ཀན་སུའུ་བོད་ཁུལ་གྱི་བོད་རྒྱ་སྐད་གཉིས་སློབ་གསོའི་གནས་བབ་དང་དེར་གནས་པའི་གནད་དོན།

གཙང་བ་རབ་རྒྱས་པ་སངས། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 09-28


[གནད་བཏུས] དཔྱད་རྩོམ་འདིར་ཀན་སུའུ་བོད་ཁུལ་གྱི་བོད་རྒྱ་སྐད་གཉིས་སློབ་གསོའི་གནས་བབ་ལས་ད་སྔའི་བར་ཐོབ་པའི་འབྲས་བུ་དང་།
དགེ་རྒན་དཔུང་སྡེའི་འཛུགས་སྐྲུན། དེ་མིན་ཐག་གཅོད་བྱ་དགོས་པའི་གནད་དོན་སོགས་གླེང་ཡོད།

[གནད་ཚིག] ཀན་སུའུ་བོད་ཁུལ། སྐད་གཉིས་སློབ་གསོ། དགེ་རྒན། གནས་བབ།

ཀན་སུའུ་ཞིང་ཆེན་ནི་མི་རིགས་མང་པོ་འདུས་པའི་ཞིང་ཆེན་ཞིག་སྟེ་མི་རིགས55ཡོད་ལ། གྲངས་ཉུང་མི་རིགས་ཀྱི་མི་གྲངས་མི་ཁྲི239.97ཡོད་ཅིང་སྤྱིའི་མི་གྲངས་ཀྱི9.26%ཟིན། གཙོ་བོ་མི་རིགས་རང་སྐྱོང་ཁུལ་གཉིས་དང་མི་རིགས་རང་སྐྱོང་རྫོང་ལྔ་རུ་འདུས་སྡོད་བྱས་ཡོད།“སྐད་གཉིས”སློབ་ཁྲིད་ནི་ཀན་སུའུ་ཞིང་ཆེན་མི་རིགས་ས་ཁུལ་གྱི་སློབ་གསོའི་ཁྱད་ཆོས་གཙོ་བོ་ཡིན་ལ། ཀན་སུའུ་ཞིང་ཆེན་གྱི་མི་རིགས་ས་ཁུལ་གྱི་མི་རིགས་སློབ་གྲྭ་འབྲིང་ཆུང་གི་སློབ་ཁྲིད་བྱེད་སྒོའི་རྣམ་པ་གཙོ་བོ་ཞིག་ཀྱང་ཡིན། ཀན་སུའུ་ཞིང་ཆེན་གྱིས་གྲངས་ཉུང་མི་རིགས་ཀྱི“སྐད་གཉིས”སློབ་ཁྲིད་སྤེལ་བའི་མི་རིགས་གཙོ་བོ་སྟེ་བོད་རིགས་དང་སོག་རིགས། ཧ་སག་རིགས་བཅས་ཡིན་ལ། གཙོ་བོ་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ(རྫོང་བརྒྱད་དང་གྲོང་ཁྱེར་གཅིག)དང་དཔའ་རིས་བོད་རིགས་རང་སྐྱོང་རྫོང་། སུའུ་པེ་སོག་རིགས་རང་སྐྱོང་རྫོང་། ཨ་ཁེ་སའེ་ཧ་སག་རིགས་རང་སྐྱོང་རྫོང་སོགས་བསྡོམས་པས་རྫོང(གྲོང་ཁྱེར)11ཏུ་གཅིག་བསྡུས་བྱས་ཡོད་པ་དང་ཞིང་ཆེན་ཡོངས་ཀྱི་མི་རིགས་རྫོང(གྲོང་ཁྱེར)གི52.4%ཟིན།

ཉེ་བའི་ལོར། ཀན་སུའུ་ཞིང་ཆེན་གྱིས་མི་རིགས་སློབ་གསོ་དེ་ཐོག་མཐའ་བར་གསུམ་དུ་ཞིང་ཆེན་ཡོངས་ཀྱི་སློབ་གསོ་བཅོས་སྒྱུར་གོང་འཕེལ་གྱི་སྤྱི་ཡོངས་གནས་སྟངས་ཁྲོད་བཞག་ནས། མི་རིགས་སློབ་གསོ་གནད་སར་བཟུང་ཞིང་སྔོན་ལ་གོང་འཕེལ་གཏོང་རྒྱུ་རྒྱུན་འཁྱོངས་བྱས། སྲིད་ཇུས་དང་མ་དངུལ། ལས་གཞིའི་ཐད་ནས་དགེ་རྒན་གསོ་སྐྱོང་དང་གསོ་སྦྱོང་སོགས་ཀྱི་ཕྱོགས་སུ་གཟིགས་སྐྱོང་བྱས་པ་དང་། དམིགས་བསལ་གྱི་བྱེད་ཐབས་སྤྱད་དེ་མི་རིགས་ས་ཁུལ་གྱི་སློབ་གསོ་མགྱོགས་པོར་གོང་དུ་འཕེལ་བར་སྐུལ་འདེད་བཏང་བས་ཕན་འབྲས་མངོན་གསལ་ཐོབ། ལྷག་པར་དུ་ཀན་སུའུ་བོད་ཁུལ་གྱི་བོད་རྒྱ་སྐད་གཉིས་ཀྱི་དགེ་རྒན་དཔུང་སྡེའི་འཛུགས་སྐྲུན་ཕྱོགས་སུ་སྔར་མེད་ཀྱི་རྣམ་པ་ཅུང་བཟང་པོ་ཐོབ།

