མཐོ་འབྲིང་བསླབ་ཚན་གསར་བཅོས་ཀྱི་གཞི་རྩའི་ལྟ་བ་དང་སློབ་ཁྲིད་བླང་བྱ།

དཔལ་འབུམ་རྒྱལ། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 09-28


[གནད་བཏུས] དཔྱད་རྩོམ་འདིར་ད་ལྟའི་སློབ་གསོ་ལ་ལྡན་པའི་སྐྱོན་དང་གནད་དོན་གཙོ་བོ་སྐོར་གང་དག་ཡིན་པ་དང་། སྐྱོན་དང་གནད་དོན་དེ་དག་སེལ་བའི་སྤྱིའི་ཁ་ཕྱོགས་དང་དམིགས་ཚད་ཅི་ཞིག་འཛིན་དགོས་པ་དང་། གནད་དོན་དེ་དག་སེལ་བའམ་བཅོ་ཐབས་དྲུག་པོ་གང་དག་ཡིན་པ་དང་། མཇུག་མཐར་ཐབས་ཤེས་དེ་དག་བྱེ་བྲག་ཏུ་ཇི་ལྟར་ལག་ལེན་དུ་གདབ་དགོས་ཚུལ་སོགས་ཕྱོགས་ཆེན་པོ་བཞི་ནས་བྲིས་ཡོད།

[གནད་ཚིག] མཐོ་འབྲིང་། བསླབ་ཚན་གསར་བཅོས། གཞི་རྩའི་ལྟ་བ། སློབ་ཁྲིད་བླང་བྱ།

གཅིག ཅི་ཞིག་བཅོ། མེད་པ་གསུམ་དང་གནད་དོན་དྲུག

(གཅིག)མེད་པ་གསུམ།

དང་པོ།“གསོན་ཤུགས”མེད་པ་སྟེ། ཕྱིའི་སྡོམ་ཤུགས་དམ་ཡང་ནང་གི་སེམས་ཤུགས་མི་འདང་། ནང་ལོགས་སུ། ཆེས་གསོན་ཤུགས་མེད་པའི་ཀྲུང་གོ་པ་མཐོ་གསུམ་འཛིན་གྲྭར་ཡོད་ཅིང་ཆེས་གསོན་ཤུགས་ལྡན་པའི་ཀྲུང་གོ་པ་བྱིས་སྐྱོང་ཁང་དུ་ཡོད་ཅེས་པའི་བཤད་སྲོལ་ཞིག་ཡོད་པ་བཞིན་བྱིས་པ་ལོ་ཆུང་ཆུང་ཡིན་དུས་མ་རབས་པྲ་ཆལ་ལ་མོས་པ་དང་། རང་རང་གི་བསམ་དོན་མ་འགྲུབ་ན་འུར་བརྒྱབ་ནས་ཟང་ཟིང་སློང་བར་དགའ། ཡིན་ན་ཡང་། སློབ་གྲྭར་འགྲིམས་ནས་ལས་བྱ་ཇེ་ལྕི་དང་སྡིག་དམོད་ཀྱི་མནར་གཅོད་མྱངས་པ་དང་ཆབས་ཅིག་དགོད་སླ་ལ་ངུ་ཡང་སྐྱེན་པའི་གཤིས་ཀ་འགྱུར་ནས་ཁ་གྲགས་པར་མི་དགའ་ཞིང་སེམས་གཏམ་བཤད་མི་འདོད་པ་ཞིག་ཏུ་གྱུར་ཅིང་། གདོང་ཁུག་ཏུ་བསྐྱོན་པའི་མིག་ཤེལ་ཇེ་མཐུག་ཡིན། མཐོ་འབྲིང་དང་ལྷག་པར་མཐོ་གསུམ་ལ་སླེབས་དུས་གནས་ཚུལ་དེ་བས་ཛ་དྲག་ཡིན་ཕྱིན་ང་ཚོས་བཅོ་དགོས་པ་ནི་གསོན་ཤུགས་མེད་པ་དེ་གསོན་ཤུགས་ཅན་ལ་བཅོ་བར་འབད་དགོས།

གཉིས་པ།“སྙིང་བོ”མེད་པ་སྟེ། ནུས་པས་ཕྱུག་ཀྱང་སྙིང་བོ་མེད། དགེ་རྒན་གྱིས་སློབ་ཐུན་དུ་སློབ་ཁྲིད་བྱེད་པའི་སྐབས་སུ་སློབ་མའི་སྤྲོ་བ་བསྐྱེད་མ་ནུས་པའི་དབང་གིས་སློབ་མའི“སེམས་རྩ”སྒུལ་མ་ཐུབ་པ་དང“དུངས་པ”སློང་མ་ཐུབ་ཅིང“ཀླད་པ”སྒུལ་མ་ནུས་པས་སློབ་ཐུན་ལ་བྲོ་བ་ཅི་ཡང་མེད། ལྷག་པར་དུ་མཐོ་གསུམ་ལ་སླེབས་དུས་སློབ་ཆེན་གྱི་སྒོ་ཐེམ་འགྲིམ་པ་དམིགས་སུ་བཟུང་ནས་དུས་ཚོད་ཚད་མེད་སྤྱད་དེ་དྲི་གཞིའི་རྒྱ་མཚོར་ཞུགས་པས་སློབ་མ“མགོ་ཡོམ”འཁོར་བ་དང་ལུས་ངལ་སེམས་ངལ་བྱུང་བས་སློབ་མར་མཚོན་ན་དགེ་རྒན་གྱི་དྲི་བ་དང་དྲིས་ལན་ལ“སྙིང་བོ”ཅི་ཡང་མ་མཆིས། ལྷག་པར་ང་ཚོའི་བོད་ཡུལ་གྱི་དགེ་རྒན་རྣམས་ཀྱི་རང་བྱུང་ཚན་རིག་དང་སྤྱི་ཚོགས་ཚན་རིག་གི་ཆུ་ཚད་ལྟོས་བཅས་ཀྱིས་ཞན་པ་དང་། བསླབ་ཚན་ཚད་གཞི་དང་རྒྱུགས་གཞིའི་རྩ་གནད་ལ་ཞིབ་འཇུག་བྱས་པ་མི་འདང་ཞིང་། དཔེ་དེབ་ཏུ་ཡོད་པ་ཐམས་ཅད་ལ་བླང་དོར་ཉུང་ཞིང་སློབ་མའི་མདུན་དུ་ཕུང་ཆེན་སྤུངས་པས་སློབ་མས་རྒྱུགས་འཕྲོད་པར་ཡང་རོགས་སྐྱོར་མ་ཐོན་པས་དོན་ངོ་མར“སྙིང་བོ”མེད་པར་གྱུར་པ་དེ་ཡང་ང་ཚོའི་བཅོ་བྱ་ཡིན།

གསུམ་པ།“རིན་ཐང”མེད་པ་སྟེ། བཙིར་གནོན་འདང་ཡང་བཅིངས་འགྲོལ་མི་འདང་། རྒྱུགས་འབྲས་གཅིག་ཁོ་ན་དམིགས་ཚད་དུ་བཟུང་ནས་བཙན་དང་དབང་གིས་སློབ་མའི་རྒྱུད་དུ་རྒྱུགས་སྤྲོད་པར་མཁོ་བའི་ཤེས་བྱ་སྐམ་པོ་དག་འཇོག་ཅི་ནུས་བྱས་པས། སློབ་མའི་སྤྲོ་བ་བསྐྱེད་མ་ཐུབ་པར་མ་ཟད། དེ་ལས་ལྡོག་སྟེ་སློབ་ཁྲིད་ལ་ཞེན་པ་ལོག་ཅིང་སུན་སྣང་སྐྱེས་པས་སློབ་མའི་རྒྱུད་ལ་ཤེས་བྱའི་ནུས་རྩལ་འཇོག་མ་ནུས་པ་དང་། སློབ་ཁྲིད་ཀྱི་འགན་ལྕི་དྲགས་པས་སློབ་མ་བདེ་ཐང་ངང་འཚར་ལོངས་འབྱུང་བར་གནོད་པ་ཆེ་ཞིང་སློབ་མའི་མི་ཚེ་ལ་གཞིགས་ནས་བཤད་ན་རིན་ཐང་ཆེན་པོ་མེད། སྤྱི་ཚོགས་ནི་རྒྱུགས་ཁོ་ན་ལེན་པའི་ཡུལ་ཁམས་ཤིག་མ་ཡིན་པར་དེ་ནི་འདྲ་མིན་སྣ་ཚོགས་མངའ་བའི་འཇིག་རྟེན་ཞིག་ཡིན་པས་བྱིས་པ་རྒྱུགས་ལེན་ཤེས་བྱར་སྤྲོ་བ་ཇེ་ཞན་ནས་ཇེ་ཞན་དུ་གྱུར། གསལ་པོར་བཤད་ན་སློབ་གསོས་སློབ་མའི་ལྷན་སྐྱེས་ཀྱི་མཚར་སེམས་དང་རྟོགས་སེམས་བཅིངས་འགྲོལ་མ་ཐུབ་པར་མ་ཟད། དེ་ལས་ལྡོག་སྟེ་གཅུན་ཞིང་སྡོམ་བྱེད་ཀྱི་ནུས་པ་ཐོན་པས་མི་སྐྱོང་བའི་ཐབས་ཤེས་དེའི་རིན་ཐང་ཤིན་ཏུ་དམའ་ན། དེ་ཡང་ང་ཚོའི་བཅོ་བྱ་ཡིན།

(གཉིས)གནད་དོན་དྲུག

དང་པོ། བསླབ་ཚན་དམིགས་ཚད་ཀྱི་ཤེས་བྱའི་རང་གནས་ཀྱི་གནས་ཚུལ་ཏེ།“རྨང་གཉིས”ཏེ་རྨང་གཞིའི་ཤེས་བྱ་དང་རྨང་གཞིའི་ནུས་རྩལ་གཅིག་པུ་གཙིགས་འཛིན་བྱེད་པ་ལས་གཞན་གྱི་སློབ་ཁྲིད་བརྒྱུད་རིམ་དང་ཐབས་ཤེས། ཚོར་འདུའི་རྣམ་འགྱུར་དང་རིན་ཐང་ལྟ་ཚུལ་སོགས་ལ་དོ་སྣང་མི་བྱེད་པའི་གནས་ཚུལ།

གཉིས་པ། བསླབ་ཚན་གྱི་ནང་དོན། དེ་ལ་མང་བ་དང་རྙིང་བ། དཀའ་བ། དགོས་མེད་དང་། བསླབ་གཞིའི་ཕྱི་ཚུལ་ཙམ་དང་། རྩིང་བ་དང་རགས་པ། ཁ་འཐོར་འབྲེལ་མེད་ཀྱི་ནང་དོན་མང་བ།

གསུམ་པ། བསླབ་ཚན་གྱི་སྒྲིག་གཞིའི་རིག་ཚན་རང་གནས་ཀྱི་གནས་ཚུལ། རིག་ཚན་གྱི་སྒྲིག་གཞིའི་དབྱེ་སྟངས་རིགས་གསལ་པོར་ཕྱེ་མེད་པ། དཔེར་ན་དངོས་ལུགས་རིག་ཚན་གྱི་ངེས་སྦྱོང་དང་འདེམ་སྦྱོང་གི་རིགས་གསལ་པོར་ཕྱེ་མེད་པ་དང་དེ་ལས་གང་དག་ནི་མི་ཆོས་ཕྱོགས་ཡིན་པ་དང་གང་དག་ནི་བཟོ་རྩིས་ཕྱོགས་ཡིན་པ་གསལ་པོར་ཕྱེ་མེད་པ།

བཞི་པ། བསླབ་གཞི་ལག་བསྟར་གྱི་མིག་ནང་ན་མི་མེད་པའི་གནས་ཚུལ། སློབ་མ་སྲོག་ཆགས་སམ་སྣོད་ཆས་སུ་བསམས་ནས་སྦྱོང་བརྡར་བྱེད་པ་ལས་སློབ་མ་རང་གིས་གནད་དོན་འཚོལ་བ་དང་སློབ་མས་རང་འགུལ་གྱིས་སྤྱི་སྡོམ་དང་ཉམས་ལེན་བྱེད་པའི་གོ་སྐབས་མེད་པ།

ལྔ་པ། བསླབ་ཚན་དཔྱད་འཇོག་ལ་ནུས་པ་བླ་མེད་ལྡན་པ་སྟེ། རྒྱུགས་འབྲས་ཁོ་ན་གཞིར་བཟུང་སྟེ་སློབ་མར་དཔྱད་འཇོག་བྱས་ཏེ་སློབ་མར་ཨང་རིམ་གཅིག་གཉིས་གསུམ་དུ་བཀར་ནས་ཕམ་ཁ་སྟེར་བ་སྟེ། ཕམ་ཁ་ནི་དོན་འགྲུབ་པའི་རྩ་བ་ཡིན་པ་ལས་དོན་འགྲུབ་པ་ནི་དོན་འགྲུབ་པའི་རྩ་བ་མིན་པར་སྒྲུབ་པ།

དྲུག་པ། བསླབ་ཚན་དོ་དམ་སྟེ་ཕྱོགས་འདུས་གཅིག་གྱུར་གྱི་ཐབས་ལམ་སྐྱོང་བ། རྩ་དོན་གཅིག་ནས་པར་གཞི་གཅིག་གི་རྣམ་པ་ནས་རྩ་དོན་གཅིག་ནས་པར་གཞི་མང་པོར་བཅོ་ཆོག་ཀྱང་བཅོས་མེད་པ། སྤྱིར་བསླབ་ཚན་ཚད་གཞི་གཅིག་མ་གཏོགས་མེད་ལ་དེ་ནི“རྩ་ཁྲིམས”ཡིན། ཡིན་ན་ཡང་ས་གནས་སོ་སོར་རྒྱུགས་ལེན་གསལ་བཤད་རྩ་གནད་ཀྱི་པར་གཞི་མང་པོ་ཡོད་ཆོག་ལ་དེ་ནི“བཅའ་ཁྲིམས”ཡིན་པས་རང་རང་ས་གནས་ཀྱི་པར་གཞི་ལྟར་བསླབ་ཚན་ལ་དབྱེ་ཞིབ་བྱ་རུང།

གཉིས། ཕྱོགས་གང་ལ་བཅོ། ཁ་ཕྱོགས་བཞི་དང་དམིགས་ཚད་དྲུག

(གཅིག)ཁ་ཕྱོགས་བཞི།

དང་པོ། སློབ་གྲྭ་ནས་སྤྱི་ཚོགས་ལ་ཕྱོགས་པ།

སློབ་གྲྭ་ནས་སྤྱི་ཚོགས་སུ་ཕྱོགས་ཏེ་སྤྱི་འབངས་ཀྱི་བྱང་ཚད་སློབ་གསོ་ཡར་སྤེལ་དགོས། བྱིས་པ་ཐམས་ཅད་ལ་སློབ་གྲྭར་བགྲོད་པའི་གོ་སྐབས་བསྐྲུན་དགོས་པར་མ་ཟད། སློབ་གྲྭར་འགྲོ་བའི་མཐར་ཐུག་གི་དམིགས་ཡུལ་ནི་ཕྱིར་སྤྱི་ཚོགས་སུ་འོང་རྒྱུ་དེ་ཡིན་པ་མ་གཏོགས་སྤྱི་ཚོགས་ལ་རིང་བོར་གྱེས་དགོས་པ་མ་ཡིན་ཞིང་། སློབ་མ་སློབ་གྲྭར་སོང་ཉིན་ནས་བཟུང་སྟེ་ཕྱིར་སྤྱི་ཚོགས་སུ་སླེབས་པར་དགོས་མཁོ་མཆིས་པའི་རིག་ཚན་བཙུགས་ནས་མ་འོངས་པར་ཕྱིར་སྤྱི་ཚོགས་སུ་སླེབས་དུས་བྱང་ཚད་མཐོ་བའི་སྤྱི་འབངས་ཤིག་བྱེད་པའི་ཤེས་བྱ་མཁོ་སྤྲོད་གནང་དགོས།

གཉིས་པ། སློབ་གྲྭ་ནས་སློབ་གྲྭར་ཕྱོགས་པ།

སློབ་གྲྭ་ནས་སློབ་གྲྭར་ཕྱོགས་ནས་སློབ་གྲྭ་སོ་སོས་རང་གི་ཁྱད་ཆོས་འཕེལ་རྒྱས་གཏོང་དགོས། སློབ་གྲྭས་རང་གི་ཁྱད་ཆོས་དར་སྤེལ་གཏོང་དགོས། སློབ་གྲྭ་སོ་སོར་མཚོན་ན་རང་རང་གི་སློབ་གསོ་སྒྲུབ་པའི་ཁྱད་ཆོས་དང་ཐབས་ལམ་སྣ་ཚོགས་ཡོད་ཅིང་། སློབ་གྲྭས་རང་གི་ཁྱད་ཆོས་དམིགས་སུ་བཟུང་ནས་སློབ་གསོ་བསྒྲུབ་དགོས་པར་འོས།

གསུམ་པ། སློབ་གྲྭ་ནས་རང་ཉིད་ལ་ཕྱོགས་པ།

སློབ་གྲྭ་ནས་རང་ཉིད་ལ་ཕྱོགས་ཏེ་སློབ་གསོའི་ངོ་བོར་འབབ་དགོས། མི་སུམ་ཅུར་བསམ་པ་སུམ་ཅུ་དང་མཛོ་སུམ་ཅུར་རྭ་ཁ་དྲུག་ཅུ་ཞེས་པ་ལྟར། སློབ་གྲྭའི་སློབ་གསོ་གཏོང་ཡུལ་ནི་སྲོག་མེད་སྣོད་ཆས་དང་གཅན་གཟན་རི་དྭགས་སོགས་མ་ཡིན་པར་རང་རང་གི་བསམ་པ་དང་དགའ་ཕྱོགས་འདྲ་མིན་སྣ་ཚོགས་མངའ་བའི་བྱིས་པ་ཡིན་ཞིང་། སློབ་གྲྭ་ནི་ཤེས་བྱ་ལས་སྣོན་བྱེད་པའི་བཟོ་གྲྭ་ཞིག་མ་ཡིན་པར་མི་སྐྱེད་སྲིང་བྱེད་པའི་གནས་འགངས་ཆེན་ཞིག་ཡིན། ལས་ཀའི་ངོས་ཐད་ནས་བལྟས་ན་སློབ་གསོ་ནི་བཟོ་ལས་མིན་པར་ཞིང་ལས་ཡིན་ཏེ་དེའི་བྱ་བའི་ཡུལ་ལ་ཚེ་སྲོག་ལྡན། ཨ་མའི་མངལ་ནས་བྱིས་པ་སྐྱེ་བར་དཔེར་བླངས་ན་སློབ་གསོས“སྐྱེ་རོགས”བྱེད་པ་ལས“སྐྱེ་སྐུལ”བྱེད་མི་ནུས་སོ། །

བཞི་པ། སློབ་གྲྭ་ནས་མི་ལ་ཕྱོགས་པ།

སློབ་གྲྭ་ནས་མི་ལ་ཕྱོགས་ཏེ་སློབ་གྲྭའི་ཕྱོགས་ཡོངས་ནས་རང་གཤིས་རང་དབང་འཕེལ་རྒྱས་གཏོང་བར་སྐུལ་ལྕག་གཏོང་དགོས། མི་སོ་སོའི་རང་གཤིས་གཏན་ནས་འདྲ་མི་སྲིད་པས་སློབ་གྲྭས་སྒྲིག་འཛུགས་དང་དགེ་རྒན་གྱིས་སློབ་ཁྲིད་བྱེད་དུས་སློབ་མའི་རང་གཤིས་འཕེལ་རྒྱས་ལ་བགེགས་བར་ཆད་མི་གཏོང་ཞིང། སློབ་མའི་རང་གཤིས་འཕེལ་རྒྱས་སུ་གཏོང་བར་ཕན་ཐོགས་ཆེ་བའི་སློབ་གསོ་སྤེལ་དགོས་པ་དང་། སློབ་གྲྭ་ནས་མཐར་ཕྱིན་དུས་རང་གཤིས་ཁྱད་པར་བ་ལྡན་པའི་མི་ཞིག་ཡིན་ཚེ་ང་ཚོའི་སློབ་གསོར་རིན་ཐང་དང་ནུས་པ་ལྡན་པའི་རྟགས་ཡིན།

(གཉིས)དམིགས་ཚད་དྲུག

དང་པོ། བསླབ་ཚན་དམིགས་ཚད།

སྔོན་ཆད་ཀྱི་རྨང་གཉིས་ཏེ་ཤེས་བྱ་དང་ནུས་རྩལ་གྱི་རྨང་གཞིར་བརྒྱུད་རིམ་དང་ཐབས་ཤེས། ཚོར་འདུའི་རྣམ་འགྱུར་དང་རིན་ཐང་ལྟ་ཚུལ་ཁ་སྣོན་བྱ་དགོས། དེ་ལྟར་བྱས་ན་རྩ་གསུམ་དམིགས་ཚད་གྲུབ་ཡོད་དེ། ཤེས་བྱ་དང་ནུས་རྩལ། བརྒྱུད་རིམ་དང་ཐབས་ཤེས། ཚོར་འདུའི་རྣམ་འགྱུར་དང་རིན་ཐང་ལྟ་ཚུལ་གསུམ་མོ། །

གཉིས་པ། བསླབ་ཚན་ནང་དོན།

བསླབ་ཚན་ནང་དོན་ལ་རྨང་གཞིའི་རང་བཞིན་དང་དུས་རབས་རང་བཞིན། གདམ་གསེས་རང་བཞིན། དེང་རབས་རང་བཞིན་དང་ཕྱོགས་བསྡུས་རང་བཞིན། འཚོ་བའི་རང་བཞིན་དང་མི་ཆོས་རང་བཞིན་ལྡན་པར་འབད་དགོས།

གསུམ་པ། བསླབ་ཚན་སྒྲིག་གཞི།(བསླབ་ཚན་རེའུ་མིག)

བསླབ་ཚན་སྒྲིག་གཞི་ལ་དོ་མཉམ་རང་བཞིན་དང་། ཕྱོགས་བསྡུས་རང་བཞིན་དང་གདམ་གསེས་རང་བཞིན། ཁྱབ་ཁོངས་དང་རིག་ཚན་དང་དུམ་ཆ། ངེས་སྦྱོང་དང་འདེམ་སྦྱོང་སོགས་འདུས་ཡོད་པ་དང་དེ་དག་སྒྲིག་དུས་དེ་དག་དམིགས་ཚད་དུ་བཟུང་ནས་དབྱེ་བ་གསལ་པོར་འབྱེད་དགོས།

བཞི་པ། བསླབ་ཚན་ལག་བསྟར།

བསླབ་ཚན་ལག་བསྟར་བྱེད་དུས་དགེ་རྒན་གཅིག་པུས“བཤད་པ”ནས་སློབ་མ་རང་གིས“གསར་རྟོག་གམ་གསར་རྙེད”བྱེད་པའི་ཕྱོགས་སུ་འཇུག་དགོས་པ་དང་། སློབ་ཁྲིད་ཀྱི་བྱེད་སྒོ་དེ“གཞན་བསྒུལ”ནས“རང་འགུལ”ཅན་དུ་འགྱུར་བར་འབད་དགོས། མཇུག་མཐར“ལད་ཟློས”ཀྱི་སློབ་གསོ་ནས“གསར་གཏོད”ཀྱི་སློབ་གསོར་བརྒལ་བར་འབད་དགོས།

