རྗེའི་ལམ་རིམ་ཆེན་མོ་དང་བོ་དོང་པཎ་ཆེན་གྱི་ལམ་རིམ་གཉིས་ཀྱི་རྩོམ་སྟངས་དང་སྔ་ཕྱིའི་རིམ་པ་ལ་ཅུང་ཟད་བརྟག་པ།
ཁྱུང་ཕྲུག་བློ་བཟང་དར་རྒྱས། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 09-28
[གནད་བཏུས] དཔྱད་རྩོམ་འདིར་ལམ་རིམ་གཉིས་ཀྱི་ས་བཅད་འགོད་སྟངས་སོགས་རྩོམ་སྟངས་དང་། དེ་དང་འབྲེལ་ཏེ་ནང་དོན་གྱི་ཆ་ལ་མཐུན་མི་མཐུན་གང་དག་བྱུང་བ། སྒོས་སུ་དབུ་མའི་ལྟ་བའི་གནད་ལ་ཧྭ་ཤང་གི་ལུགས་ཀྱི་དགོངས་ཚུལ། དེ་ནས་གཞུང་གཉིས་ཀྱི་བརྩམས་པའི་སྔ་ཕྱིའི་རིམ་པ་ལ་དཔྱད་འཇོག་གིས་ཚུལ་འདི་ལ་ལོག་བཤད་དང་དོགས་པ་སྐྱེ་འགྱུར་འགའ་ཞིག་བསུས་ཏེ་དགག་སྒྲུབ་ཅུང་ཟད་བྱས་ཡོད་པ་ཡིན།
[གནད་ཚིག] བྱང་ཆུབ་ལམ་རིམ་ཆེ་བ། བོ་དོང་ལམ་རིམ། ཧྭ་ཤང་གི་ལྟ་སྒོམ། བརྩམས་རིམ་གྱི་སྔ་ཕྱི།
དང་པོ། རྗེ་ཙོང་ཁ་པས་བྱང་ཆུབ་ལམ་རིམ་བརྩམས་ཚུལ།
དེ་ཡང་རྗེ་ཙོང་ཁ་པ་ཆེན་པོས་མཛད་པའི་བྱང་ཆུབ་ལམ་རིམ་ནི་ཡོངས་སུ་གྲགས་པ་ལྟར་ཁོང་གིས། དང་པོ་རྒྱ་ཆེན་ཐོས་པ་མང་དུ་བཙལ། ། ཞེས་གསུངས་པ་བཞིན་སྡེ་སྣོད་གསུམ་གྱིས་བསྡུས་པའི་རྒྱ་བོད་ཀྱི་བཀའ་བསྟན་དགོངས་འགྲེལ་བཞུགས་སོ་ཅོག་ཕལ་མོ་ཆེ་ལ་ཐོས་བསམ་གནང་སྟེ་མཐར་དགུང་ལོ་བཞི་བཅུ་བཞེས་པའི་ཚེ་ན་རང་ཉིད་ཀྱི་རྩ་བའི་བཞེད་དགོངས་ཏེ། གྲུབ་མཐའ་ཐམས་ཅད་ཀྱི་ཡང་རྩེ་དབུ་མ་ཐལ་འགྱུར་བའི་ལྟ་བ་གཏན་འབེབ་བྱུང་སྟེ་རང་གཞན་ཡོངས་ལ་ལྟ་བའི་གོལ་འཛོལ་ཕྱོགས་ཀྱི་དོགས་གཅོད་དང་དགག་སྒྲུབ་རྒྱ་ཆེན་པོའི་འཆད་ཁྲིད་ཀྱི་རིམ་པ་རྩལ་བཏོན་ཅིང་། དགུང་ལོ་ཞེ་གཅིག་གི་ཚེ་ན་མཐའ་བྲལ་ལྟ་བའི་རྟོགས་འབུལ་དུ་བསྟོད་པ་ལེགས་བཤད་སྙིང་པོ་བརྩམས། དེ་ནས་རབ་བྱུང་བདུན་པའི་ཉག་མ་བཅུ་དྲུག་པ་ཆུ་ཕོ་རྟ་སྟེ་སྤྱི་ལོ1402ལོར། ཁོང་དགུང་ལོ་ཞེ་དྲུག་གི་ཚེ་ན་ཁ་བ་གངས་ཅན་ཁྲོད་དུ་དར་བའི་གཞུང་སྡེ་སྣོད་གསུམ་གྱི་དགོངས་པའི་གོལ་འཛོལ་དང་ལམ་བསླབ་པ་གསུམ་གྱི་ཉམས་ལེན་གྱི་ནོར་འཁྲུལ་དག་ལ་ཆེད་དམིགས་ཀྱིས་བསྟན་པའི་གནམ་ཐིག་ཆེན་མོ་གང་ཉིད་བརྩམས་པར་མཛད་དོ། །
འདི་ལ་བསྟན་པའི་དག་ཐེར་མཛད་ཅེས་ཀྱང་བྱ་སྟེ། ལམ་རིམ་བརྡ་བཀྲོལ་དུ། བྱང་ཆུབ་ལམ་གྱི་རིམ་པ་ཆེན་མོ་འདི་ཇི་ལྟར་བརྩམས་པའི་ཚུལ་ནི། རྗེ་བདག་ཉིད་ཆེན་པོ། ཨར་བྱང་ཆུབ་ཡེ་ཤེས་ཀྱི་གདན་ས་སྟོད་ལུང་གནམ་རྩེ་ལྡེང་ངམ་ཡངས་པ་ཅན་དུ་གྲགས་པ་དེར། རྗེ་བཙུན་རེད་མདའ་བ་དང་། རྗེ་ཉིད། ལོ་ཆེན་སྐྱབས་མཆོག་དཔལ་བཟང་སྟེ་ཆོས་རྗེ་རྣམ་གསུམ་ཞལ་འཛོམས་ནས་དབྱར་ཞལ་བཞེས་གནང་སྟེ། བསྟན་པའི་དག་ཐེར་མཛད།② ཅེས་གསུངས་པ་ལྟར་རོ། ། དེ་ནས་གོང་དུ་བཤད་པའི་དགོན་པ་དེ་ནས་དབྱར་གྲོལ་ཏེ་དགག་དབྱེ་མཛད་ནས་རྗེ་བླ་མ་ཁོང་ཉིད་བཀའ་གདམས་བསྟན་པའི་གདན་ས་དབེན་གནས་རྭ་སྒྲེང་དུ་ཕེབས། བྲག་སེང་གེ་འདྲ་བའི་ཞོལ་ཡང་དགོན་དུ་བཞུགས། དེར་འབྲོམ་སྟོན་གྱིས་བཞེངས་པའི་ཇོ་བོའི་སྐུ་འདྲ་དབུ་ཡོན་མ་ཞེས་གྲགས་པའི་ཞལ་ཐང་དབུ་སྔས་སུ་གདན་དྲངས། ལམ་མཆོག་སྒོ་འབྱེད་དེ་ཡོན་ཏན་གཞིར་གྱུར་མ་ལྗགས་རྩོམ་གནང་ནས་གསོལ་བ་རྩེ་གཅིག་ཏུ་བཏབ། སྟོན་པ་ནས་ལྷོ་བྲག་གྲུབ་ཆེན་བར་གྱི་བླ་མ་བརྒྱུད་པ་རྣམས་ཀྱི་ཞལ་གཟིགས་བྱུང་སྟེ་གདམས་པ་དང་རྗེས་སུ་བསྟན་པ་མང་དུ་མནོས། དེ་དག་གཞི་བྱས་པའི་ཁར་གསང་ཕུ་ཆོས་རྗེ་དཀོན་མཆོག་ཚུལ་ཁྲིམས། མཁན་ཆེན་ཟུལ་ཕུ་པ་དཀོན་མཆོག་རྒྱལ་མཚན། ལོ་ཆེན་སྐྱབས་མཆོག་དཔལ་བཟང་བཅས་ཀྱིས་བསྐུལ་བའི་དགེ་མཚན་དང་རྟེན་འབྲེལ་ཁྱད་པར་ཅན་འགྲིགས་ཏེ་གཞུང་འདི་ཉིད་ལེགས་པར་བརྩམས་པའོ། ། དེ་ནས་རྗེ་བླ་མ་ཁོང་ཉིད་དགུང་ལོ་ང་དགུ་བཞེས་པ་ཤིང་མོ་ལུག་གི་ལོ་ལ་དགའ་ལྡན་དུ་དབྱར་གནས་སུ་བཞུགས་པའི་ཚེ་སྔར་གྱི་ལམ་རིམ་ཆེན་མོ་ལས། ལུང་འདྲེན་དང་། དགག་སྒྲུབ་ཀྱི་སྤྲོས་པ་ཕལ་མོ་ཆེ་དག་དོར་ནས་རང་ཉིད་ཀྱི་དགོངས་པ་མཐར་ཐུག་དང་གནད་ཀྱི་འགག་མདོ་རྣམས་ཉིང་ཁུར་བསྡུས་ཏེ་ལམ་རིམ་ཆུང་བར་གྲགས་པ་མཛད་པ་ཡིན་ནོ། །
གཉིས་པ། བོ་དོང་པ་ཆེན་པོས་ལམ་རིམ་ཇི་ལྟར་བརྩམས་ཚུལ།
འཛམ་བུའི་གླིང་གི་བརྩམས་ཆོས་ཆེས་མང་བའི་རྩོམ་པ་པོ། གངས་ཅན་བོད་ཀྱི་མཁས་པའི་མཁས་པ་ཀུན་གྱི་མཆོག་ཏུ་བསྔགས་པ་བོ་དོང་པཎ་ཆེན་ཕྱོགས་ལས་རྣམ་རྒྱལ་འཇིགས་མེད་གྲགས་པའི་སྡེ(1375-1451)ཞེས་བྱ་བ་འདི་ཡང་བོད་རབ་བྱུང་དྲུག་པའི་ཤིང་ཡོས་ལོར་ཡབ་སྟོན་པ་ཆོས་དབྱིངས་རྒྱལ་མཚན་དང་ཡུམ་བྱང་ཆུབ་སྒྲོན་གཉིས་ཀྱི་སྲས་སུ་གཙང་ལ་སྟོད་ལྷོ་ཕྱོགས་དབྱིག་གུ་ཞེས་བྱ་བའི་འབྲོག་ཁྱིམ་ཞིག་ཏུ་སྐུ་འཁྲུངས། མཚན་ལ་གཡུང་དྲུང་སངས་རྒྱས་བསྐྱེད་ཅེས་ཞུ། བོ་དོང་ཨེའི་ཆོས་གྲྭ་སོགས་དབུས་གཙང་གི་རིས་མེད་ཆོས་སྡེ་ཁག་ཏུ་ཕེབས་ཏེ་མདོ་སྔགས་ཀྱི་གཞུང་ལ་སློབ་གཉེར་གནང་། ལྷག་ལྷ་དུ་མའི་ཞལ་གཟིགས་ཤིང་གསུང་གི་གནང་བ་ཐོབ་པར་གྲགས། སྔོན་གྱི་ཐུགས་བསྐྱེད་ཀྱི་དབང་གིས་ནང་རིག་ཐུན་མིན་གྱི་གཞུང་ལུགས་རབ་འབྱམས་དང་ཐུན་མོང་བ་ལེགས་སྦྱར་སྒྲ་རིག་པ་དང་སྙན་ངག སྐར་རྩིས། གསོ་རིག སུམ་རྟགས་དག་གསུམ། ལོ་རྒྱུས་ཆོས་འབྱུང་སོགས་ལས་བརྩམས་པའི་གཞུང་པོ་ཏི་བརྒྱ་དང་སོ་གཉིས་མཛད་པ་ལ་བརྟེན་གངས་ཅན་ལྗོངས་ཀྱི་མཁས་པའི་ཁྲོད་ན་ལྟ་ཅི། འཛམ་གླིང་འཛིན་མའི་ཁྱོན་ན་རྗེ་འདི་ཉིད་ལས་རྩོམ་པ་མང་བ་ཞིག་ད་སྔ་མེད་པར་ཡོངས་སུ་གྲགས་སོ། ། དེ་ནས་ཁོང་གིས་སྐྱེས་བུ་གསུམ་གྱི་ལམ་གྱི་རིམ་པ་རྩོམ་ཚུལ་ལ། ཐོག་མར་རྩ་བའམ་སྡོམ་གྱི་ཚུལ་དུ། ཐོག་མར་དགེ་བའི་བཤེས་གཉེན་བསྟེན། ། ཞེས་པ་ནས། སྦྱོར་བ་དཔྱིད་ལས་ལྟ་བུ་ཡིན། ། ཞེས་གསུངས་པ་ལྟར་དབྱར་ལས་དང་སྟོན་ལས་གསུམ་དུ་ཕྱེ་སྟེ་བསྟན་པ་ནི་རྗེའི་ལམ་རིམ་དང་རྩོམ་ཚུལ་མི་གཅིག་པ་ཡིན་ཞིང་། དེ་ནས་རྒྱལ་བའི་གསུང་རབ་ཀུན་གྱི་གནད་བསྡུས་པ། ཤིང་རྟ་ཆེན་པོ་ཀླུ་སྒྲུབ་དང་ཐོགས་མེད་གཉིས་ཀྱི་ལམ་སྲོལ། རྣམ་པ་ཐམས་ཅད་མཁྱེན་པའི་སར་འགྲོ་བའི་སྐྱེ་བོ་མཆོག་གི་ཆོས་ལུགས། སྐྱེས་བུ་གསུམ་གྱིས་ཉམས་སུ་བླང་བའི་རིམ་པ་ཐམས་ཅད་མ་ཚང་བ་མེད་པར་བསྡུས་པ།③ ཞེས་གསུངས་པ་ནི་བྱང་ཆུབ་ལམ་རིམ་ཆེ་བའི་གསུང་སྟངས་དང་ཇི་མ་ཇི་བཞིན་ཡིན་པ་འདིས་བོ་དོང་པཎ་ཆེན་གྱི་ལམ་རིམ་གྱི་བརྗོད་དོན་སྤྱིའི་བྱིངས་གཅིག་ཏུ་གྱུར་ཡོད་པ་རྗེས་སུ་དཔོག་ནུས་སོ། །
དེ་ནས་སྐྱབས་འགྲོའི་ཆོས་སྐོར་འཆད་པའི་ཚེ་ནའང་བོ་དོང་པའི་ལམ་རིམ་དུ། སྤྱིར་ཕྱི་ནང་ལ་འཇོག་ཚུལ་མང་པོ་སྣང་ནའང་། ཇོ་བོ་དང་། ཤན་ཏི་པ་སྐྱབས་འགྲོ་ལ་བྱེད་པར་གྲགས་པས། སྐྱབས་འགྲོ་ཐོབ་ནས་མ་བཏང་བ་ལ་བྱའོ། །④ ཞེས་གསུངས་པ་འདི་ཡང་གོང་དུ་བཤད་པ་ལྟར་རྒྱ་བོད་ཀྱི་མཁས་པ་ཕལ་མོ་ཆེ་དག་བཤད་ཚུལ་མི་མཐུན་པ་ཤིན་ཏུ་མང་པོ་ཡོད་ཀྱང་ཁོང་ཉིད་ཀྱིས་རྗེ་བླ་མ་ཙོང་ཁ་པའི་བྱང་ཆུབ་ལམ་རིམ་ལས་འབྱུང་བ་ལེགས་བཤད་དུ་གཟིགས་ནས་དེ་ཉིད་ལ་ཚིག་དོན་གཉིས་ཀར་ཁྱད་པར་ཅི་ཡང་མ་བྱུང་བར་སྣང་ངོ་། །