གཅིག སྐད་གཉིས་དགེ་རྒན་གྱི་གཞི་རྩའི་གནས་ཚུལ།

ཀན་ལྷོ་ཁུལ་དུ2017ལོའི་ལོ་མཇུག་བར་དུ་བོད་རྒྱ་སྐད་གཉིས་སློབ་ཁྲིད་བྱེད་བཞིན་པའི་སློབ་གྲྭ་ཆུང་འབྲིང127ཡོད། དེའི་ཁྲོད་དུ་སློབ་ཆུང114དང་རང་རྐྱ་འཕེར་བའི་དམའ་རིམ་སློབ་འབྲིང3དང་ལོ་དགུའི་ལམ་ལུགས་ཀྱི་སློབ་གྲྭ3ཡོད་པར་མ་ཟད། ཆ་ཚང་སློབ་འབྲིང་དང་མཐོ་རིམ་སློབ་འབྲིང7བཅས་ཡོད། སྐད་གཉིས་བྱིས་སྐྱོང་ཁང108ཡོད་པ་དང་བྱིས་སྐྱོང་ཁང་སྤྱིའི38.4%ཟིན། ཀན་ལྷོའི་སྐད་གཉིས་རིགས་ཀྱི་སློབ་གྲྭ་རུ་བོད་ཡིག་འཁྲིད་བཞིན་པའི་དགེ་རྒན3934ཡོད་པ་དང་དགེ་རྒན་སྤྱིའི30.36%ཟིན། དཔའ་རིས་རྫོང་དུ་སྐད་གཉིས་སློབ་གྲྭ23ཡོད། དེའི་ཁྲོད་དུ་ཆ་ཚང་སློབ་འབྲིང1དང་ཆ་ཚང་སློབ་ཆུང22ཡོད། སྐད་གཉིས་དགེ་བཟོ་པ124ཡོད་ལ་སློབ་ཁྲིད་བྱེད་བཞིན་པའི་དགེ་རྒན116ཡོད།

གཉིས། ཐོབ་པའི་འབྲས་བུ།

༡. སྐད་གཉིས་སློབ་ཁྲིད་ཀྱི་འགན་སྲུང་ཤུགས་ཚད་རིམ་བཞིན་ཇེ་ཆེར་བཏང་བ།

ཤུགས་ཆེན་གྱིས་སློབ་ཞུགས་སྔོན་གྱི་སློབ་གསོ་སྟེ་ལོ་གསུམ་གྱི་བྱེད་སྒོའི་འཆར་གཞི་དང་ཞིང་ཆེན་སྲིད་གཞུང་གིས་དམངས་ཀྱི་ཆེད་དུ་སྒྲུབ་པའི་ལག་བསྟར་ལས་གཞི་ལག་ལེན་དུ་བསྟར་བ་དང་། སློབ་ཞུགས་སྔོན་གྱི་སློབ་གསོ་མགྱོགས་པོར་འཕེལ་རྒྱས་འབྱུང་བར་སྐུལ་འདེད་བཏང་ཞིང་། རོང་འབྲོག་སྡེར་བྱིས་སྐྱོང་ཁང་ཡོངས་ཁེབས་མངོན་འགྱུར་འབྱུང་བར་འབད་པ་བྱས། 2017ལོའི་ལོ་མཇུག་བར་དུ། བསྡོམས་པས་བྱིས་སྐྱོང་ཁང337གསར་འཛུགས་དང་རྒྱས་སྐྲུན་བྱས་པ་དང་མ་དངུལ་སྒོར་དུང་ཕྱུར4.59བཏང་། བྱིས་སྐྱོང་ཁང་གི་ལས་གཞི་འདི་དག་འཛུགས་སྐྲུན་བྱས་པས་མི་རིགས་ས་ཁུལ་གྱི་བྱིས་པ་བྱིས་སྐྱོང་ཁང་དུ་ཞུགས་ཚད་ཆེས་ཆེར་འཕར་ངེས། དེ་ལས་གཞན་སློབ་གྲྭའི་སློབ་ཁྲིད་བཀོད་སྒྲིག་གི་ཐད་དང་སྐད་གཉིས་བསླབ་དེབ་བཀོལ་སྤྱོད་ཀྱི་ཕྱོགས། རྒྱང་བསྟེན་སློབ་གསོ་གསར་སྤེལ་བེད་སྤྱོད་ཀྱི་སྟེང་ནས། གཟབ་ནན་ཚད་ལྡན་དང་འདེམ་སྒྲིག་ཞིབ་ཚགས་བྱས་ཏེ་བེད་སྤྱོད་གང་ལེགས་བྱས་པས། ཀན་སུའུ་ཞིང་ཆེན་གྱི“སྐད་གཉིས”སློབ་གསོའི་གོང་འཕེལ་ལ་ཆ་རྐྱེན་བསྐྲུན་ཞིང་། གོ་སྐབས་དམ་འཛིན་དང་དངོས་ཕན་བརྩོན་ལེན་བྱས།

༢. སྐད་གཉིས་སློབ་ཁྲིད་ཀྱི་སློབ་ཁྲིད་བྱེད་སྟངས་མུ་མཐུད་དུ་འཐུས་ཚང་དུ་བཏང་བ།

སྐད་གཉིས་སློབ་ཁྲིད་ལག་ལེན་དང་འཚོལ་ཞིབ་ཀྱི་བརྒྱུད་རིམ་ཁྲོད་དུ། གཞི་རིམ་ས་ཆའི་སྐད་གཉིས་དགེ་རྒན་གྱི་ནུས་པ་དང་ཤེས་རབ་འདོན་སྤེལ་གང་ལེགས་བྱས་ཤིང་། ལོ་ངོ30ལྷག་གི་སྐད་གཉིས་སློབ་ཁྲིད་ཀྱི་ལག་ལེན་བརྒྱུད་དེ། ཀན་སུའུ་ཞིང་ཆེན་གྱི་བོད་རིགས་ཁུལ་རྫོང(གྲོང་ཁྱེར)9ལ་སྐད་གཉིས་སློབ་ཁྲིད་སྤེལ་གྱིན་ཡོད་པ་དང་།“སྐད་གཉིས”སློབ་གསོའི་འཁྲིད་ཚན་དང་བསླབ་དེབ། སློབ་ཁྲིད། གདེང་འཇོག་དང་དོ་དམ་མ་ལག་བཅས་མུ་མཐུད་དུ་འཐུས་ཚང་དུ་བཏང་ཞིང་། ས་གནས་སོ་སོའི་དངོས་ཡོད་གནས་ཚུལ་དང་འཚམ་པའི“སྐད་གཉིས”སློབ་ཁྲིད་བྱེད་སྟངས་རིགས་གཉིས་བཙུགས་ཡོད་ལ། སློབ་ཁྲིད་བྱེད་སྟངས་རིགས་འདི་གཉིས་ཡུལ་བབ་དང་བསྟུན་ཞིང་སྟབས་བསྟུན་སྡེབ་སྒྲིག་བྱས་པས་སློབ་མས་ཤེས་བྱ་སྦྱོང་བའི་དཀའ་ཁག་ཇེ་ཉུང་དུ་བཏང་བ་དང་། སློབ་མས་སྤྱི་སྐད་སློབ་སྦྱོང་བྱེད་པར་བར་བརྒལ་བཟང་པོ་ཞིག་ཐོན་ཡོད་པ་ང་ཚོས་མཐོང་ཐུབ། འདི་དག་སྐད་གཉིས་སློབ་ཁྲིད་ཀྱི་འཕེལ་རྒྱས་དང་སློབ་མའི་སློབ་སྦྱོང་ལ་དགོས་གལ་ཧ་ཅང་ཆེ།

༣. སྐད་གཉིས་སློབ་ཁྲིད་ལག་བསྟར་གྱི་འབྲས་བུ་ཉིན་རེ་བཞིན་མངོན་གསལ་འབུར་ཐོན་ཡིན་པ།

2014ལོར། ཞིང་ཆེན་ཡོངས་ཀྱི་དམའ་འབྲིང་མཐར་ཕྱིན་སློབ་མའི་སློབ་རྒྱུགས་ལས་བོད་ཡིག་གཙོ་བོ་ཡིན་པའི་རིགས་ཀྱི་བསླབ་ཚན་བདུན་གྱི་ཚད་ལོངས་ཚད5.58%ཡིན་པ་དང་། རྒྱ་ཡིག་གཙོ་བོ་ཡིན་པའི་རིགས་ཀྱི་བསླབ་ཚན་བདུན་གྱི་ཚད་ལོངས་ཚད4.05%ཡིན། 2015ལོར། དམའ་འབྲིང་མཐར་ཕྱིན་སློབ་མའི་སློབ་རྒྱུགས་ལས་བོད་ཡིག་གཙོ་བོ་ཡིན་པའི་རིགས་ཀྱི་བསླབ་ཚན་བདུན་གྱི་ཚད་ལོངས་ཚད7.78%ཡིན་ལ་བརྒྱ་ཆའི་གྲངས་གནས2.2ཇེ་མཐོར་སོང་བ་དང་། རྒྱ་ཡིག་གཙོ་བོ་ཡིན་པའི་རིགས་ཀྱི་བསླབ་ཚན་བདུན་གྱི་ཚད་ལོངས་ཚད9.09%ཡིན་ལ་བརྒྱ་ཆའི་གྲངས་གནས5.04ཇེ་མཐོར་སོང་། 2016ལོར། ཞིང་ཆེན་ཡོངས་ཀྱི་དམའ་འབྲིང་མཐར་ཕྱིན་སློབ་མའི་སློབ་རྒྱུགས་ལས་བོད་ཡིག་གཙོ་བོ་ཡིན་པའི་རིགས་ཀྱི་བསླབ་ཚན་བདུན་གྱི་ཚད་ལོངས་ཚད10.80%ཡིན་ལ་བརྒྱ་ཆའི་གྲངས་གནས3.02ཇེ་མཐོར་སོང་བ་དང་། རྒྱ་ཡིག་གཙོ་བོ་ཡིན་པའི་རིགས་ཀྱི་བསླབ་ཚན་བདུན་གྱི་ཚད་ལོངས་ཚད10.46%ཡིན་ལ་བརྒྱ་ཆའི་གྲངས་གནས1.37ཇེ་མཐོར་སོང་།

དགའ་འོས་པ་ཞིག་ལ་ཀན་སུའུ་ཞིང་ཆེན་གྱི་སྐད་གཉིས་སློབ་གསོའི་བྱ་བ་བརྟན་པོའི་ངང་སྐུལ་འདེད་བཏང་བ་དང་བསྟུན་ནས། མི་རིགས་ས་ཁུལ་གྱི་སློབ་གྲྭའི་སློབ་ཁྲིད་སྤུས་ཚད་ཀྱང་ལོ་རེ་བཞིན་བརྟན་པོའི་ངང་ཇེ་མཐོར་སོང་། ཞིང་ཆེན་ཕྱི་ནང་གི་ཆེད་སྦྱོང་སློབ་གྲྭ་ཆེ་འབྲིང་དུ་ཚད་ལྡན་སློབ་མ་འབོར་ཆེན་ཞིག་བསྐྱལ་པར་མ་ཟད། རོང་འབྲོག་ཁུལ་དུ་རིག་གནས་ལྡན་ཞིང་ལག་རྩལ་ལ་མཁས་པའི་རྣམ་པ་གསར་པའི་རོང་འབྲོག་པ་འབོར་ཆེན་ཞིག་གསོ་སྐྱོང་བྱས། དེ་མིན་ད་དུང། ཚད་མཐོན་པོའི་སྒོ་ནས་ས་གནས་དཔལ་འབྱོར་དང་རིག་གནས་རྗེས་ལུས་ཡིན་པའི་རྣམ་པ་བསྒྱུར་ཞིང། མི་རིགས་ས་ཁུལ་གྱི་དཔལ་འབྱོར་འཕེལ་རྒྱས་འབྱུང་ཆེད་སྣ་འཛོམས་ཤེས་ལྡན་མི་སྣ་འབོར་ཆེན་ཞིག་གསོ་སྐྱོང་བྱས་ཏེ། མི་རིགས་ས་ཁུལ་དང་ནང་ལོགས་འཕེལ་རྒྱས་ས་ཁུལ་བར་གྱི་དཔལ་འབྱོར་དང་རིག་གནས་འཕེལ་རྒྱས་ཀྱི་བར་ཁྱད་ཇེ་ཐུང་དུ་བཏང་བ་དང་། མི་རིགས་རིག་གནས་དང་ས་ཁོངས་རིག་གནས་ཀྱི་སྣ་མང་རང་བཞིན་འཐུས་སྒོ་ཅུང་ཚང་བའི་སྒོ་ནས་རང་སོར་བཞག་ཅིང། བོད་ཁུལ་གྱི་འཆམ་མཐུན་གཏན་འཇགས་སྲུང་སྐྱོབ་བྱེད་པ་དང་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་བདེ་ཐང་དང་རྒྱུན་མཐུད་ངང་འཕེལ་རྒྱས་འབྱུང་བར་དགེ་མཚན་ལྡན་པའི་བྱས་རྗེས་བཞག