ལྔ་པ། བསླབ་ཚན་དཔྱད་འཇོག

བསླབ་ཚན་དཔྱད་འཇོག་ལ་གོང་སྤེལ་དཔྱད་འཇོག་དང་ཕྱོགས་བསྡུས་དཔྱད་འཇོག་གཉིས་འདུས་ཡོད། གོང་སྤེལ་དཔྱད་འཇོག་ནི་རྒྱུགས་གཞི་གཙོ་བྱས་ནས་སློབ་མའི་ཡོན་ཏན་འཕེལ་ཡོད་མེད་ལ་བརྟག་དཔྱད་བྱེད་པའི་དཔྱད་འཇོག་ཡིན། ཕྱོགས་བསྡུས་དཔྱད་འཇོག་ནི་སློབ་མའི་ཕྱོགས་ཡོངས་ཀྱི་ནུས་པར་དཔྱད་འཇོག་བྱེད་པ་ཡིན། དཔེར་ན། རྩ་འཛུགས་ནུས་པ་དང། ལུས་རྩལ་ནུས་པ། འབྲེལ་འདྲིས་ནུས་པ། གླུ་ལེན་དང་གཏམ་བཤད། རོགས་སྐྱོར་དང་མཐུན་སྒྲིལ། སྙིང་རྗེ། བསམ་པ་བཟང་ངན་སོགས་ཕྱོགས་ཡོངས་ནས་སློབ་མར་དཔྱད་འཇོག་བྱེད་པ་ལ་བྱ། ང་ཚོས་སློབ་མར་དཔྱད་འཇོག་བྱེད་དུས་སློབ་སྦྱོང་ཁོ་ནར་གཞིགས་ནས་དཔྱད་འཇོག་བྱས་ན་ཡེ་ནས་མི་འགྲིག་ཅིང་། སློབ་མའི་ཕྱོགས་ཡོངས་ལ་གཞིགས་ནས་དཔྱད་འཇོག་བྱས་ན་སློབ་མའི་ཚེ་གང་བོའི་འཕེལ་རྒྱས་ལ་ཕན་ཐོགས་ཆེན་པོ་ཡོད། སློབ་མ་གསོ་སྐྱོང་བྱེད་པའི་དམིགས་ཡུལ་ནི་རྒྱུགས་འགྲན་ལ་མཁས་པའི་མི་ཞིག་གསོ་སྐྱོང་བྱ་རྒྱུ་དེ་ཁོ་ན་མ་ཡིན་ཏེ། སྤྱི་ཚོགས་ལ་རྒྱུགས་སྤྲོད་པར་མཁས་པའི་མི་ཁོ་ན་དགོས་མཁོ་ཡོད་པ་མ་ཡིན་པར་ལས་ཀ་འདྲ་མིན་སྣ་ཚོགས་སྒྲུབ་པའི་མི་མི་འདྲ་བ་དགོས་མཁོ་ཆེ་བས་ཡིན། མདོར་ན་དཔྱད་འཇོག་བྱེད་པའི་སྐབས་སུ་སློབ་མ་སོ་སོ་བའི་ཁྱད་པར་དང་ཁྱད་ཆོས་ལ་གཞིགས་ནས་དཔྱད་འཇོག་སྣ་མང་བྱ།

དྲུག་པ། བསླབ་ཚན་དོ་དམ།

བསླབ་ཚན་དོ་དམ་ལ་རིམ་པ་གསུམ་གྱི་བསླབ་ཚན་དོ་དམ་ཡོད་དགོས། དེ་ལ་ཐོག་མར་རྒྱལ་ཁབ་ཀྱིས་བསླབ་ཚན་དོ་དམ་བྱེད་པའི“རྩ་ཁྲིམས”གཏན་ལ་དབབ་དགོས་པ་དང་། དེ་གཞིར་བཟུང་ནས་ས་གནས་སོ་སོས་བསླབ་ཚན་དོ་དམ་བྱེད་པའི“བཅའ་ཁྲིམས”གཏན་ལ་དབབ་དགོས་པ་དང་། དེ་ནས་སློབ་གྲྭ་སོ་སོས“བཅའ་ཁྲིམས”དེ་ལ་བརྟེན་ནས་སློབ་གྲྭ་རང་རང་གི་དོ་དམ་བྱེད་ཚུལ་མི་འདྲ་བ་གཏན་ལ་དབབ་ཆོག

གསུམ། ཇི་ལྟར་བཅོ། ལྟ་ཚུལ་ཆེན་པོ་དྲུག

དང་པོ། སློབ་མ་རྩ་བར་འཛིན་པའི་སློབ་གསོའི་རིན་ཐང་གི་ལྟ་ཚུལ་གཟུགས་པ།

སློབ་ཁྲིད་བྱ་ཡུལ་གྱི་སློབ་མ་ནི་ནམ་ཡང་སློབ་ཁྲིད་ཀྱི་གཙོ་གཞི་ཡིན་ཞིང་སློབ་མའི་འཕེལ་རྒྱས་ནི་འཕེལ་རྒྱས་ཀྱི་རྩ་བར་འཛིན་དགོས་པ་དང་། སློབ་མ་རང་ཉིད་ཀྱི་སྤྲོ་བ་གཞིར་བཟུང་ནས་འབད་པ་ལྷུར་ལེན་བྱས་ཏེ་སློབ་མ་རང་གི་སྟོབས་ཤུགས་དེ་རྩ་བའི་སྒུལ་ཤུགས་སུ་འཛིན་པའི་ནང་དོན་རིགས་གཉིས་འདུས་ཡོད། བྱིས་པ་སོ་སོ་རང་ཉིད་ལ་ཡིད་རྟོན་དང་ཡིད་ཆེས་ཡོད་པ་དང་། སློབ་གྲོགས་ཚོའི་མདུན་ནས་རང་ཉིད་ཀྱི་སྐྱོན་ཁས་ལེན་ཕོད་པ་དང་རང་ཉིད་ཀྱི་བསམ་ཚུལ་གླེང་ཐུབ་པ་དང་། རང་ཉིད་ལ་དོ་དམ་བྱེད་ཤེས་པའི་སློབ་གཉེར་པ་ཞིག་དང་། སྤྱི་སེམས་ལྡན་པའི་སློབ་མ་གསོ་སྐྱོང་བྱ་རྒྱུ་གཙོ་བོར་འཛིན་དགོས་པར་མ་ཟད། དེའི་ཕྱོགས་ཀྱི་འབྲེལ་ཡོད་བྱ་དགའ་བཙུགས་ནས་སློབ་མའི་ཕྱོགས་གང་ཐད་ལ་སྐུལ་མ་གཏོང་བ་དང་། དགེ་སློབ་བར་གྱི་འབྲེལ་བ་དང་སློབ་གྲོགས་བར་གྱི་མཛའ་བརྩེ་ལ་གཙིགས་ཆེན་བྱེད་པའི་སློབ་གསོའི་ལྟ་ཚུལ་འདོན་སྤེལ་དང་སློབ་མ་སོ་སོ་བའི་ཁྱད་པར་ལ་དོ་སྣང་བྱས་ཏེ་སློབ་མའི་ཀུན་སྤྱོད་དང་ཡོན་ཏན། རྒྱུགས་འབྲས་སོགས་ཕྱོགས་ཀུན་གསོ་སྐྱོང་དང་གོང་དུ་སྤེལ་བར་སློབ་གྲྭ་རང་ཉིད་ཀྱི་ཁྱད་ཆོས་ལ་གཞིགས་ནས་ལམ་ལུགས་དང་ལྟ་ཚུལ་གཟུགས་རྒྱུ་ནི་གལ་ཆེན་ནང་གི་དོན་ཆེན་ཡིན།

གཉིས་པ། ཚན་རིག་དང་མི་ཆོས(人文)གཅིག་སྒྲིལ་གྱི་བསླབ་ཚན་ལྟ་ཚུལ་གཟུགས་པ།

ཚན་རིག་རིག་གནས་ཀྱིས་ང་ཚོ་མིའི་རིགས་ལ་སྟོབས་ཤུགས་བསྩལ་ནས་ཐབས་ཤེས་ཤེས་རྟོགས་དང་ལག་ཆ་གསར་པ་ལ་བརྟེན་ནས་འཛམ་གླིང་གི་ལོ་རྒྱུས་གསར་པ་བསྐྲུན་པར་རམ་འདེགས་བྱེད། དེ་ལ་གྲངས་རིག་དང་དངོས་ལུགས། རྫས་འགྱུར། སྐྱེ་དངོས། ས་ཁམས་སོགས་ཡོད། མི་ཆོས་རིག་གནས་ཀྱིས་མིའི་དད་པ་དང་ཡིད་འགྱུར། ཀུན་སྤྱོད་དང་མཛེས་དཔྱོད་སོགས་ཞིབ་འཇུག་བྱ་ཡུལ་བྱས་ནས་མིའི་རིགས་ལ་སྙིང་པོ་ལྡན་པའི་བསམ་པའི་ཁྱིམ་གཞིས་ཤིག་གནང་བ་དང། དེ་ལ་རྩོམ་རིག་དང་མཛེས་རྩལ། སྐད་བརྡ་རིག་པ། སྤྱི་ཚོགས་རིག་པ། མི་རིགས་རིག་པ། ཆོས་ལུགས། རོལ་མོ། མཚན་ཉིད་རིག་པ། དཔལ་འབྱོར་རིག་པ། གནའ་རྟོག་རིག་པ། ཁྲིམས་ལུགས་སོགས་ཡོད། སྤྱི་ཚོགས་དང་མི་སྒེར་སུ་དང་གང་ཡིན་ཡང་མི་དང་བྲལ་ནས་རིན་ཐང་གླེང་སྲོལ་མེད་ལ་ཚན་རིག་དང་བྲལ་ནས་མི་ཆོས་གླེང་ཐབས་དེ་བས་མེད། རིན་ཐང་ལྟ་ཚུལ་གྱི་འཁྱེར་སོའི་ངོས་ཐད་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ངོས་ཐད། དཔལ་འབྱོར་འཕེལ་རྒྱས་ཀྱི་ངོས་ཐད། མི་རིགས་ཀྱི་བྱང་ཚད་ངོས་ཐད། སློབ་གསོའི་ངོས་ཐད་གང་ནས་བལྟས་ཀྱང་དེ་གཉིས་དོང་ཙེ་གཅིག་གི་ངོས་གཉིས་དང་འདྲ་བར་དེ་གཉིས་ལ་ཁྱད་པར་ངེས་ཅན་ཞིག་ཡོད་ཀྱང་མིའི་རིགས་ཀྱི་འཚོ་གནས་དང་འཕེལ་རྒྱས་ལ་བལྟས་ནས་བཤད་ན་སོ་སོར་གནས་ཀྱང་ཁ་འབྲལ་ཐབས་མེད།

