལ་གྲགས་ཅན་ཚོས་སྒྲུབ་ཀྱིན་ཡོད། ལས་བགོས་ཀྱི་དབང་དུ་བཏང་ན་བླ་སྤྲུལ་གྱིས་འཇིག་རྟེན་པའི་དོན་དག་བསྒྲུབ་མི་དགོས་མོད། ཆོས་དང་འཇིག་རྟེན་གཉིས་མི་འགལ་བའི་ལུགས་འཛིན་པའི་གོང་གི་འབྲོམ་སྟོན་པ་རྒྱལ་བའི་འབྱུང་གནས། ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན། གུང་ཐང་བསྟན་པའི་སྒྲོན་མེ་སོགས་ཀྱི་ལུང་དྲངས་ཏེ་རང་རེ་ལ་བརྒལ་ཞིང་བརྟགས་ན་སྨྲ་བ་མེད་པར་མི་འདུག་ཀ་མེད་ཡིན་མོད། ཡང་གཅིག་བཤད་ན། དེ་དག་གི་ལུང་རང་སྟེང་དུ་འདྲེན་པ་ནི་རང་ཉིད་དེ་དག་དང་རྟོགས་པ་མཉམ། འཕྲིན་ལས་མཉམ་ཟེར་བ་དང་མཚུངས་པས་མང་མང་གི་སེམས་སུ་དགོས་མེད་ཀྱི་དོགས་པའང་ཟ་སྲིད།
སྤྱི་ཚོགས་ཉམས་ཞིབ་ཀྱི་ཐད་ནས་ད་ལྟ་རྙོག་དྲ་ཧ་ཅང་ཆེ་ཡང་། “སྒོ་སྡིག”གི་དོན་དག་ཆུང་ཆུང་འདི་ནས་གླེང་བསླངས་ན། བོད་ཀྱི་ཁ་དཔེར། “མགོ་ནག་བརྟེན་ས་སྤུ་ནག”ཟེར་བ་ལྟར། རང་རེ་ཐོན་སྐྱེད་ཀྱི་ཕྱོགས་ནས་རྗེས་ལུས་ཐེབས་པས་ད་དུང་སྤུ་ནག་ལ་མི་བརྟེན་ཀ་མེད་ཀྱི་གནས་སུ་གྱར་ཡོད། “བླ་སྤྲུལ”ཚོས་དབང་ལུང་ངམ་བཀའ་སློབ་གནང་སྐབས་འབྲོག་པས“སྒོ་སྡིག”གཅོད་དགོས་པའི་བཀའ་སློབ་ཀྱང་འགའ་རེ་ཐོས་ཐུབ། བླ་སྤྲུལ་གྱི་ལས་ཀ་ནི་སྡིག་སྤོངས་དགེ་སྒྲུབ་ཡིན་པའི་ཆ་ནས་རང་རེ་ལ་ཁོང་ཚོའི་ཞལ་འགོག་པའི་གཏམ་དབང་མེད་ནའང་། འཇིག་རྟེན་འདིར་ད་དུང་མུ་མཐུད་དུ་འཇིག་རྟེན་གྱི་འཚོ་ཚིས་ལ་བསྟེན་པའི་འཇིག་རྟེན་པ་ཞིག་ཡིན་པའི་ཆ་ནས་རང་ཚུལ་སྲོང་བོར་ཞུ་ཆོག