༤. སྐད་གཉིས་ཤེས་ལྡན་མི་སྣ་དང་དགེ་རྒན་གྱི་དཔུང་ཁག་ལ་མུ་མཐུད་དུ་ཤུགས་བསྣན་པ།

དགེ་རྒན་གྱི་དཔུང་ཁག་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱུ་དེ་མི་རིགས་སློབ་གསོའི་སྤུས་ཚད་མཐོར་འདེགས་སུ་གཏོང་བའི་གནད་འགག་ལ་བརྩིས་ནས། གནད་ཁེལ་ཁ་གསབ་དང་ཁ་ཕྱོགས་ལྟར་སྐྱེད་སྲིང་། མི་སྣ་ཡོངས་གསོ་སྦྱོང་བཅས་བྱས་པས། འདས་པའི་ལོ་ལྔར།“དམིགས་བསལ་ལས་གནས་འཆར་གཞི”དང“དམངས་འཚོའི་དོན་དངོས”སོགས་ལས་གཞིས་རིམ་རྩིས་ཀྱིས་བོད་ཁུལ་དུ་དགེ་རྒན4423ཁ་གསབ་བྱས་པར་མ་ཟད། བོད་ཁུལ་གྱི་བྱིས་སྐྱོང་ཁང་དུ་དགེ་རྒན་བསྡུ་བའི་ཡོན་ཚད་ཀྱི་ཆ་རྐྱེན་འབྲིང་རིམ་ཆེད་ལས་སློབ་གྲྭའི་སློབ་ཞུགས་སྔོན་གྱི་སློབ་གསོའི་ཆེད་ལས་ལ་ཇེ་ལྷོད་དུ་བཏང་།“རྒྱལ་ཁབ་ཀྱི་གསོ་སྦྱོང”དང“ཞིང་ཆེན་གྱི་གསོ་སྦྱོང”སོགས་དགེ་རྒན་གསོ་སྦྱོང་གི་འཆར་གཞི་མི་རིགས་ས་ཁུལ་དུ་ཁ་ཕྱོགས་ཤིང་། ཉེ་བའི་ལོ་ལྔར་རིམ་རྩིས་བྱས་ན་མ་དངུལ་སྒོར་ཁྲི2000ལྷག་བཏང་ནས། སློབ་གྲྭ་ཆུང་འབྲིང་དང་བྱིས་སྐྱོང་གི་དགེ་རྒན་མི་ཐེངས་ཁྲི2ལྷག་གསོ་སྦྱོང་བྱས། དཀོན་པའི་ཤེས་ལྡན་མི་སྣ་གསོ་སྦྱོང་བྱ་རྒྱུ་དེ་མི་རིགས་ས་ཁུལ་འཕེལ་རྒྱས་སུ་གཏོང་བའི་ཐོན་ཁུངས་དང་པོར་བརྩིས་ནས་ཧུར་བརྩོན་གྱིས་ཤེས་ལྡན་མི་སྣ་གསོ་སྦྱོང་གི་ཐབས་ལམ་རྒྱ་བསྐྱེད། གྲངས་ཉུང་མི་རིགས་ཀྱི་རྒྱུགས་འབུལ་སློབ་མར་རྒྱལ་ཁབ་ཀྱི་མི་རིགས་སློབ་གླིང་དང་མི་རིགས་འཛིན་གྲྭ། གྲངས་ཉུང་མི་རིགས་ཀྱི་རྩིས་ཚན་སློབ་མར་བསྡུ་ལེན་བྱེད་པའི་དམིགས་བསལ་སྲིད་ཇུས་ལག་བསྟར་བྱེད་དུ་འཇུག་རྒྱུ་རྒྱུན་འཁྱོངས་བྱས་ཏེ། ལོ་རེ་བཞིན་ཞིང་ཆེན་ནང་ཁུལ་གྱི་མཐོ་རིམ་སློབ་གྲྭ་དཀྱུས་མས་སློབ་མ1810(ཡིག་རྒྱུགས་སློབ་གླིང་གིས་ཞིབ་བསྡུར་བྱེད་པ)བསྡུ་བའི་འཆར་གཞི་ལོགས་སུ་སྒྲིག་བཞིན་ཡོད་ལ། མི་རིགས་ས་ཁུལ་གྱི་སྐད་གཉིས་རིགས་དང་རྩིས་ཚན་བཟོ་སྐྲུན། གསོ་རིག སྲིད་ཁྲིམས། ཞིང་ཕྱུགས་ནགས་གསུམ། མི་རིགས་རིག་གནས་སྒྱུ་རྩལ་སོགས་དཀོན་པའི་ཤེས་ལྡན་མི་སྣ་སྐྱེད་སྲིང་བྱེད་པའི་ཤུགས་ཚད་ཇེ་མགྱོགས་སུ་བཏང་།