ཚན་རིག་རིག་གནས་ལ་ཞིབ་འཇུག་བྱེད་པའི་ཁྱད་ཆོས་ནི་གཞན་ངོས་དང་ཉམས་མྱོང་། ཡང་དག་པ། མཚན་ཉིད། སྤྱི་མཚན་རང་བཞིན་ལྡན་པ་དང་། མི་ཆོས་རིག་གནས་ལ་ཞིབ་འཇུག་བྱེད་པའི་ཁྱད་ཆོས་ནི་རང་ངོས་དང་ཉམས་སུ་མྱོང་བ། རབ་རིབ། གཟུགས་བརྙན་རང་བཞིན་ལྡན་པ། ཚན་རིག་ལག་རྩལ་གྱིས་མིའི་རིགས་འཚོ་བ་སྔར་ལས་འཕེལ་རྒྱས་སུ་འགྲོ་བའི་དངོས་པོའི་དཔལ་ཡོན་ཕུན་ཚོགས་སུ་མཁོ་སྤྲོད་གནང་བ་དང་མི་ཆོས་རིག་གནས་ཀྱིས་མིའི་རིགས་ཀྱིས་བདེ་སྐྱིད་ཀྱི་འཚོ་བ་རོལ་བའི་ཆ་རྐྱེན་གཙོ་བོ་སེམས་ཀྱི་སྟོང་ཆ་བསྐངས་པས། ང་ཚོ་མིའི་རིགས་དོན་ངོ་མར་འཚོ་བ་བདེ་ཞིང་སྐྱིད་པ་ཞིག་རོལ་བསམས་ན་ཚན་རིག་འཕེལ་རྒྱས་ལ་མི་ཆོས་བྱམས་སྐྱོང་ཞུགས་ན་ད་གཟོད་ཆ་ཚང་ཞིང་དོ་འགྲིག་པ་ཡིན།

དེ་བས་སློབ་འབྲིང་སློབ་གྲྭ་ལ་མཚོན་ན་བསླབ་ཚན་བཀོད་སྒྲིག་བྱེད་དུས་རྩིས་ཚན་དང་རིག་ཚན་ནི་ཕན་ཚུན་སྤང་འགལ་ཞིག་མ་ཡིན་པར་སྤྱི་ཚོགས་འཚོ་བར་དེ་གཉིས་འདྲེས་ཡོད་པ་དང་། དེ་མིན་སློབ་མའི་མ་འོངས་པའི་མི་ཚེ་ལ་གཞིགས་ཏེ་བསླབ་ཚན་གཞན་ཡང་འོས་འཚམ་གྱིས་བཀོད་སྒྲིག་བྱས་ཆོག དེ་ལྟར་བསྒྲུབས་ན་སློབ་མའི་འགན་ཁུར་ཇེ་ལྕིར་གཏོང་བའི་དམིགས་ཡུལ་མིན་པར་དེ་ལས་ལྡོག་སྟེ་སློབ་མའི་སེམས་ཁམས་ཇེ་སྐྱིད་དང་འགན་ཁུར་ཇེ་ཡང་དུ་འགྲོ་བའི་དམིགས་ཡུལ་ཡིན་ལ། གང་ལ་གང་འཚམ་དང་དེ་ལ་དེ་འཚམ་གྱིས་བསླབ་ཚན་བཀོད་སྒྲིག་བྱས་ནས་སློབ་མ་རྣམས་ལ་དེར་རྒྱུས་ལོན་དང་གོ་བ་ལེན་པའི་གོ་སྐབས་སྟེར་དགོས་པ་དང་། རྩིས་ཚན་དང་རིག་ཚན་གཉིས་གཅིག་གཅིག་ལ་འབྲེལ་བ་སྤུ་ཙམ་ཡང་མེད་པའི་ལམ་གཉིས་མིན་པ་ཤེས་སུ་བཅུག་ནས། སློབ་མའི་ཤེས་རྒྱ་བསྐྱེད་ནས་རིག་སྒོ་འབྱེད་པའི་ཕྱོགས་ལ་འབད་པ་ཧུར་ཐག་བྱ་དགོས།

གསུམ་པ། འཚོ་བར་ཕྱིར་ལོག་པའི་བསླབ་ཚན་གྱི་སྐྱེ་ཁམས་ལྟ་ཚུལ་གཟུགས་པ།

སྐྱེ་ཁམས་ཀྱི་བསླབ་ཚན་འཛུགས་དུས་སུ་སློབ་དང་འཁྲིད་གཉིས་ལ་མཆོག་དམན་མི་ཕྱེ་བར་སློབ་མས་ཉམས་ལེན་དང་འཚོལ་ཞིབ་བྱེད་པར་བརྟེན་ནས་རང་ཚུགས་ཀྱིས་སློབ་སྦྱོང་བྱ་དགོས་པར་མ་ཟད། སློབ་སྦྱོང་གོ་རིམ་ནས་དམངས་གཙོ་དང་འདྲ་མཉམ། བགྲོ་གླེང་བྱེད་པའི་དགེ་སློབ་ཀྱི་འབྲེལ་བ་གསར་པ་ཞིག་འཛུགས་པར་རིགས། བློ་འབྱེད་དེ་ནི་དེང་རབས་བསླབ་ཚན་འཚོ་ཁམས་ལྟ་ཚུལ་གྱི་བསམ་བློའི་སྙིང་བོར་གྱུར་ན་འོས། དེང་རབས་བསླབ་ཚན་སྐྱེ་ཁམས་ལྟ་ཚུལ་གྱིས་འཚོ་བར་ཕྱིར་ལོག་དོན་ནན་བཤད་བྱེད་པའི་རྒྱུ་མཚན་ནི་སློབ་མ་འཚར་ལོངས་འབྱུང་སའི་ཁྱིམ་གཞིས་ནས“འཚོ་བའི་འཇིག་རྟེན”དོགས་སྣང་མེད་པར་འཕྲོག་པ་དང་། “ཚན་རིག་གི་འཇིག་རྟེན”སློབ་མའི་འཚར་ལོངས་འབྱུང་སའི་ཁྱིམ་གཞིས་གཅིག་པུར་གྱུར་པས། སློབ་གྲྭའི་སློབ་གསོ་རུ་མི་དང་རང་བྱུང་ཁམས། མི་དང་མིའི་འབྲེལ་བར་སྔ་ན་མེད་པའི་ཉམས་ཉེས་བྱུང་། སློབ་གསོའི་གོ་རིམ་གྱི་ཕུན་སུམ་ཚོགས་པའི་སྤྱི་ཚོགས་ཀྱི་ལོ་རྒྱུས་རང་བཞིན་འཁྱག་སོབ་སོབ་ཀྱི་ཤེས་བྱ་གནང་སྦྱིན་དང་བྲོ་བས་དབེན་པའི་རིག་པའི་སྦྱོང་བརྡར་གྱིས་ཚབ་བྱས་ཏེ“འཚོ་བའི་འཇིག་རྟེན”གྱི“གསོན་ཉམས་ལྡན་པའི་རང་ངོས་རང་བཞིན”ཡལ་བར་གྱུར་པས། དེང་རབས་ཀྱི་མིས་རིས་སུ་བོར་བའི་བསམ་པའི་ཁྱིམ་གཞིས་འཚོལ་བའི་ཆེད་དུ“ཚན་རིག་གི་འཇིག་རྟེན”གྱིས་དྲངས་ཡོང་བའི་འཚར་ལོངས་ཉམས་ཉེས་དང་སློབ་གསོའི་ཉམས་ཉེས་ཀྱི་དཀའ་ཁག་བསལ་ནས“འཚོ་བའི་འཇིག་རྟེན”ལ་ཕྱིར་ལོག་དགོས།

འཚོ་བའི་འཇིག་རྟེན་ལ་ཕྱིར་ལོག་པའི་བསླབ་ཚན་གྱི་སྐྱེ་ཁམས་ལྟ་ཚུལ་ནི་རྩ་བའི་ངོ་བོ་ནས་བཤད་ན། རང་བྱུང་ཁམས་དང་སྤྱི་ཚོགས། མི་བཅས་ཀྱི་བསླབ་ཚན་མ་ལག་གཅིག་གྱུར་འབྱུང་དགོས་པ་ཡིན། དེ་ལ། རང་བྱུང་གི་བསླབ་ཚན། འཚོ་བའི་བསླབ་ཚན། བདག་ཉིད་བསླབ་ཚན་སོགས་དེང་རབས་བསླབ་ཚན་འཚོ་སྟངས་ལྟ་ཚུལ་གྱི་རྩ་བའི་བརྗོད་དོན་ཡིན། རང་བྱུང་གི་བསླབ་ཚན་ནི་རང་བྱུང་ཁམས་ལ་ཁ་ཕྱོགས་ནས་རང་བྱུང་ཁམས་དང་ཕུང་བོ་གཅིག་ཏུ་འགྱུར་བ་དེ་ཡིན། སློབ་གྲོགས་ཚོ་རང་བྱུང་ཁམས་སུ་ཞུགས་ནས་དེ་ཉམས་སུ་མྱོང་བ་དང་ངོས་འཛིན་པ། དེ་ལ་འཚོལ་རྟོག་བྱས་ནས་མིས་རང་བྱུང་ཁམས་ལ་བཟུང་བའི་མི་ཆོས་སྙིང་སྟོབས་དང་མཛེས་དཔྱོད་ཉམས་ལེན། བདེན་འཚོལ་རེ་འདུན་སོགས་རྒྱུད་དུ་བླངས་ཏེ་རང་བྱུང་ཁམས་ཀྱི་ལྟ་སྐྱོང་མཁན་དང་གསར་གཏོད་ལ་མཁས་པའི་ཐོན་སྐྱེད་མཁན། འོས་འགན་ཕྲག་ཏུ་ལེན་ནུས་པའི་ཁོར་ཡུག་སྲུང་སྐྱོབ་པ་ཞིག་ཏུ་འགྱུར་དགོས།

འཚོ་བའི་བསླབ་ཚན་ནི་སྤྱི་ཚོགས་འཚོ་བར་ཐད་ཀར་ཁ་གཏད་ནས་འཚོ་བའི་ཕུང་བོ་གཅིག་ཏུ་འགྱུར་བར་འབད་དགོས་པ་དང་། བསླབ་ཚན་དང་སློབ་མའི་འཚོ་བ། སྤྱི་ཚོགས་ཀྱི་དངོས་དོན་བར་ལ་དམ་པོ་ཡོད་པར་མ་ཟད། ལག་ཏུ་བསྟར་བ་དང་འཚོ་བ་གཉིས་ནི་སློབ་མ་རང་ཉིད་གོང་འཕེལ་དུ་འགྲོ་བའི་སྟོབས་ཤུགས་ཀྱི་འབྱུང་ཁུངས་ཡིན།

བདག་ཉིད་ཀྱི་བསླབ་ཚན་ནི་བདག་ཉིད་ཡངས་འགྲོལ་བྱས་ནས་མི་སྒེར་གྱི་མྱོང་ཚོར་དང་ཉམས་ལེན། རིན་ཐང་ལྟ་ཚུལ་ལ་བརྩི་འཇོག་བྱེད་པ་དང་ཆབས་ཅིག་མི་སྒེར་གྱི་ཤེས་ཡོན་དང་བདག་ཉིད་ཤེས་ཡོན་ལ་དོ་ཁུར་བྱས་ནས་སློབ་མ་ནི་ཤེས་བྱ་དང་རིག་གནས་ཀྱི་གསར་གཏོད་མཁན་ཡིན་པར་ལྟ་དགོས་པ་ལས་ཤེས་བྱ་དང་རིག་གནས་ལྡུག་ས་ཡིན་པར་ལྟ་མི་རུང་། དེ་བས། བསླབ་ཚན་ནི་སློབ་མའི་གསོན་ཤུགས་ཀྱིས་ཕྱུག་པའི་འཚོ་བའི་འཇིག་རྟེན་ངོ་མར་འགྱུར་དགོས་པ་དང་། དེ་རུ་སློབ་མ་རྣམས་ཀྱིས་རང་ཉིད་ཀྱི་བློ་གྲོས་དང་ཡིད་འགྱུར་ལ་བགེགས་དང་བར་ཆད་མེད་པར་ངོམ་པ་དང་། རང་ཚུགས་བྱ་ནུས་པ་དང་གདམ་གསེས་བྱ་ཤེས་པ། གསར་གཏོད་བྱ་ཤེས་པར་གསོ་སྐྱོང་བྱ་དགོས། བདག་ཉིད་ཀྱི་བསླབ་ཚན་བཙུགས་པ་དེས་མི་གཤིས་ཕྱིར་ལོག་པ་མཚོན་ཡོད་ལ། མིའི་ཡིད་འགྱུར་དང་གཤིས་ཀ མི་གཞི། ལག་རྩལ། ཤེས་བྱ་སོགས་ད་ནི་རིན་གོང་གཅོད་པར་སྒུག་པའི་ཚོང་རྫས་མ་ཡིན་ལ། མིའི་ལར་ཞེན་དང་རིན་ཐང་། བདག་ཉིད་དོན་སྙིང་། རང་གཤིས་སོགས་ལ་རང་དབང་ཐོབ། བདག་ཉིད་ཡངས་འགྲོལ་གྱི་བསླབ་ཚན་འཇིག་རྟེན་ནས་དགེ་རྒན་ནི་བདེན་དོན་གྱི“བདག་འཛིན་མཁན་དང་བཤམས་སྒྲོག་མཁན”མ་ཡིན་ལ། སློབ་མ་ཡང་བདེན་དོན་གྱི་གཞན་དབང་རྒྱུད་ལ་ལེན་པ་ཡང་མ་ཡིན་པར་བདེན་དོན་དང་ཤེས་བྱ་འཚོལ་མཁན་དང་འཚོལ་རྟོག་མཁན་ཡིན་པ་དང་། དགེ་སློབ་བར་གྱི་འབྲེལ་བ་ཡང་ཁྲིད་དང་ལེན་པའི་འབྲེལ་བ་རྐྱང་རྐྱང་ཞིག་མ་ཡིན་པར་ང་དང་ཁྱོད་ཀྱི་འབྲེལ་བ་དང་ཕན་ཚུན་ལ་བགྲོ་གླེང་བྱེད་པའི་འབྲེལ་བ་ཡིན།

མདོར་ན། འཚོ་བར་ཕྱིར་ལོག་པའི་བསླབ་ཚན་འཚོ་ཁམས་ལྟ་ཚུལ་གྱིས་སློབ་གྲྭའི་བསླབ་ཚན་ཚན་རིག་གི་གཅུན་སྡོམ་ལས་གྲོལ་ཏེ་རང་བྱུང་ཁམས་སུ་ཕྱིར་ལོག་པ་དང་འཚོ་བར་ཕྱིར་ལོག་པ། མི་རང་ཉིད་ལ་ཕྱིར་ལོག་པ། དཔག་ཤེས་དང་མི་གཤིས་གཅིག་སྒྲིལ་ཡག་པོ་བྱུང་བ་མཚོན་པ་དང་། ཚན་རིག་དང་ཀུན་སྤྱོད། སྒྱུ་རྩལ་སོགས་དོན་དང་མཐུན་པའི་སྒོ་ནས་གཅིག་གྱུར་དངོས་བྱུང་བ་མཚོན།

བཞི་པ། ཕྱོགས་བསྡུས་འཁྱེར་སོའི་བསླབ་ཚན་གྱི་འཆར་འགོད་ལྟ་ཚུལ་གཟུགས་པ།

བསླབ་ཚན་གྱི་ཕྱོགས་བསྡུས་འཆར་འགོད་ནི་བསླབ་ཚན་གྱི་ཞིབ་འཇུག་ཁྱབ་ཁོངས་སུ་དོ་ཁུར་ཆེ་ཆེར་བྱེད་པའི་དཔྱད་གཞི་ཞིག་ཡིན།

བསླབ་ཚན་འཆར་འགོད་ལ་གཞུང་ལུགས་རྨང་གཞི་ཆེན་པོ་གསུམ་ཡོད་དེ། རིག་ཚན་དང་སློབ་མ། སྤྱི་ཚོགས་གསུམ་ཡིན། བསླབ་ཚན་འཆར་འགོད་གང་དང་གང་ཡིན་རུང་རྨང་གཞི་དེ་གསུམ་དང་འགལ་མི་རུང་། བསླབ་ཚན་འཆར་འགོད་ལ་རིགས་གསུམ་ཡོད་དེ། ཤེས་བྱའི་རྒྱུ་རྐྱེན་ལ་དོ་སྣང་བྱེད་པའི་འཆར་འགོད་དང་སྤྱི་ཚོགས་རྒྱུ་རྐྱེན་ལ་དོ་སྣང་བྱེད་པའི་འཆར་འགོད། སློབ་གཉེར་པར་དོ་སྣང་བྱེད་པའི་འཆར་འགོད་བཅས་ཡིན། བསླབ་ཚན་འཆར་འགོད་རིགས་དེ་གསུམ་པོའི་སྣེ་ཁྲིད་ལ་བརྟེན་ནས་བསླབ་ཚན་ནང་དོན་གདམ་པའི་འཁྱེར་སོ་རིགས་གསུམ་ཆགས་ཡོད།

1. ཤེས་བྱའི་རྒྱུ་རྐྱེན་ལ་དོ་སྣང་བྱེད་པའི་འཆར་འགོད་ནི་བསླབ་ཚན་ནང་དོན་ཏེ་རིག་ཚན་གྱི་ཤེས་བྱ་ལ་ཟེར་བ་ཡིན། བསླབ་ཚན་གྱི་ནང་དོན་གདམ་པའི་འཁྱེར་སོ(ཤེས་བྱའི་འཁྱེར་སོ)ནི་སྲོལ་རྒྱུན་བསམ་བློ་དངོས་ཤིག་ཡིན། གནའ་ནས་ད་བར་དུ་མིའི་རིགས་ཀྱིས་ཀྱག་ཀྱོག་གི་ལོ་ཟླ་ནང་བསགས་པའི་ཤེས་བྱ་དང་རྩལ་ནུས་སོགས་སློབ་གསོའི་ནང་དོན་གཙོ་བོར་བཞག་སྟེ་ཤེས་བྱ་དེ་དག་ནི་མིའི་རིགས་ཀྱི་སྤྱི་ཚོགས་འཚོ་གནས་དང་འཕེལ་རྒྱས་སུ་འགྲོ་བའི་རྨང་རྡོ་བྱེད་པ་ཡིན། སློབ་གྲྭའི་སློབ་ཁྲིད་ནི་རྩོད་གཞི་ཅི་ཡང་མེད་པར་མིའི་རིགས་ཀྱི་ཤེས་བྱ་དེ་དག་མི་རབས་རྗེས་མར་ཁྲིད་པའི་བརྒྱུད་རིམ་ཡིན།

2. སྤྱི་ཚོགས་རྒྱུ་རྐྱེན་ལ་དོ་སྣང་བྱེད་པའི་འཆར་འགོད། སློབ་གྲྭའི་སློབ་གསོའི་ངོ་བོ་ནི་སྤྱི་ཚོགས་སུ་ཕྱིར་ལོག་ནས་མི་དར་མའི་འཚོ་བ་རོལ་བར་སྟ་གོན་བྱེད་པའི་ལས་དོན་ཞིག་ཡིན་པས། སློབ་གྲྭའི་བསླབ་ཚན་འཆར་འགོད་བྱེད་དུས་དེང་རབས་སྤྱི་ཚོགས་གོམས་ལོབ་དང་རྒྱུས་ལོན་བྱ་རྒྱུ་རྩ་བའི་དམིགས་ཡུལ་དུ་བཟུང་ནས་འཆར་འགོད་བྱ་དགོས། དེ་དང་ཆབས་ཅིག་བྱིས་པ་ཡང་སྤྱི་ཚོགས་ཀྱི་ཆ་ཤས་ཤིག་ཡིན་པའི་ཆ་ནས་བྱིས་པར་ཡོད་འོས་པའི་བྱིས་པའི་འཚོ་བ་གཞིར་བཟུང་ནས་དེ་དང་འཚམ་པའི་བསླབ་ཚན་ནང་དོན་འཆར་འགོད་བྱ་དགོས།