ལོ་འགའི་སྔོན་གྱི་ཚོགས་དབང་ཚོགས་ལུང་དུ་བླ་སྤྲུལ་འགས“སྒོ་སྡིག”གཅོད་པའི་བཀའ་གསུང་ཕབ་པ་དེའི་ཕྱི་འབྲས་ནི། འབྲོག་པར་ཁ་ཤ་དགོས་དུས་སེམས་ཅན་བཤས་རར་བཙོངས་ཏེ་སླར་ཡང་སེམས་ཅན་དེའི་ཤ་གཟུག་ཕྱིར་ཉོས་ཏེ་ཁ་ཤ་བྱེད། དེའི་བར་དུ་མགོ་སུག་པགས་པའི་ཁེ་གྱོང་མཐོན་པོ་ཞིག་ཡོད་པ་ཇི་བཞིན་བཞག་ཆོག་ལ། དགེ་སྡིག་གི་ཆ་ནས་བཤད་ན། རྫ་དཔལ་སྤྲུལ་གྱིས། ལུག་གཅིག་གི་སྡིག་པ་དེ་བཟའ་མཁན་རེ་རེ་ལ་བགོ་ཐབས་མེད་པས་ཤ་ཁམ་གང་སུའི་ཁ་ལ་རེག་ཀྱང་ལུག་སྡིག་གཅིག་ཡིན་ལ། རང་གིས་མི་གསོད་པར་གཞན་ལ་གསོད་དུ་བཅུག་ན་ལུག་སྡིག་གཅིག་གི་སྟེང་དུ་ད་དུང་གཡོ་སྒྱུ་ཞིག་ཀྱང་སྣོན་དགོས་གསུངས་པ་ལྟར་རེད། “སྒོ་སྡིག”གཅོད་པའི་དམིགས་ཡུལ་ནི་སེམས་ཅན་དེ་ཚེ་མཐར་ཕྱིན་པའི་ཆེད་དང་། བདག་པོ་ལ་སྡིག་ཉེས་མི་ཕོག་པའི་ཆེད་ཡིན་མོད། སེམས་ཅན་གྱི་སྲོག་ཀྱང་མཐར་མ་ཕྱིན། བདག་པོ་ལ་སྡིག་ཉེས་ཤིག་གི་སྟེང་གཡོ་སྒྱུ་བསྣན། དེའི་སྟེང་དུ་ད་དུང་བླ་མའི་གསུང་དང་འགལ་བའི་ཉེས་པའང་འཁུར་དགོས་པས་འདི་དག་གི་རྩ་བ་ནི“སྒོ་སྡིག”ཆོད་ཅེས་པའི་བཀའ་སློབ་ལས་བྱུང་བ་མ་ཡིན་ནམ།
“སྒོ་སྡིག”གི་གནས་ལས་འདས་ཏེ“ཤ་ཆོད”དང་དཀར་ཟས་ལ་རོལ་ཅེས་པའི་བཀའ་སློབ་ཞོར་ནས་ཕབ་བྱུང་། བདག་ཅག་གི་སྟོན་པས་ཀྱང་ཤའི་གནང་བཀག་འདི་དགེ་སློང་རྣམས་ལ་བཅས་པ་ལས་འཇིག་རྟེན་དམུན་པོ་རྣམས་ལ་བཅས་པ་མེད། མི་རུང་བ་བཅུ་ནི་དྲུག་སྡེ་ལ་བཀག་པ་ཡིན། ཡང་དགེ་སློང་རྣམས་ལ་རྣམ་གསུམ་དག་པའི་ཤ་དང་། རྣམ་གསུམ་མ་དག་པའི་ཤའི་གནང་བཀག་དང་། ཡང་གསུང་ཡུལ་གྱི་སྒོ་ནས་བྱང་ཆུབ་སེམས་དཔའ་ཏིང་ངེ་འཛིན་གྱི་ཟས་ལ་དབང་འབྱོར་བ་ལ་བཀག་པ་དང་གཞན་ལ་མ་བཀག་པ་སོགས་རྒྱལ་བའི་བཀའ་ལ་དྲང་ངེས་ཀྱི་སྒོ་ནས་གོ་བ་ལེན་པ་དང་། ལྡེམ་དགོངས་བཞིའི་སྒོ་ནས་གོ་བ་ལེན་པ། རྟོན་པ་བཞི་དང་མི་རྟོན་པ་བཞིའི་སྒོ་ནས་གོ་བ་ལེན་པ། མཐའ་དྲུག་ཚུལ་བཞིའི་སྒོ་ནས་གོ་བ་ལེན་པ་སོགས་ཡོད། རྒྱལ་བའི་བཀའ་སྤྱི་ཚོགས་ཅན་དུ་དགོངས་པའི་བླ་སྤྲུལ་ཡོད་ཚད་ཀྱིས་བཀའ་ལ་དེ་བཞིན་གོ་བ་བླངས་རྗེས་གདུལ་བྱའི་ཁམས་དང་མོས་པ་བཞིན་གསུང་ཕབ་པ་ཡིན་མིན་ཆ་མ་འཚལ་མོད། ཤ་གནང་བ་སེམས་ཅན་གྱི་ཁམས་དང་མོས་པ་ཡིན་བཞིན་དུ་བཀག་པ་བླ་སྤྲུལ་རང་གི་རང་ལུགས་ལས་མ་འདས། ཨབ་དྷོལ་ཀ་ལམ་གྱིས། ཆོས་ལུགས་ནི་སྐྱེས་ཆེན་ཚོར་མཚོན་ན་མཛའ་མཐུན་ཡོང་བྱེད་ཀྱི་ལམ་བུ་ཞིག་ཡིན་ལ། ཐ་ཤལ་ཚོར་མཚོན་ན་འཁྲུག་རྩོད་བྱེད་སྤྱད་ཀྱི་ལག་ཆ་ཞིག་གོ་ཞེས་བཤད་མྱོང་། དེ་བས“འཁྲུག་རྩོད”ཟ་ཟི་འབྱུང་དུས་སྐྱེས་ཆེན་ཚོས་མྱུར་དུ་དགོངས་པ་མཛད་དགོས་ཤིང་། ཡང་ན་དེ་ཉིད་ཐ་ཤལ་བའི་ལག་ཏུ་འཆོར་བའི་ཉེན་བརྡའང་ཡིན་མཆི། མི་ཚེ་འཇང་ཆུང(ས་ཆ)གི་བྲག་ལ་གཏད་པའི་བླ་མ་ལྕང་སྐྱ་ཞུས་པའི་འཁོས་ཆུང་ཞིག་གི་ཞལ་ནས། “དེང་སྐབས་ཀྱི་བླ་མ་ཚོས་བཤད་དགོས་པ་དང། བཤད་མི་དགོས་པ་གང་ཡིན་ཐམས་ཅད་བཤད”ཅེས་དང་། སྐེ་ཀྱཱ་རིན་པོ་ཆེས་སྐུ་འབུམ་ནས་དུས་འཁོར་དབང་ཆེན་མཇུག་བསྒྲིལ་རྗེས།“དེ་རིང་འདི་ལ་དབང་ཉན་དུ་འོངས་པའི་རྒྱ་རིགས་ཀྱང་མང་པོ་ཡོད། ཁྱེད་ཚོ་རྒྱ་སྐད་ཤེས་པ་ཚོས་འདིའི་དོན་ཁོ་ཚོ་ལ་ལོ་ཙཱ་ཞིག་བྱོས། ཁོ་ཚོས་བོད་སྐད་མི་གོ་བས་སྙིང་མ་རྗེ། དེང་ཕྱིན་ཆད་བསམ་པ་བཟང་པོ་བྱོས། ང་ལ་དེ་མ་གཏོགས་བཤད་རྒྱུ་མེད”ཅེས་གསུངས།
གང་ན་འཇིག་རྟེན་ན་བདེན་པར་སྨྲ་བ་དེ་དག་གི་རྡོ་རྗེ་གསུང་གིས་སེམས་ཅན་ལ་ཕན་ཐོགས་པར་འདུག དེའི་རྒྱུ་རྐྱེན་ཉག་གཅིག་ནི་ཁོང་ཚོའི་ཀུན་སློང་ལ་རག་ལས་ཡོད། ཀུན་སློང་གཙང་མིན་དེ་རང་རེའི་རྒྱུད་ཀྱིས་མྱངས་ན་རྟོགས་འོངས་ཏེ། རྒྱུད་ལ་ཕན་ཐོགས་པ་ཀུན་སློང་གཙང་མ་ཡིན་ལ། རྒྱུད་ལ་ཞེ་སྡང་སོགས་དུག་གསུམ་བསྐྱེད་པ་ཀུན་སློང་མི་གཙང་བས་ཀུན་སློང་ནི་རྩོམ་པ་ལ་མེད་དུ་མི་རུང་ངོ་། །
བཞི། མི་གཞི་སུན་འབྱིན་སྐོར།
དགག་ལན་བསྐལ་པའི་མེ་དཔུང་དང་ཆུའི་འཕྲུལ་འཁོར་གཉིས་ལས་མི་གཞི་ལ་གཤེ་བའི་གནས་ཚུལ་ཡོད་པར་དཔེ་བལྟས་པ་ག་ལ་ཡིན་མོད། དྲ་རྩོམ་དག་ན་མི་གཞི་ལ་སྤྱོ་བའི་གནས་ཚུལ་ཅུང་མང་པོ་ཡོད། གཞན་གྱི་མི་གཞི་ལ་སྤྱོ་བ་ནི་དོན་དུ་རང་ཉིད་ཀྱི་མི་གཞི་ལ་སྤྱོས་པ་ཡིན། སྤྱི་ཚོགས་ཀྱི་ཁྲོད་ནས་ངེས་པ་དོན་གྱི་ཡོན་ཏན་པ་ཞིག་གིས་གཞན་གྱི་མི་གཞི་ལ་གཤེ་བའི་གནས་ཚུལ་གཏན་མི་སྲིད། རང་རེས་ཡོན་ཏན་པ་དང་རིག་གནས་པ་གཉིས་ཀྱི་གོ་དོན་འདྲ་མཚུངས་སུ་གོ་ཡི་མེད། ཤེས་རབ་དང་ཤེས་རབ་འཆལ་བོ་ལས་ཤེས་རབ་འཆལ་བའི་དབང་དུ་མ་སོང་བ། དགེ་དང་མི་དགེ་ལས་མི་དགེ་བའི་ཕྱོགས་སུ་མ་ལྷུང་བ། ལུང་དུ་བསྟན་པ་དང་ལུང་དུ་མ་བསྟན་པ་ལས་ལུང་དུ་མ་བསྟན་པའི(མི་དགེ་བའི་ཕྱོགས)གནས་སུ་མ་ལྷུང་བའི་ཤེས་རབ་ཅན་ནི་ཡོན་ཏན་པ་ཡིན། རིག་གནས་པ་ལ་དེའི་ངེས་པ་མེད་པས་རང་རེའི་སྲོལ་རྒྱུན་གྱི་གོ་ཚུལ་དེ་འདྲ་ཞིག་ཡིན། དེ་བས་མི་ཡོན་ཏན་ཅན་ཞིག་ཡིན་ན་མི་གཞི་ལ་སྤྱོ་བ་གཏན་མི་སྲིད་པ་དང་། གལ་སྲིད་སྤྱོས་པ་བྱུང་ན་དེ་ཉིད་ཡོན་ཏན་པ་ཞིག་ཡིན་མི་སྲིད།
རིག་གནས་པའི་སྡེ་ནས་དེ་འདྲ་བྱུང་ཆོག་མོད། ད་ལྟ་རིག་གནས་པ་དང་ཡོན་ཏན་པ་གཉིས་ངོ་བོ་གཅིག་ཏུ་གོ་ཡི་ཡོད་པའི་ཆ་ནས་རང་རྩོམ་ལས་གཞན་གྱི་མི་གཞི་ལ་གཤེ་ན་དེ་ཡི་རིག་གནས་ཆུ་ཚད་མར་ཆག་མི་འབྱུང་མོད། མི་གཞི་ཀུན་སྤྱོད་མར་ཆག་འབྱུང་བཞིན་ཡོད། དེ་བས་རྩོམ་མཁན་ཞིག་གིས་དཔྱོད་ལྡན་ཡིད་དབང་འགུགས་པའི་རྩོམ་རྒྱག་སྐབས་གཞན་གྱི་མི་གཞི་ལ་རྒོལ་བའི་གཏམ་བཏང་ཚེ། ཉིད་ཀྱི་ཕྱག་རྩོམ་གྱི་ཡིད་ཆེས་ཀྱི་ཆ་མང་པོ་ཞིག་དེ་ཡིས་བརླག་པར་འགྱུར་ལ། སྟབས་ཉེས་ན་འཕྱོན་མའི་དམར་འཛིང་བྱེད་མི་དགོས་པའི་ངེས་པའང་མེད་ཕྱིར་གཞན་གྱི་མི་གཞི་ལ་བརྩི་བཀུར་བྱ་རྒྱུ་ནི་རྩོམ་པའི་དུས་ཀྱི་ཀུན་སྤྱོད་ལེགས་པོ་ཡིན།
མི་གཞི་ལ་སྤྱོས་ན་ཕ་རོལ་པའི་སེམས་ལ་ཐད་ཀར་གནོད་པར་འགྱུར་བ་དང་གཅིག གཞན་གྱིས་རང་ལ་མཐོང་ཆུང་བྱེད་པ་དང་གཉིས། རང་རྩོམ་ལ་ཀློག་པ་པོ་དོགས་མེད་དུ་མི་འཇུག་པ་དང་གསུམ། རང་རྩོམ་གྱི་རིན་ཐང་སྔར་ལས་མར་ཆག་འབྱུང་བ་དང་བཞི་བཅས་ཉེས་པ་མང་པོ་ཡོད་པས། མདོར་ན་སྤྱི་ཚོགས་ཀྱི་ཁྲོད་ནས་ཁེ་གྱོང་རེག་མཁན་ནི་རང་ཉིད་ཡིན་པ་ལས་གཞན་མིན། དེའི་འབྱུང་རྩ་ནི་རྩོམ་པའི་དུས་སུ་ཀུན་སློང་ཡག་པོ་ཞིག་མེད་པ་འདི་ཁོ་ནར་རག་ལས་ཤིང་། ཀུན་སློང་ཡག་པོ་མེད་པའི་རྩོམ་དེས་གཞན་ལ་ཕན་མི་ཐོགས་པ་དང་། གཞན་ལ་ཕན་མ་ཐོགས་ན་རང་གིས་དཀའ་སྤྱད་སྡུག་རུས་བྱས་པ་སྡུག་གྱོང་དུ་སོང་ཡོད།
དེ་བཞིན་དུ་མི་གཞི་ངན་པའི་རྩོམ་མཁན་ལའང་སྤྱི་ཚོགས་ཀྱི་ཁ་ཉེས་ཕོག་སྟེ་རང་རྩོམ་ལ་རིན་ཐང་མེད་པའི་གནས་སུ་འགྱུར་སྲིད། རྩོམ་ལས་མི་གཞི་མཐོང་བའི་གནས་ཚུལ་འདི་ནི་དྲ་རྩོམ་དང་སྒེར་གཉེར་དུས་དེབ། སྒེར་སྐྲུན་དཔེ་དེབ་སོགས་ཁྱབ་གདལ་བྱུང་བ་ནས་དར་བ་རེད། དྲ་རྩོམ་ཆེས་མང་བ་སྤེལ་བ་དེ་དགེ་མཚན་ཞིག་ཡིན་ནམ་མིན། རྩོམ་ཡིག་འབྲི་བའི་དགོས་ཆེད་ནི་རང་གི་བསམ་བློའི་ནང་དོན་ནམ། སྤྱི་ཚོགས་ཀྱི་ཉམས་མྱོང་། ཞིབ་འཇུག་གི་འབྲས་བུ། སེམས་ཀྱི་འཇིག་རྟེན་གང་རུང་ཞིག་སྤྱིར་བཏང་གི་ཚད་ལས་བརྒལ་ཏེ་མི་རྣམས་ལ་ངོ་སྤྲོད་དམ། མཉམ་རོལ་བྱེད་པའི་བྱ་བའི་རིམ་པ་ཞིག་ཡིན། དྲ་དར་བ་ནས་རྩོམ་མཁན་ལ་ལས་ཉིན་རྒྱུན་དྲ་ངོས་སུ་རྩོམ་ཡིག་སྤེལ་བའི་བྱ་བ་སྐྱོང་གིན་ཡོད། གཟབ་ནན་གྱིས་བཤད་ན། ཉིད་ལ་གཞན་གྱི་བྱེད་སྒོ་ཡར་རྒྱས་སུ་གཏོང་ནུས་པའི་བསམ་བློའི་རྒྱགས་ཕྱེ་དེ་འདྲ་མང་པོ་ཞིག་ག་ནས་བྱུང་བ་ཡིན་ནམ། ཞིབ་ཏུ་བཀླགས་ཚེ་ཀློག་པ་པོའི་སེམས་རྒྱུད་ལ་ཕན་ཐོགས་པ་ཤིན་ཏུ་ཉུང་ཉུང་ལས་མི་འདུག འོ་ན། ཁོ་ཚོས་རྩོམ་དེ་འདྲ་མང་པོ་སྤེལ་བའི་དགོས་ཆེད་ནི་ཕྱོགས་གཅིག་ནས་སྙན་གྲགས་ལ་རེ་བ་རེད། དྲ་རྩོམ་ལ་ཚད་ལྡན་དཔེ་སྐྲུན་ལྟར་རྩོམ་བཤེར་རིམ་གསུམ་བརྒྱུད་མི་དགོས་མོད། དྲ་བ་ནི་སྤྱིའམ་ཐུན་མོང་གི་ཡིན། དེ་ལ་གང་ཉིད་ཀྱི་གཞན་གྱི་ཁམས་དང་མོས་པར་མི་བསྟུན་པའི་རྩོམ་ཡིག་སྤེལ་བ་ནི་གཞན་གྱི་སེམས་ཁམས་ལ་བརྩི་བཀུར་མ་བྱས་ཤིང་། མདོར་ན་ཀུན་སྤྱོད་ཕྱོགས་ཀྱི་ཞན་ཆ་ཡིན།
ཀུན་སྤྱོད་ཡན་པོར་བྱེད་པའི་གནད་དོན་འདི་རིགས་དེང་གི་གཞོན་རབས་ཁྲོད་ན་ཅུང་ཤུགས་ཆེ། དེའི་འབྱུང་རྩ་ནུབ་ཕྱོགས་རིག་གནས་ལས་བྱུང་བ་རེད། ནུབ་ཕྱོགས་རིག་གནས་ཀྱི་བརླན་གྱིས་བཟུང་བའི་གཙོ་གྲས་རིག་གནས་ཀྱིས་རང་རེའི་གོང་དུ་དྲངས་པའི་ཀུན་སྤྱོད་སྟོན་པའི་བསྟན་བཅོས་དེ་དག་བསམ་བཞིན་མིན་པར་རྡོག་རྫིས་བྱེད་ཀྱིན་ཡོད། འཇིག་རྟེན་ན་དགེ་བ་དང་མི་དགེ་བ་ལས་དགེ་བ་སྒྲུབ་དཀའ་བ་དང་། ཡ་རབས་དང་མ་རབས་ལས་ཡ་རབས་བྱེད་དཀའ་བ། ཀུན་སྤྱོད་ཡག་པོ་དང་ངན་པ་ལས་ཡག་པོ་བྱེད་དཀའ་བའི་དཔེ་མཚོན་དུ། བོད་ཀྱི་དགོན་སྡེ་དག་གི་ཁྱམས་ན་སྲིད་པའི་འཁོར་ལོ་ཞེས་པའི་རི་མོ་ཞིག་བྲིས་ཡོད། སྤྱིར་འཁོར་ལོའི་ཞབས་ལྕི་བས་དམྱལ་བ་ཡི་དྭགས་དུད་འགྲོ་གསུམ་ཞབས་སུ་བཀོད་པ་དང་། སྟེང་ཡང་བས་མི་ལྷ་ལྷ་མིན་གསུམ་སྟེང་དུ་བཀོད་ཡོད། རྒྱུ་མཚན་ནི་ཞབས་སུ་འགྲོ་སླ་ཞིང་གྲངས་མང་སྟེང་དུ་འགྲོ་དཀའ་ལ་གྲངས་ཉུང་བས་ཡིན།