གསུམ། སྐད་གཉིས་དགེ་རྒན་གྱི་དཔུང་ཁག་འཛུགས་སྐྲུན་ལ་ཤུགས་སྣོན་པའི་བྱ་ཐབས་དང་ཐབས་ཤེས།

༡. རྒྱལ་ཁབ་ཀྱི་སྤྱི་སྐད་ཁྱབ་སྤེལ་བཏང་ནས་སྐད་གཉིས་སློབ་གསོར་སྐུལ་འདེད་བཏང་བ།

ཧུར་བརྩོན་གྱིས་རྒྱལ་ཁབ་ཀྱི་སྤྱི་སྐད་ཁྱབ་སྤེལ་གཏོང་བ་དང་མང་ཚོགས་ཀྱི་འདོད་བློ་ལ་བརྩི་འཇོག་བྱེད་པའི་རྨང་གཞིའི་སྟེང་དུ་སྐད་གཉིས་སློབ་གཉེར་བྱེད་སྟངས་སྣ་མང་སྤྱད་དེ།“མི་རིགས་སྐད་ཡིག་གཙོ་བོར་འཛིན་པ”དང“རྒྱ་ཡིག་གཙོ་བོར་འཛིན་པའི”སློབ་གཉེར་བྱེད་སྟངས་གཉིས་ཆགས་ཤིང་། ཅུང་འཐུས་ཚང་ཡིན་པའི་སློབ་ཞུགས་སྔོན་གྱི་སློབ་གསོ་ནས་མཐོ་རིམ་སློབ་འབྲིང་གི་སློབ་གསོའི་བར་ཁྱབ་པའི་སྐད་གཉིས་སློབ་གསོའི་མ་ལག་བཙུགས། ཀན་ལྷོའི་བོད་ཁུལ་གྱི་གཙོས་གྲོང་ཁྱེར། རྨ་ཆུ། ཀླུ་ཆུ། བསང་ཆུ། ཅོ་ནེ་བཅས་ལ་སྐད་གཉིས་སློབ་གཉེར་བྱེད་སྟངས་རིགས་གཉིས་པ་འཐུས་ཚང་ཡིན་ལ། ཀན་ལྷོའི་བོད་ཁུལ་གྱི་འབྲུག་ཆུ། ཐེ་བོ། བ་ཙེ། དེ་མིན་དཔའ་རིས་རང་སྐྱོང་རྫོང་གི་སྐད་གཉིས་སློབ་གཉེར་བྱེད་སྟངས་རིགས་གཉིས་པ་འཛུགས་གྲུབ་བྱུང་། མཐོ་རིམ་སློབ་གྲྭ་ནས་ཟབ་སྦྱོང་དང་ནང་ལོགས་སློབ་གྲྭ་ནས་ལྟ་སྦྱོང་དང་ལས་གནས་སྦྱོང་བརྡར་བྱེད་པ་སོགས་ཀྱི་སྣ་མང་གསོ་སྦྱོང་གི་ལས་སྟེགས་བརྒྱུད་དེ། སྐད་གཉིས་རིགས་ཀྱི་དགེ་རྒན་གྱི་སྤུས་ཚད་མངོན་གསལ་གྱིས་མཐོར་འདེགས་བྱུང་།“སྐད་གཉིས་དགེ་རྒན་གྱི་དམིགས་བསལ་ལས་གནས་འཆར་གཞི”དང་མི་རིགས་ས་ཁུལ་གྱི་དགེ་འོས་སློབ་གྲྭ་ནས་སློབ་ཡོན་མི་དགོས་པར་སྐད་གཉིས་དགེ་རྒན་སྐྱེད་སྲིང་བྱེད་པ་སོགས་ཀྱི་ལག་ལེན་བརྒྱུད་དེ། སྐད་གཉིས་དགེ་རྒན་གྱི་དཔུང་སྟོབས་མགྱོགས་པོར་འཕེལ་རྒྱས་བྱུང་།

༢. དགེ་རྒན་དཔུང་ཁག་གི་འཛུགས་སྐྲུན་ལ་ཤུགས་བསྣན་ཏེ་སྐད་གཉིས་དགེ་རྒན་གྱི་བྱང་ཚད་མཐོར་འདེགས་སུ་བཏང་བ།

ཞིང་ཆེན་ཕྱི་ནང་གི་དགེ་འོས་རིགས་ཀྱི་སློབ་གླིང་དང“འདྲ་མཚུངས་ཀྱི་གསོ་སྐྱོང་འཆར་གཞི”
“དམིགས་བསལ་ལས་གནས་འཆར་གཞི”“རྒྱལ་ཁབ་ཀྱི་གསོ་སྦྱོང”“ཞིང་ཆེན་གྱི་གསོ་སྦྱོང”“ས་ཁུལ་གསུམ་གྱི་སློབ་སྐྱོར་འཆར་གཞི”“སློབ་གསོ་གཞི་རིམ་དུ་སྤེལ་བ”དང“སློབ་ཆེན་སློབ་མས་ལས་གནས་ཚབ་སྒྲུབ་ཀྱི་དངོས་སྦྱོང་སློབ་སྐྱོར་འཆར་གཞི”སོགས་ཀྱི་བྱེད་ཐབས་བརྒྱུད་དེ་མུ་མཐུད་དུ་མི་རིགས་སློབ་གསོའི་དགེ་རྒན་གྱི་དཔུང་སྡེར་གསོན་ཤུགས་བསྣན། མི་རིགས་ས་ཁུལ་གྱི་སློབ་ཆུང་དང་དམའ་རིམ་སློབ་འབྲིང་གི་དགེ་རྒན་གྱི་ཆེད་འགན་འཁུར་བའི་ཡོན་ཚད་ཀྱི་ཚད་ལོངས་ཚད99.75%དང98.93%ལ་བསླེབས་ཤིང་། སོ་སོར་ཞིང་ཆེན་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ལས་བརྒྱ་ཆའི་གྲངས་གནས0.2དང0.33གྱི་མཐོ། སློབ་ཆུང་དང་དམའ་རིམ་སློབ་འབྲིང་གི་དགེ་རྒན་གྱི་ཆེད་འགན་འཁུར་བའི་ཡོན་ཚད་ཞིང་ཆེན་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ལས་མཐོ།

༣. དགེ་རྒན་གསབ་སྣོན་གྱི་ཐབས་ལམ་རྒྱ་བསྐྱེད་དེ་སྐད་གཉིས་དགེ་རྒན་གྱི་སྤུས་ཚད་ཇེ་མཐོར་བཏང་བ།

ཀན་སུའུ་ཞིང་ཆེན་གྱིས་མི་རིགས་ས་ཁུལ་གྱི་སྐད་གཉིས་དགེ་རྒན་གྱི་སྦྱོང་ཚན་དཀོན་པའི་དོན་དངོས་ལ་དམིགས་ནས་དོན་དངོས་ནས་མགོ་བརྩམས་ཤིང་དམིགས་བསལ་སྲིད་ཇུས་གཏན་འབེབས་བྱས་པ་དང་། ལྷག་པར་དུ་ས་བབ་མཐོ་བའི་ཀན་ལྷོ་ས་ཁུལ་དུ་ཤེས་ལྡན་མི་སྣ་འགུག་དཀའ་བ་དང་ཤེས་ལྡན་མི་སྣ་རྒྱུན་སྡོད་དཀའ་བའི་དོན་དངོས་གནས་ཚུལ་ལ་དམིགས་ནས། མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མ་ལས་ཞུགས་ཀྱི་ངོ་འཕྲད་གྲོས་མོལ་ཚོགས་འདུ་སོགས་སུ་ཞུགས་པ་བརྒྱུད་དེ། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་སྡེ་ཁག་དང་སློབ་གསོ་སྲིད་འཛིན་སྡེ་ཁག སློབ་གྲྭ་བཅས་ཀྱིས་དགེ་རྒན་བསྡུ་བའི་བྱ་བྱེད་ཚན་ཆུང་ཞིག་གྲུབ་ནས་འདྲི་དཔྱོད་དང་དངོས་རྒྱུགས་ལེན་པ། དཔེ་ཁྲིད་ཚོད་ལྟ་བྱེད་པ་སོགས་ཀྱི་རིམ་པ་བརྒྱུད་དེ་ཐད་ཀར་ལས་བགོས་བྱེད་པའི་སྲིད་ཇུས་ཀྱིས་ནུབ་བྱང་མི་རིགས་སློབ་ཆེན་དང་ལྷོ་ནུབ་མི་རིགས་སློབ་ཆེན། མཚོ་སྔོན་དགེ་འོས་སློབ་ཆེན། མཚོ་སྔོན་མི་རིགས་སློབ་ཆེན། ཀན་སུའུ་མི་རིགས་དགེ་འོས་སློབ་གླིང་སོགས་མི་རིགས་སློབ་གྲྭ་ནས་སློབ་ཆེན་དངོས་གཞི་ཡན་གྱི་སྐད་གཉིས་རིགས་ཀྱི་སྦྱོང་ཚན་དཀོན་པའི་དགེ་རྒན་འབོར་ཆེན་ཞིག་ནང་འདྲེན་བྱས། 2010ལོ་ནས་བཟུང་། ཀན་ལྷོ་ཁུལ་ཁོ་ནར་སྐད་གཉིས་རིགས་ཀྱི་སྦྱོང་ཚན་དཀོན་པའི་དགེ་རྒན100ལྷག་ནང་འདྲེན་བྱས། “ཞིང་སྡེའི་དམིགས་བསལ་ལས་གནས་ཀྱི་དགེ་རྒན”དང“ཞིང་སྡེའི་སློབ་གྲྭ་འབྲིང་ཆུང་གི་དགེ་རྒན་བསྡུ་ལེན”“མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མ་ལས་ཞུགས་ཀྱི་ལས་གྲྭ”“རྒྱབ་སྐྱོར་གསུམ་དང་དབུལ་སྐྱོར་གཅིག”སོགས་སྲིད་ཇུས་བརྒྱུད་དེ། བསྡོམས་པས་སྐད་གཉིས་རིགས་ཀྱི་དགེ་རྒན1000ལ་ཉེ་བ་ནང་འདྲེན་བསྡུ་ལེན་བྱས་ཤིང་། མང་ཆེ་བ་ཡུལ་ཚོ་དང་གྲོང་རྡལ་དང་དེའི་མན་གྱི་སྐད་གཉིས་རིགས་ཀྱི་སློབ་གྲྭར་གསབ་སྣོན་བྱས་པས། གཞི་རིམ་སྐད་གཉིས་རིགས་ཀྱི་སློབ་གྲྭའི་དགེ་རྒན་གྱི་དཔུང་སྡེར་གསབ་སྣོན་ཐོབ་ཅིང་དགེ་རྒན་གྱི་སྦྱོང་ཚན་སྒྲིག་གཞི་ཇེ་ལེགས་སུ་བཏང་།