3. སློབ་གཉེར་པར་དོ་སྣང་བྱེད་པའི་འཆར་འགོད་ཡིན། སློབ་གཉེར་པར་ཕྱོགས་པའི་བསླབ་ཚན་འཆར་འགོད་ཀྱིས་སློབ་མའི་དགའ་ཕྱོགས་དང་སྤྲོ་ཕྱོགས་ནི་བསླབ་ཚན་འཆར་འགོད་ཀྱི་སྙིང་བོར་འཛིན་པ་ཡིན། དེ་བསླབ་ཚན་སློབ་གཉེར་པར་འཚམ་དགོས་པ་ལས་སློབ་གཉེར་པ་བསླབ་ཚན་ལ་འཚམ་དགོས་པ་མིན་པས་སློབ་གཉེར་པའི་ཉམས་མྱོང་སློབ་གསོ་ནི་བསླབ་ཚན་གྱི་ནང་དོན་གཙོ་བོ་ཡིན། སློབ་གཉེར་པས་བསླབ་ཚན་ནང་དོན་རྒྱུས་ལོན་བྱ་རྒྱུ་དེ་སློབ་གཉེར་པའི་སེམས་ཁམས་ལ་རག་ལས་ཡོད། སློབ་གཉེར་པར་ལྡན་པའི་ཤེས་རྟོག་ཡིད་འགྱུར་གྱིས་བསླབ་ཚན་ལ་ཤུགས་རྐྱེན་ཐེབས་པས་བསླབ་ཚན་ལ་སློབ་གཉེར་པའི་ཚོད་འཛིན་ཐེབས་པ་ལས་དགེ་རྒན་ནམ་རིག་ཚན་ཆེད་མཁས་དག་གི་ཚོད་འཛིན་ཐེབས་པ་མིན། དེའི་ཕྱིར། སློབ་གསོ་མཁན་གྱི་ལས་འགན་ནི་སློབ་གཉེར་པའི་རང་ཚུགས་གདམ་གསེས་ལ་ལྗོངས་ཁམས་མཁོ་སྤྲོད་དང་། ཆ་རྐྱེན་དང་གོ་སྐབས་བསྐྲུན་ནས། སློབ་གཉེར་པར་དགོས་མཁོ་ཡོད་ན་མཛུབ་སྟོན་བྱ་དགོས། དེ་ཐེ་ལི་ལགས་ཀྱིས“སློབ་གསོའི་རྩ་བའི་བྱེད་ཐབས་ནི་སློབ་སྦྱོང་མཉམ་མྱོང་མཁོ་སྤྲོད་བྱ་རྒྱུ་དེ་ཡིན་པ་མ་གཏོགས་སློབ་མར་བྱ་དངོས་གང་མང་བཤམས་སྟོན་བྱ་རྒྱུ་དེ་མིན”ཞེས་གསུངས་པ་བཞིན། ཨ་རིའི་སློབ་གསོ་པ་གྲགས་ཅན་ཏུའུ་ཝེས“སློབ་སྦྱོང་ནི་སློབ་གཉེར་པ་དང་ཁོར་ཡུག་གཉིས་བར་གྱི་མཉམ་བརྗེ་བརྒྱུད་ནས་དོན་སྙིང་འབྱུང་ཞིང་ཤེས་ཡོན་བསྐྱེད་པས་སློབ་སྦྱོང་གི་གྲུབ་འབྲས་ནི་སློབ་གཉེར་པ་རང་འགུལ་གྱིས་འཇུག་པ་དང་སློབ་གསོའི་ཁོར་ཡུག་ཕུན་སུམ་ཚོགས་པ་ཞིག་མཁོ་སྤྲོད་བྱེད་མིན་ལ་རག་ལས་ཡོད། སློབ་གཉེར་པས་སྦྱངས་པ་ཆེས་ལེགས་པ་ནི་ཁོ་ཚོས་སྦྱོང་འདོད་ཆེས་ཆེ་བ་དང་ཁོ་ཚོའི་སྤྲོ་བ་ཚིམ་ཐུབ་པ་དང་དགོས་མཁོ་ཆེ་བའི་དངོས་པོ་སྟེ། ཁོ་ཚོའི་དཀའ་ཁག་དངོས་སེལ་ཐུབ་པའི་འབྲེལ་ཡོད་དངོས་པོ་ཡིན། གལ་སྲིད་རིག་གནས་ཤེས་བྱ་དང་སྤྱི་ཚོགས་ཀྱི་འཚོ་བའི་མཉམ་མྱོང་ལ་སློབ་གཉེར་པས་གདམ་གསེས་དང་ཁས་ལེན་བྱས་ཚེ་ད་གཟོད་ཁོ་ཚོས་རྟོགས་ཐུབ་པ་དང་། ད་གཟོད་ཁོ་ཚོའི་མི་གཞི་འཕེལ་བས། བསླབ་ཚན་འཆར་འགོད་ཅེས་པ་ནི་སློབ་གཉེར་པའི་སྤྲོ་བ་དང་དགོས་མཁོའི་གསར་རྟོགས་དང་དབྱེ་ཞིབ་ཡིན་ཞིང་། སློབ་གཉེར་པ་དང་མཉམ་དུ་སློབ་སྦྱོང་གི་ལྗོངས་ཁམས་འཆར་འགོད་བྱེད་པ་དང་། སློབ་སྦྱོང་གི་བྱེད་སྒོ་སྤེལ་དགོས”ཞེས་གསུངས་ཡོད། ཏུའུ་ཝེས་བཏོན་པའི་བྱེད་སྒོའི་བསླབ་ཚན་ནི་བྱིས་པ་རང་གནས་ཀྱི་ཕྱོགས་བསྡུས་བསླབ་ཚན་ཡིན་ལ། དེ་སློབ་གཉེར་པའི་རྒྱུ་རྐྱེན་ལ་གཞིགས་ནས་འཆར་འགོད་བྱས་པ་ཡིན། བསླབ་ཚན་སྒྲིག་པའི་བློས་བསླངས་ནི་བྱིས་པར་སྤྲོ་བ་ཡོད་པའི་བྱེད་སྒོའམ་གནད་དོན་བརྒྱུད་ནས་ཕྱོགས་བསྡུས་ཀྱིས་རིག་ཚན་ཤེས་བྱ་སྦྱངས་པར་དམིགས་པ་ཡིན། དཔེར་ན། སློབ་གྲྭའི་བྱེད་སྒོ་ལ་འཁེལ་ཐག་དང་གཡོས་སྦྱོར། ཤིང་བཟོ། མགར་པ། ལྷ་བཟོ་སོགས་འདུས་ཡོད་ལ་བྱེད་སྒོ་དེ་དག་ལས་འཕྲོས་པའི་རིག་ཚན་ལ་གྲངས་རིག་དང་རྩི་ཤིང་རིག་པ། རྫས་འགྱུར། དངོས་ལུགས། ས་ཁམས། ལོ་རྒྱུས། ས་གཤིས་རིག་པ། གཏེར་དངོས་རིག་པ། སྐྱེ་ཁམས་རིག་པ། ཐིག་རིས་རིག་པ་སོགས་སྤེལ་ཆོག་ལ། དེས་མ་ལག་ཤེས་བྱ་སྦྱང་བར་སྣེ་ཁྲིད་བྱས་ཡོད་པར་མ་ཟད་བསླབ་ཚན་ཕྱོགས་བསྡུས་བྱེད་ཐབས་ཀྱང་བསྟན་ཡོད།

ལྔ་པ། རང་ཚུགས་གཙོ་བོར་འཛིན་པའི་བསླབ་ཚན་ལག་བསྟར་གྱི་ལྟ་ཚུལ་གཟུགས་པ།

རང་ཚུགས་སློབ་སྦྱོང་ནི་སློབ་སྦྱོང་བྱེད་སྟངས་ཤིག་ཡིན། དེ་ལ་བདག་ཉིད་སྣེ་ཁྲིད་དང་བདག་ཉིད་སྐུལ་ལྕག བདག་ཉིད་ཚོད་བཀག་གསུམ་འདུས་ཡོད། དེ་ནི་སློབ་མས་སློབ་སྦྱོང་བྱེད་པའི་བརྒྱུད་རིམ་དུ་རང་འགུལ་གྱིས་བཀོད་སྒྲིག་བྱེད་པ་དང་ཁེར་ཚུགས་ཀྱིས་སྙོམ་སྒྲིག་བྱེད་པ། རང་ཉིད་ལ་ཚོད་འཛིན་བྱེད་པའི་སློབ་སྦྱོང་གི་བྱེད་སྒོ་ཞིག་ཡིན། དེའི་ངོ་བོ་ཉིད་ནི་སློབ་མས་རང་འགུལ་སྒོས་ཁེར་ཚུགས་ཀྱིས་སློབ་སྦྱོང་བྱེད་པ་དེ་ཡིན། རང་ཚུགས་སློབ་སྦྱོང་ལ་རང་གི་སེམས་གཏིང་ནས་བྱུང་བའི་སློབ་སྦྱོང་བྱེད་པའི་སྒུལ་ཤུགས་དང་རྒྱབ་སྐྱོར་ཡོད་ཕྱིན་སློབ་སྦྱོང་གི་གྲུབ་འབྲས་ཤིན་ཏུ་ལེགས་པའི་སློབ་སྦྱོང་བྱེད་སྟངས་ཤིག་ཡིན།

རང་ཚུགས་སློབ་སྦྱོང་གི་འཁྲིད་དང་སློབ་ཀྱི་བྱ་རིམ་དུ་སློབ་མ་ནི་ཤེས་རྟོག་བརྒྱུད་རིམ་གྱི་གཙོ་གཞི་ཡིན་ལ། དེས་སློབ་མས་རང་འགུལ་གྱིས་འཚོལ་ཞིབ་དང་གསར་རྟོག སློབ་སྦྱོང་བྱེད་པར་ཕན་ཐོགས་ཆེ་ཞིང། གསར་གཏོད་འཇོན་མི་སྐྱེད་སྲིང་བྱེད་པར་དགེ་མཚན་ཆེ། དེའི་ནུས་པའི་མངོན་ཚུལ་ལ་རང་འགུལ་གྱིས་ཤེས་བྱ་ལེན་ནུས་པ་དང་རང་འགུལ་གྱིས་སྦྱོང་བ་བྱེད་ནུས་པ་དང་། དབྱེ་བ་འབྱེད་ནུས་པ་ཅུང་ལེགས་པོ་ལྡན་པ་དང་། བདག་ཉིད་ཀྱིས་ཤེས་བྱའི་གཙོ་གནད་དང་དཀའ་གནད། དོགས་གནད་བརྡར་ཤ་གཅོད་པའི་ནུས་པ་དང་། སློབ་འགན་གྱི་ཡང་ལྕི་དང་དལ་མགྱོགས་ཚོད་འཛིན་དང་སྙོམ་སྒྲིག་ནུས་པ་དང་། སློབ་སྦྱོང་གི་ནང་དོན་རང་ཉིད་ཀྱི་གནས་ཚུལ་ལྟར་འོས་འཚམ་གྱིས་གདམ་གསེས་དང་བླང་དོར་ནུས་པར་བསྟན།

མཐོ་འབྲིང་སློབ་མ་ནི་སློབ་འགན་ལྕི་དྲགས་པའི་སྐབས་སུ་ལྷུང་ཡོད་པ་དང་། རང་ཚུགས་ཀྱིས་སློབ་སྦྱོང་བྱེད་ཤེས་ན་སློབ་སྦྱོང་གི་ལས་ཆོད་བསམ་ཡུལ་ལས་འདས་པ་འབྱུང་ཞིང་། སློབ་སྦྱོང་གི་གོམས་གཤིས་བཟང་པོ་ཆགས་ཐུབ། དེས་ན་མཐོ་འབྲིང་སློབ་མ་མི་དར་མར་འཚར་གྱིན་ཡོད་པའི་ཁྱད་ཆོས་ལ་དམིགས་ནས་སློབ་སྦྱོང་གི་ཁོར་ཡུག་བཟང་པོ་ཞིག་འཛུགས་པ་དང་། སློབ་མའི་རང་ཚུགས་ཀྱི་སློབ་སྦྱོང་ནུས་པ་ཇི་ལྟར་སྐྱེད་སྲིང་བྱ་ཞེ་ན།

དགེ་རྒན་གྱིས་སློབ་ཁྲིད་ཀྱི་དམངས་གཙོ་ལག་ཏུ་བསྟར་ནས་དགེ་སློབ་འདྲ་མཉམ་གྱི་འབྲེལ་བ་བཙུགས་ནས། སློབ་མའི་མི་གཞི་ལ་བརྩི་འཇོག་དང་། འཚོ་བར་སེམས་ཁུར་བྱས་ནས་ཁོ་ཚོའི་སེམས་འགྱུ་སྐྱུང་བར་འབད་དགོས་པ་དང་། སློབ་མའི་རྟོག་བློ་དང་མཚར་བློ་སྐྱེད་སྲིང་བྱེད་པ་ལ་གཅེས་སྐྱོང་བྱས་ཏེ་འདྲ་མཉམ་ངང་བསམ་བློ་བརྗེ་རེས་དང་མཉམ་དུ་སློབ་སྦྱོང་བྱེད་པར་བརྟེན་ནས། དགེ་སློབ་ཀྱི་འབྲེལ་བ་བཟང་པོ་བཙུགས་ནས་སློབ་མར་ཡིད་རྟོན་དང་། ཁོ་ཚོའི་འཇོན་ཐང་ལ་རོལ་མྱོང་བྱས་ཏེ་ཁོ་ཚོའི་རང་རྟོན་གསོ་སྐྱོང་བྱེད་པ་དང། མི་གཞན་ལ་བརྩི་འཇོག་བྱེད་པ་དང་མི་གཞན་དང་མཉམ་ལས་བྱེད་པའི་འདུ་ཤེས་འཛུགས་སྐྱོང་བྱ་དགོས། དགེ་རྒན་གྱིས་སློབ་གསེང་དུ་སློབ་མར་སྤྲོ་བ་དང་རྒྱུན་ཤེས་སྐོར་གྱི་ཁ་བརྡ་བྱས་ནས་འཆམ་མཐུན་དང་ལྷོད་བག་གི་ཁོར་ཡུག་ཅིག་བསྐྲུན་ནས་སློབ་མ་སོ་སོ་འཕེལ་རྒྱས་ཚད་ཆེན་པོར་གཏོང་བར་འབད་པ་བྱ་བར་རིགས།

སློབ་མའི་རང་ཚུགས་ཀྱི་སློབ་སྦྱོང་ནུས་པ་སྐྱེད་སྲིང་བྱས་ནས་སློབ་མའི་སློབ་སྦྱོང་གི་བྱེད་སྒོ་དེ་རང་ཉིད་དགའ་སའི་ཡུལ་ཁོངས་ནས་འཚོལ་རྟོགས་བྱས་ན། སློབ་སྦྱོང་གི་མཐོང་རྒྱ་བསྐྱེད་ནས་ཤེས་བྱ་གསར་བ་ལེན་པའི་ནུས་པ་དང་གནད་དོན་ཐག་གཅོད་པའི་ནུས་པ། འཚོལ་ཞིབ་ཀྱི་སློབ་སྦྱོང་ནུས་པ་ཆགས་ཐུབ་པས། སློབ་ཁྲིད་བརྒྱུད་རིམ་དུ་དགེ་རྒན་གྱིས་སློབ་ཁྲིད་རྒྱུ་ཆ་སྣ་ཚོགས་བྱེད་སྤྱད་ནས་སློབ་མའི་སློབ་སྦྱོང་གི་འདུན་པ་སྤེལ་ནས་མཐོ་འབྲིང་སློབ་མས་ག་ལེར་རང་ཚུགས་ཀྱིས་སློབ་སྦྱོང་དང་རང་ཚུགས་ཀྱིས་འཚོལ་ཞིབ་བྱེད་ཤེས་པ་དང་བསྟུན་ན། སློབ་མའི་རང་གཤིས་འཕེལ་རྒྱས་སུ་འགྲོ་ཐུབ་པར་མ་ཟད་སྦྱངས་འབྲས་ཀྱང་ཡར་ངོའི་ཟླ་བཞིན་འཕེལ་ཐུབ་བོ། །

དྲུག་པ། ཁྱད་པར་ལ་དོ་ཁུར་བྱེད་པའི་བསླབ་ཚན་གྱི་སྲིད་ཇུས་ལྟ་ཚུལ་གཟུགས་པ།

བསླབ་ཚན་སྲིད་ཇུས་ལ་རིགས་གསུམ་ཡོད། དེ་ནི་དབུས་གཞུང་དབང་སྡུད་ལམ་ལུགས་དང་དབང་མཉམ་ལམ་ལུགས། དབང་བགོའི་ལམ་ལུགས་བཅས་ཡིན།

དེ་ལས་དབུས་གཞུང་དབང་སྡུད་ལམ་ལུགས་ཀྱི་ཚབ་མཚོན་རྒྱལ་ཁབ་ལ་ཧྥ་རན་སེ་དང་སུའུ་ལེན་སྔོན་མ། ཉི་ཧོང། ཀྲུང་གོ་སོགས་ཡོད། དབང་མཉམ་ལམ་ལུགས་ཀྱི་ཚབ་མཚོན་ནི་དབྱིན་ཇི། ཉི་ཧོང་སོགས་ཡོད། དབང་བགོའི་ལམ་ལུགས་ཀྱི་ཚབ་མཚོན་རྒྱལ་ཁབ་ལ་ཨ་མེ་རི་ཁ་དང་འཇར་མན་ཡོད། ཁ་ཤས་ཀྱིས་ཉི་ཧོང་དབང་མཉམ་ལམ་ལུགས་ཀྱི་ཚབ་བྱེད་རྒྱལ་ཁབ་ལ་བརྩི་བའམ་དབྱིན་ཇི་དབང་མཉམ་རྒྱལ་ཁབ་ལ་བརྩི་བའང་ཡོད། ཡིན་ན་ཡང་རྒྱལ་ཁབ་ཅིག་ལ་མཚོན་ནས་བཤད་ན་བསླབ་ཚན་དོ་དམ་ལམ་ལུགས་དབང་སྡུད་ལ་ཕྱོགས་པ་མིན་ན་དབང་བགོའི་ལམ་ལུགས་ལ་ཕྱོགས་པ་ཡིན། དེའི་རྒྱུ་མཚན་ནི་སློབ་གསོའི་ལས་དོན་གལ་ཆེན་མང་པོ་ཞིག་དབུས་སྲིད་གཞུང་ལ་ཐག་གཅོད་དབང་ཆ་མེད་ན་ས་གནས་སྲིད་གཞུང་ལ་ཐག་གཅོད་བྱེད་པའི་དབང་ཆ་ཡོད་པས་དབང་མཉམ་ལམ་ལུགས་ལྟོས་མེད་ཅིག་མེད། དོན་དངོས་སུ། དབྱིན་ཇིའི་བསླབ་ཚན་དོ་དམ་ལམ་ལུགས་དབང་བགོར་ཕྱོགས་ཤིང་ཉི་ཧོང་གི་བསླབ་ཚན་དོ་དམ་ལམ་ལུགས་དབུས་གཞུང་དབང་སྡུད་ལ་ཕྱོགས་ཤིང་། ལམ་ལུགས་དེ་གཉིས་དབང་མཉམ་ལ་ནམ་ཡང་སླེབས་མི་ཐུབ། དེ་དང་ཆབས་ཅིག་བསླབ་ཚན་དོ་དམ་ལམ་ལུགས་དབང་སྡུད་ལམ་ལུགས་དང་དབང་བགོའི་ལམ་ལུགས་གཉིས་ནི་ཆེས་སླ་ཞིང་ཆེས་རྙོག་དྲ་མིན་པའི་བྱེད་སྟངས་ཤིག་ཡིན། དོན་དངོས་སུ་རྒྱལ་ཁབ་སོ་སོར་རང་རང་གི་གདམ་སྟངས་ཡོད། མིག་སྔར་རང་རྒྱལ་གྱི་བསླབ་ཚན་དོ་དམ་ལམ་ལུགས་བཅོས་སྒྱུར་ནི་རིམ་པ་གསུམ་གྱི་བསླབ་ཚན་དོ་དམ་ལམ་ལུགས་ལ་བབས་ཡོད། རིམ་པ་གསུམ་གྱི་བསླབ་ཚན་ལམ་ལུགས་ནི་དབུས་གཞུང་དང་ས་གནས། སློབ་གྲྭ་གསུམ་བར་དུ་བགོས་པའི་བསླབ་ཚན་དོ་དམ་ལམ་ལུགས་ཡིན། དེ་ནི་བསླབ་ཚན་ལག་བསྟར་ལ་རྒྱལ་ཁབ་ཀྱི་བསླབ་ཚན་དང་ས་གནས་ཀྱི་བསླབ་ཚན། སློབ་གྲྭའི་བསླབ་ཚན་བཅས་གསུམ་ཡོད། རིམ་པ་གསུམ་གྱི་བསླབ་ཚན་དོ་དམ་ལམ་ལུགས་ཀྱི་རྒྱལ་ཁབ་བསླབ་ཚན་གྱིས་མངོན་པ་ནི་དབང་སྡུད་དང་ས་གནས་བསླབ་ཚན་དང་སློབ་གྲྭའི་བསླབ་ཚན་གྱི་དབང་བགོད་ཡིན། དེ་དབང་སྡུད་ལམ་ལུགས་མིན་ལ་དབང་བགོའི་ལམ་ལུགས་ཀྱང་མིན་པར་དབང་སྡུད་དང་དབང་བགོ་མཉམ་འབྲེལ་བྱས་པའི་བསླབ་ཚན་དོ་དམ་ལམ་ལུགས་ཡིན།

རང་རྒྱལ་གྱིས་བསླབ་ཚན་དོ་དམ་སྲིད་ཇུས་དལ་འཇུག་གི་གཙོ་གནད་ནི་བསླབ་ཚན་སྲིད་ཇུས་ཀྱི་དབང་བགོ་བ་དེ་ཡིན་ཞིང་། དེས་དབུས་སྲིད་གཞུང་གི་སློབ་གསོའི་སྲིད་འཛིན་སྡེ་ཁག་གི་དབང་ཆ་བསྐྱུངས་ནས་ས་གནས་དང་སློབ་གྲྭའི་བསླབ་ཚན་དོ་དམ་གྱི་ནུས་པ་ཇེ་ཆེར་སོང་ཡོད། བསླབ་ཚན་གྱི་ཚད་གཞིའི་ངོས་ཐད་ནས་བཤད་ན་རང་རྒྱལ་ལ་སྔོན་ཆད་རྩ་འཛིན་གཅིག་དང་དེའི་པར་གཞི་གཅིག་མ་གཏོགས་མེད་པ་དང་། ད་ལྟ་སློབ་གསོའི་རྩ་འཛིན་གཅིག་དང་པར་གཞི་མང་པོ་ཡོད། གསལ་པོར་བཤད་ན་རང་རྒྱལ་ལ་བསླབ་ཚན་ཚད་གཞི་གཅིག་མ་གཏོགས་མེད་ཀྱང་ས་གནས་སོ་སོའི་རང་རང་གི་སློབ་གསོའི་ཁྱད་ཆོས་དང་གནས་ཚུལ་ལ་དམིགས་ནས་རྒྱུགས་ལེན་གསལ་བཤད་ཀྱི་པར་གཞི་མང་པོ་ཡོད་པ་དང་། དེ་གཞིར་བཟུང་ནས་ཞིང་ཆེན་ནང་ཁུལ་དང་ཁུལ་ནས་རྫོང་གི་ས་གནས་སོ་སོའི་སློབ་གྲྭས་རང་རང་གི་ཁྱད་ཆོས་ལ་དམིགས་ནས་ནང་ཁུལ་སློབ་དེབ་དང་ནང་ཁུལ་གྱི་རྒྱུགས་ལེན་གསལ་བཤད་བཟོ་ཆོག་ལ། རྒྱུགས་ལེན་གསལ་བཤད་ལ་དབྱེ་ཞིབ་ནན་མོ་བྱས་ནས་རྒྱུགས་གཞིའི་ཁ་ཕྱོགས་དང་ཁྱད་ཆོས་ལ་བརྟག་ཆོག་པ་ཡིན།

དབང་བགོད་ལ་ལྡན་པའི་དགེ་མཚན་ནི་འབྲེལ་ཡོད་མི་སྣ་བསླབ་ཚན་དོན་གཉེར་ལ་ཞུགས་ནས་རང་གི་དགའ་ཞེན་གསལ་པོར་མངོན་ཐུབ་པ་དང་། ས་གནས་སྲིད་གཞུང་གི་ལས་བྱེད་པའི་ཆ་འཕྲིན་ལེགས་ཆ་བཏོན་ནས་ས་གནས་ཀྱི་དགའ་ཞེན་ལ་ཞབས་ཞུ་བསྒྲུབ་ཐུབ་པ། ས་གནས་སྲིད་གཞུང་གིས་འབྲེལ་ཡོད་མི་སྣའི་བསམ་ཚུལ་ལ་མཐོང་ཆེན་བྱས་ནས་ཁོ་ཚོའི་དགའ་ཞེན་ལ་བརྩི་འཇོག་བྱེད་ཐུབ་པ། ལམ་ལུགས་གསར་གཏོད་བྱས་ནས་སྔར་ལས་ལྷག་པར་མི་དམངས་ལ་ཞབས་འདེགས་བསྒྲུབ་ཐུབ་པ། མི་དམངས་ལ་གདམ་གསེས་གང་མང་སྤྲོད་ཐུབ་པ་སོགས་མང་པོ་ཡོད་པས་ས་གནས་སོ་སོའི་རང་རང་གི་སློབ་གསོའི་ཆེད་དུ་རང་རང་གི་ནུས་པ་གདོན་དགོས།

བཞི། ཇི་ལྟར་ལག་བསྟར་བྱ། སློབ་ཁྲིད་ཀྱི་བླང་བྱ།

དང་པོ། དོན་དངོས་དང་མཐུན་པའི་སློབ་ཁྲིད་འདུ་ཤེས་གཟུགས་དགོས།

གཙོ་གཞི། ང་མི་ཡིན། ང་སྣོད་དང་གཅན་གཟན་རི་དྭགས་མིན་པའི་འདུ་ཤེས་གཟུགས་དགོས། སློབ་ཁྲིད་བརྒྱུད་རིམ་དུ་གནད་དོན་གྱི་གཙོ་གཞི། རང་ཚུགས་ཀྱི་གཙོ་གཞི། བརྗེ་རེས་མཉམ་ལས་ཀྱི་གཙོ་གཞི། དཔྱད་འཇོག་གི་གཙོ་གཞི། བདག་ཉིད་དཔྱད་འཇོག་གི་གཙོ་གཞི་ནམ་ཡང་སློབ་མ་ཡིན།