ནུབ་ཕྱོགས་རིག་གནས་ནི་འཛམ་གླིང་གི་གཙོ་གྲས་རིག་གནས་སུ་གྱུར་ཡོད། དེས་གླིང་ལྔ་མཚོ་བཞིའི་ཁོངས་གསེང་འདི་ལ་རིག་གནས་ཀྱི་དཔལ་ཡོན་སྐྱེལ་བཞིན་ཡོད་ཅིང་། རིག་གནས་གཞན་དང་གདོང་ཐུག་ཕོག་སྲིད་པའི་རྡུལ་ཕྲན་མཚོན་ཆ་ལྟ་བུ་ལ་མཚོན་ནའང་། འཛམ་གླིང་ཞི་བདེའི་ཐབས་སུ་བསྒྱུར་བའི་ཐབས་ཤེས་ཡོད། འོན་ཀྱང་། དེ་ཉིད་རང་རེའི་དད་པའི་རིག་གནས་མིན་པའི་རྒྱུ་མཚན་གྱིས་ཀུན་སྤྱོད་ཀྱི་ཆ་མང་པོ་ཞིག་རང་རེའི་ལུགས་སྲོལ་དང་མཐུན་ཐབས་ཡེ་ནས་མེད། དེ་བས“གནའ་བཟང་དེང་སྤྱོད། ཕྱི་བཟང་ཀྲུང་སྤྱོད”ཀྱི་ལྟ་ཚུལ་བཏོན་པ་ལྟ་བུ་རེད། ད་ལྟ“ཕྱི་བཟང”གི་ཚད་གཞི་ཞིག་མེད་ཕྱིར་རང་རེའི་གཞོན་རབས་རྣམས་ཀྱིས་སྐྲ་མདོག་བསྒྱུར་བ། ལྭ་རལ་གྱོན་པ། རྒན་གཞོན་མེད་པ་དེ་ཙམ་ལས་ནང་འདྲེན་བྱེད་མ་ཐུབ་ན། དེ་ལ“ཕྱི་ངན་བོད་སྤྱོད”ཟེར་རྒྱུ་ལས་ཐབས་མི་འདུག
མདོར་ན། འདི་ལྟར་གྱུར་པའི་འགག་རྩ་ནི་བོད་རང་གི་ཀུན་སྤྱོད་དང་གྱེས་པར་རག་ལས་པས་དཔལ་ཡོན་གུས་ཞབས་ལྡན་པའི་ཀུན་སྤྱོད་ནི་སྤྱི་ཚོགས་འཕེལ་རྒྱས་སུ་ག་འདྲ་ཕྱིན་ན་དེ་འདྲར་མཁོ་བས་འདི་ལ་རྗེས་ལུས་ཀྱི་བསམ་བློའི་རྣམ་གཞག་བསྙད་དུ་མེད་ལ། ཀུན་སྤྱོད་ཡག་པོ་ནི་སྤྱི་ཚོགས་ཚད་ངེས་ཅན་ཞིག་ལ་སླེབས་པའི་ཐོན་དངོས་ཡིན་ན། རང་རེས་རྩོམ་པའི་དུས་སུ་ཀུན་སྤྱོད་སྟོན་པའི་བསྟན་བཅོས་དེ་འདྲ་མང་པོ་ཞིག་ཡོད་པ་ཅི་དགར་བརྗེད་ན་ཕངས་མི་ཆེའམ། ཐུགས་རྗེ་ཆེ། །
①《 བོད་ཀྱི་དམངས་སྲོལ་རིག་གནས》དུས་དེབ་ཁང་དུ་ཕྱག་ལས་གནང་བཞིན་ཡོད།