༤. ཕྱོགས་ཡོངས་ནས《གྲོང་གསེབ་ཀྱི་དགེ་རྒན་ལ་རྒྱབ་སྐྱོར་བྱེད་པའི་འཆར་གཞི》དོན་འཁྱོལ་བྱས་པ། ཀན་སུའུ་ཞིང་ཆེན་གྱི་སྐད་གཉིས་སློབ་གྲྭ80%ལ་བརྒལ་བ་གཞི་རིམ་གྱི་རོང་འབྲོག་སྡེའི་སློབ་ཆུང་ཡིན། རོང་འབྲོག་སྡེའི་སྐད་གཉིས་དགེ་རྒན་གྱི་དཔུང་སྡེའི་འཛུགས་སྐྲུན་ལ་ཤུགས་སྣོན་ཆེད། ཀན་སུའུ་ཞིང་ཆེན་གྱིས་ཧུར་བརྩོན་གྱིས《ཞིང་སྡེའི་དགེ་རྒན་ལ་རྒྱབ་སྐྱོར་བྱེད་པའི་འཆར་གཞི(2015ལོ་ནས2020ལོའི་བར)》གཏན་འབེབས་བྱས་པ་དང་། ཕྱོགས་ཡོངས་ནས་ཞིང་སྡེའི་དགེ་རྒན་གྱི་འཚོ་བའི་ཁ་གསབ་སྲིད་ཇུས་དོན་འཁྱོལ་བྱས་ཏེ། ལོ་གཉིས་ཀྱི་རིང་ལ་ཞིང་སྡེའི་དགེ་རྒན5650ལྷག་ལ་འཚོ་བའི་གསབ་དངུལ་སྒོར་ཁྲི3463.43དོན་འཁྱོལ་བྱས་ཤིང་ཞིང་སྡེའི་དགེ་རྒན3000ལྷག་ལ་དངོས་ཕན་ཐོབ་པས། ཞིང་སྡེའི་དགེ་རྒན་གྱི་ལས་གནས་ལ་འགུག་ཤུགས་ལྡན་པ་དང་།“གཞི་རིམ་དུ་འགྲོ་བར་མོས་མཁན”དང“གཏན་གནས་ཐུབ་པ”“འཁྲིད་བཟང་དཔེ་ལེགས་ཅན”གྱི་ཞིང་སྡེའི་སྐད་གཉིས་དགེ་རྒན་གྱི་དཔུང་སྡེ་ཞིག་འཛུགས་པར་འགན་སྲུང་ནུས་ལྡན་འདོན་སྤྲོད་བྱས།

བཞི། གནས་པའི་གནད་དོན་དང་འབྲེལ་བའི་གྲོས་གཞི།

༡. སྐད་གཉིས་བྱིས་སྐྱོང་གི་དགེ་རྒན་གྱི་ཁ་གྲངས་མི་འདང་བ།

རྒྱལ་ཁབ་དང་ཞིང་ཆེན་གྱི་སློབ་ཞུགས་སྔོན་གྱི་སློབ་གསོ་འཕེལ་རྒྱས་སུ་གཏོང་བའི་སྲིད་ཇུས་བཟང་པོ་དག་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་པ་དང་བྱིས་སྐྱོང་ཁང་འཛུགས་སྐྲུན་གྱི་ལས་གཞི་བདེ་བླག་ངང་ལག་ལེན་དུ་བསྟར་བ་དང་བསྟུན་ནས། བྱིས་སྐྱོང་གི་སློབ་གསོའི་མི་སྣའི་སྒྲིག་ཁུངས་མི་འདང་བའི་གནད་དོན་སྔར་ལས་འབུར་ཐོན་གྱི་རྣམ་པ་ཤར། དེར་བརྟེན་རིམ་པ་སོ་སོའི་མི་རིགས་སློབ་གསོ་ལས་དོན་ཁག་ནས་ཆེད་སྤྱོད་མ་དངུལ་གཏོང་བ་དང་སྲིད་གཞུང་གིས་ཞབས་ཞུ་ཉོ་བའི་བྱེད་སྟངས་ཀྱིས་དགེ་རྒན་མི་འདང་བའི་གནད་དོན་ཐག་གཅོད་དགོས་ལ། ལས་ཀ་འདྲ་ལ་ཐོབ་ཆ་འདྲ་བའི་རྩ་དོན་ལྟར་སློབ་ཞུགས་སྔོན་གྱི་སློབ་གསོའི་བབ་ཐོབ་ལྡན་པའི་ཆེད་སྦྱོང་སློབ་གྲྭ་ཆེ་འབྲིང་གི་མཐར་ཕྱིན་སློབ་མ་སྐད་གཉིས་བྱིས་སྐྱོང་ཁང་དུ་དགེ་རྒན་བྱེད་པར་གདན་ཞུ་བྱས་ནས། ཀན་སུའུ་ཞིང་ཆེན་གྱི་སྐད་གཉིས་སློབ་ཞུགས་སྔོན་གྱི་སློབ་གསོའི་དགེ་རྒན་དཀོན་པའི་ད་ལྟའི་གནས་བབ་ཞི་ལྷོད་དུ་གཏོང་དགོས།