བྱེད་སྒོ། རང་ཉིད་ནང་ལ་འཇུག་པའི་འདུ་ཤེས་གསོ་སྐྱོང་བྱ་དགོས། སློབ་མའི་གོང་འཕེལ་བྱེད་སྒོ་སྣ་ཚོགས་ལ་རག་ལས་པས་བྱེད་སྒོ་གང་དང་གང་སྤེལ་ཡང་རང་ཚུགས་ཁེར་ཚུགས་སྒེར་ཚུགས་ཀྱིས་ནང་དུ་ཞུགས་ནས་གཞན་བསྒུལ་ནས་རང་འགུལ་དུ་འགྱུར་བའི་འདུ་ཤེས་བསྐྱང་དགོས།

འབྲེལ་འདྲིས། འདུག་རོགས་ཕན་ཚུན་ལ་རོགས་བྱེད་པའི་འདུ་ཤེས་གཟུགས་དགོས། བྱེད་སྒོ་སྣ་ཚོགས་སྤེལ་དུས་སློབ་མ་རེ་རེ་ལ་རང་རང་གི་འདུག་རོགས་ཡོད་པས། འདུག་རོགས་ལ་རོགས་བྱས་ན་འདུག་རོགས་ཀྱིས་ཁྱོད་ལ་རོགས་བྱ་སྲིད་པས། སློབ་ཁྲིད་བྱེད་སྒོ་སྤེལ་བའི་འབྲས་བུ་ཤིན་ཏུ་ལེགས། མཐར་གཏུགས་ན་དེ་ནི་འབྲེལ་འདྲིས་ཡིན། སློབ་སྦྱོང་བརྒྱུད་རིམ་ཡིན་ཡང་ཆོག་སྤྱི་ཚོགས་འཚོ་བ་ཡིན་ཡང་ཆོག་འབྲེལ་འདྲིས་ནི་ཤིན་ཏུ་གལ་ཆེ།

ཁྱད་པར། ང་ཐུན་མོང་བ་མིན། ང་ལ་གཞན་དང་མི་འདྲ་བའི་འདུ་ཤེས་གསོ་སྐྱོང་བྱ་དགོས། སློབ་མ་སོ་སོར་གཏན་ནས་མི་འདྲ་བའི་ཁྱད་པར་ངེས་ཅན་རེ་ཡོད། མགོ་ཁྲིད་དང་དགེ་རྒན་གང་ཡིན་ཡང་སློབ་གསོ་དང་སློབ་ཁྲིད་བྱེད་དུས་སློབ་མ་རེ་རེའི་ཁྱད་ཆོས་ལ་གཞིགས་ཏེ། སློབ་མར་བལྟས་ནས་སྐྱོང་དགོས།

གཉིས་པ། བསླབ་ཚན་གྱི་རིག་ཚན་ངོ་བོ་ཡང་དག་པར་ཁོང་དུ་ཆུད་དགོས།

དཔེ་གཞི། མཐོ་འབྲིང་དངོས་ལུགས་ལ་མཚོན་ནས་བཤད་ན་མཐོ་འབྲིང་དངོས་ལུགས་བསླབ་ཚན་གྱིས་དངོས་ལུགས་དང་རང་བྱུང་ཁམས། མིའི་རིགས་སྤྱི་ཚོགས་བར་གྱི་འབྲེལ་བ་ངོས་འཛིན་པ་དང་། དངོས་ལུགས་ཀྱི་ཚན་རིག་དང་རིག་གནས་རིན་ཐང་ངོས་འཛིན་པ་དང་། གནད་དོན་གསར་རྟོགས་དང་གནད་དོན་ལ་དབྱེ་ཞིབ་དང་གནད་དོན་ཐག་གཅོད་པའི་ནུས་པ་མཐོ་རུ་འདེགས་པ་དང་། དཔག་ཤེས་བསམ་བློ་གྲུབ་ནས་གསར་གཏོད་འདུ་ཤེས་ཆགས་པར་རྩ་བའི་ནུས་པ་ཐོན། མཐོ་འབྲིང་དངོས་ལུགས་བསླབ་ཚན་ལ་སློབ་མས་དངོས་ལུགས་ཀྱི་ཉེར་སྤྱོད་རིན་ཐང་རྟོགས་པ་དང་ཉེར་སྤྱོད་འདུ་ཤེས་ཤུགས་དྲག་སྐྱེ་བ། དོན་དངོས་ཀྱི་གནད་དོན་སླ་མོ་ཐག་གཅོད་པའི་ནུས་པ་ཆགས་པར་ཕན་ཐོགས་ཆེ།

ཐབས་ཤེས། རིག་ཚན་གྱི་ངོ་བོར་ཟབ་ཞུགས་བྱས་ནས་རིག་ཚན་ནུས་པ་གསོ་སྐྱོང་བྱ་དགོས།

བསླབ་ཚན་ནུས་པ་ལ་ལྟེ་སྙིང་གཞུང་ལུགས། དམིགས་བསལ་གྱི་བེད་སྤྱོད་ནུས་པ། ཕྱོགས་སྡོམ་ནུས་པ། བསམ་གཞིག་ནུས་པ་གསོ་སྐྱོང་བྱ་དགོས།

གསུམ་པ། རིག་ཚན་གྱི་བསླབ་གཞི་ཀློག་འགྲེལ་བྱ་དགོས།

བསླབ་ཚན་གྱི་སྒྲིག་གཞིའི་ངོས་ཐད་ནས་གླེང་ན། སྔོན་ཆད་ཀྱི་སློབ་ཁྲིད་ལ“རྨང་གཉིས”རྩ་བར་འཛིན་པ་དང་།“ཕྱི་ཚུལ”ཁོ་ན་མཐོང་བ།“ཆ་ཤས”ལ་མཐོང་ཆེན་བྱེད་པ།“བྱེ་བྲག”ལ་དོ་ཁུར་བྱེད་པ། རྩིང་བ། ཕྱི་ཚུལ། ཐར་ཐོར། སྟོང་པ། བེད་མེད་སོགས་ཀྱི་སྐྱོན་ཆ་ལྡན་པས། ད་ལྟ་ང་ཚོས་ཕྱི་ཚུལ་རྟོགས་དགོས་པར་མ་ཟད་ནང་སྙིང་དེ་བས་ཀྱང་རྟོགས་དགོས། ང་ཚོ་རྨང་གཉིས་ནས་རྩ་མང་དང་ཕྱི་ཚུལ་ནས་ནང་སྙིང་། བྱེ་བྲག་ནས་སྤྱི་ལ་འགྲོ་དགོས།

བསམ་བློའི་འཕེལ་འགྱུར་ངོས་ཐད་ནས་གླེང་ན། ང་ཚོས་གཙོ་བོ་གོ་བ་ཅིའི་ཕྱིར་ལེན་དགོས། གོ་བ་གང་ལ་ལེན་དགོས། གོ་བ་ཇི་ལྟར་ལེན་དགོས། གོ་བ་བླངས་པ་ཅི་འདྲ་ཡིན་པ་སོགས་ཀྱི་བསམ་བློ་གཏོང་སྟངས་ལ་ཁ་ཕྱོགས་དགོས་པ་ཡིན།

བཞི་པ། སློབ་ཁྲིད་དམིགས་ཚད་ཀྱི་འཆར་འགོད་ལས་འགོངས་པ།

དམིགས་ཚད་ཀྱི་ངོས་ཐད་ནས་གླེང་ན། ཕྱོགས་ཡོངས་རང་བཞིན་དང་རྩ་གསུམ་དམིགས་ཚད། གཙོ་ཁྲིད་རང་བཞིན། ལྟེ་སྙིང་དམིགས་ཚད། རིམ་པའི་རང་བཞིན། རིམ་བགོད་དམིགས་ཚད་ཀྱི་ཕྱོགས་སུ་གོམ་སྟོབས་ཆེན་པོས་བགྲོད་དགོས་པ་ཡིན།

ལྔ་པ། སློབ་དེབ་ཀྱི་ནང་དོན་ཞིབ་ཏུ་གདམ་དགོས།

དེ་གཙོ་བོ་རིག་ཚན་གྱི་བསམ་བློ་གཏོང་སྟངས་མཐོར་འདེགས་བྱ་དགོས་ཏེ། སྦྱངས་པ་མང་ཡང་རྒྱུགས་འབྲས་མི་ལེགས་པ། ཤེས་ཡོན་ལྡན་ཡང་བསམ་བློ་མེད་པ་སོགས་ལ་དམིགས་ནས་སློབ་དེབ་གདམ་དུས་རིག་ཚན་གྱི་སྒྲིག་གཞི་གསེད་སྒྲིག་བྱེད་དགོས་པ་དང་། རིག་ཚན་གྱི་བསླབ་གཞིའི་ལོ་རྒྱུས་རིག་གནས་ལ་སིམ་འདྲེས་བྱས་ནས་མི་ཆོས་ནང་དོན། བསམ་བློའི་བརྗོད་དོན་གསལ་པོར་རྟོགས་པ་དང་། རིག་ཚན་གྱི་བསླབ་གཞི་དང་འཚོ་བ་དངོས་ཀྱི་འབྲེལ་བ་རྟོགས་པ་དང་། སློབ་མའི་སློབ་སྦྱོང་གི་དཀའ་ཁག་དང་དོགས་གནས་ལ་དཔྱད་ནས་སློབ་དེབ་འོས་འཚམ་གདམ་དགོས།

དྲུག་པ། སློབ་ཁྲིད་བརྒྱུད་རིམ་གཏིང་ཟབ་མོར་སྐུལ་སྤེལ་གཏོང་བ།

སློབ་མའི་ཡིད་འགྱུར་ཉམས་མྱོང་དང་དཔོག་ཤེས་བསམ་བློ་གཏིང་ཟབ་མོར་འབབ་དགོས། རིག་ཚན་གྱི་ངོ་བོ་དང་ཆོས་ཉིད་ལ་ཟབ་ཞུགས་བྱ་དགོས་པར་མ་ཟད། སློབ་ཁྲིད་ཀྱི་གཙོ་གནས་དང་རིམ་པ་གསལ་པོར་ཕྱེ་བ་དང་། སློབ་ཁྲིད་ཀྱི་ལེགས་སྒྲིལ་རང་བཞིན་དང་སྤྱི་ཡོངས་རང་བཞིན་ཚུར་མངོན་དགོས།

བདུན་པ། སློབ་ཁྲིད་ཀྱི་ཐབས་ཇུས་དང་ཐབས་ཤེས་འོས་འདེམ་བྱ་དགོས།

སློབ་ཁྲིད་ཀྱི་ཐབས་ཇུས་དང་ཐབས་ཤེས་འོས་འདེམ་བྱ་རྒྱུ་གལ་ཆེན་ཡིན། དེ་ལ་གཙོ་བོ་སྤྱི་ཡོངས་རང་བཞིན་དང་མངོན་སུམ་རང་བཞིན། གསབ་རེས་རང་བཞིན་དང་ཕྱོགས་བསྡུས་རང་བཞིན། འོས་འཚམ་རང་བཞིན་དང་ནུས་ཡོད་རང་བཞིན་སོགས་ལ་མཐོང་ཆེན་ནན་མོ་བྱ་དགོས་པ་བཅས་ཡོད། །


①སི་ཁྲོན་ཞིང་ཆེན་རྔ་བ་ཁུལ་སློབ་གསོའི་ཚན་རིག་ཞིབ་འཇུག་ཁང་དུ་ཕྱག་ལས་གནང་བཞིན་ཡོད།




དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1