༢. དགེ་རྒན་གྱི་སྦྱོང་ཚན་སྒྲིག་གཞི་ལུགས་མཐུན་མིན་པ།

དགེ་རྒན་གྱི་སྒྲིག་གཞི་ལུགས་མཐུན་མིན་པ་དང་སློབ་ཆུང་དགེ་རྒན་དཀོན་པས། སློབ་གསོ་དང་སློབ་ཁྲིད་ཀྱི་སྤུས་ཚད་མཐོར་འདེགས་སུ་གཏོང་བར་ཤུགས་རྐྱེན་ཚབས་ཆེན་ཐེབས། ལྷག་པར་དུ་བོད་ཡིག་གི་དངོས་ལུགས་དང་བོད་ཡིག་གི་སྐྱེ་དངོས། བོད་ཡིག་གི་ས་ཁམས། བོད་ཡིག་གི་ལོ་རྒྱུས་སོགས་ཀྱི་ཆེད་ལས་དགེ་རྒན་ཧ་ཅང་དཀོན། མིག་སྔར། བོད་ཡིག་གི་དངོས་ལུགས་དང་བོད་ཡིག་གི་རྫས་འགྱུར་སོགས་བོད་ཡིག་གི་རྩིས་ཚན་དགེ་རྒན་ཁྲོད་ཀྱི་དགེ་རྒན་ཕལ་ཆེ་བ་ལས་གནས་བསྒྱུར་བའམ་ཡང་ན་ལས་འགན་གཅིག་ལྕོགས་བྱས་པ་ཡིན། བོད་ཡིག་གི་ས་ཁམས་དང་བོད་ཡིག་གི་ཆབ་སྲིད་སོགས་བོད་ཡིག་གི་རིག་ཚན་དགེ་རྒན་ཁྲོད་ཀྱི་དགེ་རྒན་ཕལ་ཆེ་བ་ཆེད་ལས་དང་བོད་སྐད་གཉིས་དགེ་རྒན་གསོ་སྦྱོང་ཐད་དམིགས་སའི་རང་བཞིན་དྲག་པོ་མིན་པ། བོད་སྐད་ཡིག་གི་དགེ་རྒན་ལས་ཆེད་ལས་བསྒྱུར་བའམ་ཡང་ན་ལས་འགན་གཅིག་ལྕོགས་བྱས་པ་དག་ཡིན། ཆེད་ལས་རང་ལས་ཐོན་པའི་བོད་ཡིག་གི་དངོས་ལུགས་དང་བོད་ཡིག་གི་རྫས་འགྱུར། བོད་ཡིག་གི་སྐྱེ་དངོས་སོགས་ཀྱི་རྩིས་ཚན་དགེ་རྒན་དེ་བས་དཀོན་ལ། ལྷག་པར་དུ་དམའ་འབྲིང་དང་མཐོ་འབྲིང་རིམ་པའི་སྐད་གཉིས་དགེ་རྒན་དཀོན་པ་འབུར་དུ་ཐོན་པས་སློབ་གསོ་དང་སློབ་ཁྲིད་ཀྱི་སྤུས་ཚད་མཐོར་འདེགས་སུ་གཏོང་བར་ཤུགས་རྐྱེན་ཚབས་ཆེན་ཐེབས། དེར་བརྟེན་རྒྱལ་ཁབ་ཀྱིས་ཁ་ཕྱོགས་ངེས་གཏན་གྱི་གསོ་སྐྱོང་བྱེད་སྟངས་སྤྱད་དེ། ཞིང་ཆེན་ཕྱི་ནང་གི་མི་རིགས་སློབ་ཆེན་དང་སློབ་གླིང་དུ་ལོ་རེར་ཀན་སུའུ་ཞིང་ཆེན་གྱི་མི་རིགས་ས་ཁུལ་དུ་སྐད་གཉིས་རིགས་ཀྱི་ཆེད་ལས་དཀོན་པའི་དགེ་རྒན་ངེས་ཅན་གསོ་སྐྱོང་བྱས་ཏེ། སྐད་གཉིས་སློབ་གསོའི་ཆུ་ཚད་མཐོར་འདེགས་སུ་གཏོང་བར་སྐུལ་འདེད་གཏོང་དགོས།

༣. སྐད་གཉིས་དགེ་རྒན་གསོ་སྦྱོང་ཐད་དམིགས་སའི་རང་བཞིན་དྲག་པོ་མིན་པ།

མིག་སྔར། སྐད་གཉིས་དགེ་རྒན་མང་ཆེ་བ་ཕྱི་རོལ་ཏུ་གསབ་སྦྱོང་དུ་སོང་ཡང་ནང་དོན་སྔར་བཞིན་རྒྱ་ཡིག་རིགས་ཡིན་པས། དགེ་རྒན་གྱི་སྐད་གཉིས་སློབ་ཁྲིད་ཀྱི་ནུས་པར་རོགས་རམ་ཆེན་པོ་ཐོབ་མི་ཐུབ་པ་དང་དམིགས་སའི་རང་བཞིན་དྲག་པོ་མིན་པས་སྔོན་དཔག་གི་དམིགས་ཡུལ་འགྲུབ་དཀའ། དེར་བརྟེན་སྐད་གཉིས་དགེ་རྒན་གསོ་སྦྱོང་གི་ཤུགས་ཚད་ལ་ཤུགས་སྣོན་དགོས། རིགས་ཁག་སོ་སོའི་དགེ་རྒན་གསོ་སྦྱོང་གི་ཁ་གྲངས་དང་ལས་གཞིའི་མ་དངུལ་བཀོད་སྒྲིག་བྱེད་པའི་དུས་སུ་མི་རིགས་ས་ཁུལ་དུ་ཁ་ཕྱོགས་པ་དང་། ལོ་རེར་གསོ་སྦྱོང་གི་གྲོན་དངུལ་ཁག་ཅིག་བཀོད་སྒྲིག་བྱས་ཏེ། ཞིང་ཆེན་ཕྱི་ནང་གི་དགེ་འོས་རིགས་ཀྱི་མི་རིགས་སློབ་ཆེན་དང་སློབ་གླིང་དུ་སྐད་གཉིས་དགེ་རྒན་དག་ལ་དམིགས་སའི་རང་བཞིན་ཡོད་པའི་སྒོ་ནས་སློབ་ཁྲིད་བྱེད་སྟངས་གསོ་སྦྱོང་དང་རྨང་གཞིའི་ཤེས་བྱ་གསོ་སྦྱོང་བྱ་དགོས་པར་སྙམ། །


①ཀན་སུའུ་མི་རིགས་དགེ་འོས་སློབ་གླིང་དུ་ཕྱག་ལས་གནང་བཞིན་ཡོད།

①མཚོ་སྔོན་དགེ་འོས་སློབ་ཆེན་མི་རིགས་དགེ་འོས་སློབ་གླིང་དུ་ཕྱག་ལས་གནང་བཞིན་ཡོད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1