ཡང་སྐྱེས་བུ་འབྲིང་གི་སྐབས་སུ་ཡང་འདི་ལྟར། དེ་ལྟར་ན་བདེན་པ་བཞི་ནི། ཐེག་པ་ཆེ་ཆུང་ཐམས་ཅད་དུ་ལན་དུ་མར་གསུངས་ཤིང་། འཁོར་བར་འཇུག་པ་དང། དེ་ལས་བཟློག་པའི་གནད་རྣམས། བདེ་བར་གཤེགས་པས་བསྡུས་པ་ཡིན་པས། རྣམ་གྲོལ་བསྒྲུབ་པ་ལ་ཤིན་ཏུ་གལ་ཆེ་ཞིང་། ཉམས་ལེན་གྱི་འགག་ཀྱང་ཆེ་བས། རིམ་པ་དེ་ལྟར་དུ་སློབ་མ་འཁྲིད་དགོས།⑤ ཞེས་གསུངས་པ་ལྟར་རྗེ་ཙོང་ཁ་པས་སྔོན་མེད་ལེགས་བཤད་དུ་བཀའ་སྩལ་གང་ཉིད་གནད་ཆེ་བར་དགོངས་ཏེ་ཚིག་དོན་གང་ཆའི་ཟུར་ཙམ་ཡང་མ་བསྒྱུར་བར་སྣང་བ་འདི་ནི་བསྟན་པའི་གནད་མཁྱེན་པའི་སྨྲ་བའི་སེང་གེའི་རང་རྟགས་ལས་དེང་གི་ཅོལ་ཆུང་བཞིན་སྤྲེལ་ལད་འཁྲབ་པ་གཞར་ཡང་མིན་ནོ། །
དེ་ནས་འཁོར་བ་ཟློག་པའི་ཐབས་བཤད་པ་ཞེས་པའི་ས་བཅད་འདི་ནི་བོ་དོང་པཎ་ཆེན་རང་ཉིད་ཀྱི་གཞུང་འདིར་ཐུན་མིན་དུ་སྣང་བ་ཞིག་སྟེ། དེ་ལ་གཞུང་འདིར། འཁོར་བ་ཟློག་པའི་ཐབས་ལ་དགུ། དོའུ་ལྟ་བུའི་འདུ་ཤེས་དང་། འཁོན་པ་ལྟ་བུའི་འདུ་ཤེས་དང་། སྤྲང་བོ་ལྟ་བུའི་འདུ་ཤེས་དང་། བརྙས་པ་ལྟ་བུའི་འདུ་ཤེས་དང། ནད་པ་ལྟ་བུའི་འདུ་ཤེས་དང་། འཁྱམས་པ་ལྟ་བུའི་འདུ་ཤེས་དང་། བོར་བ་ལྟ་བུའི་འདུ་ཤེས་དང་། གཡེངས་པ་ལྟ་བུའི་འདུ་ཤེས་དང་། བཙོན་ར་ལྟ་བུའི་འདུ་ཤེས་དང་དགུ་མངོན་དུ་བྱའོ། །⑥ ཞེས་གསུངས་ཏེ་མཁས་མཆོག་རང་གི་ཐུགས་ཉམས་སུ་བསྟར་པའི་གདམས་པ་དམར་པོ་ཞིག་རྩལ་དུ་བཏོན་ཏེ་བརྩམས་པ་ལས་རྗེ་བླ་མ་ཙོང་ཁ་པའི་ལམ་རིམ་གྱི་གཞུང་ན་ཡོད་པ་མ་ཡིན་ནོ། ། དེ་བས་བོད་རིག་པ་སྤྱི་དང་སྒོས་སུ་ནང་དོན་རིག་པའི་གཞུང་ལུགས་ལ་ཞིབ་འཇུག་གནང་མཁན་དང་ཀློག་པ་པོ་དག་གིས་མཐའ་གཅིག་ཏུ་འདྲ་བ་རེ་མཐོང་བས་གཅིག་ཏུ་བལྟ་བ་དང་མི་འདྲ་བ་རེ་གཉིས་ལ་བལྟས་ནས་འབྲེལ་མེད་འགལ་བར་འཛིན་པ་ནི་མི་རིགས་པར་ཤེས་པར་བྱའོ། །
གཞན་ཡང་ཐར་པའི་རང་བཞིན་གཏན་ལ་འབེབས་པའི་སྐབས་སུ་ཐེག་དམན་གྱི་གྲུབ་མཐའ་བྱེ་བྲག་སྨྲ་བ་དང་མདོ་སྡེ་བ་གཉིས་ཀྱི་གཞི་ལྔ་སོགས་ཀྱི་རྣམ་གཞག་བཅས་ལམ་དང་འབྲས་བུ་དང་བཅས་པ་གཏན་ལ་ཕབ་སྟེ་བསྟན་པ་ཡང་རྗེའི་ལམ་རིམ་ཆེ་བ་ལས་མི་འབྱུང་བའི་ཐུན་མོང་མ་ཡིན་པའི་བཤད་པ་ཞིག་ཡིན་ཏེ་ལུང་འདྲེན་གྱི་ངལ་བ་བྱ་མི་དགོས་པ་ལགས་སོ། །
དེ་ལས་ཀྱང་ཁྱད་པར་ཆེན་པོ་ཞིག་ནི། བོ་དོང་པས། སྙིང་རྗེ་ཆེན་པོ་སྒོམ་ཚུལ་བཤད་པའི་སྐབས་སུ་འདི་ལྟར། དང་པོ་ལ་གཉིས། གྲུབ་ཐོབ་ཀུ་སུ་ལུའི་སྒོམ་ཚུལ་དང་། མཁས་པ་པཎྜིི་ཏའི་སྒོམ་ཚུལ་ལོ། །⑦ ཞེས་གསུངས་པ་ནི་བོད་སྔ་རབས་པའི་རྗེས་སུ་འབྲངས་ཏེ་བཤད་པ་ཤ་སྟག་ཏུ་ངེས་ཏེ། རྗེ་ཙོང་ཁ་པའི་རྗེས་འཇུག་སྤྱི་དང་ཁྱད་པར་དུ་རྒྱལ་ཚབ་རིན་པོ་ཆེས་ཕར་ཕྱིན་མངོན་རྟོགས་རྒྱན་གྱི་འགྲེལ་པ་རྣམ་བཤད་སྙིང་པོ་རྒྱན་ཉམས་སུ་ལེན་ཚུལ་ལམ་གྱི་རིམ་པར་བསྒྲིགས་པ་དང། མཁས་གྲུབ་ཐམས་ཅད་མཁྱེན་པས་དྲང་ངེས་རྣམ་འབྱེད་ཀྱི་དོན་འགྲེལ་སྟོང་ཐུན་སྐལ་བཟང་མིག་འབྱེད་སོགས་རང་རང་གི་གསུང་རྩོམ་ཁག་ཏུ་རྩལ་བཏོན་ནས་སྒོམ་ཚུལ་དེ་ཉིད་བཀག་ཡོད་པ་ཡིན། དེར་བརྟེན་ཁོང་གི་ལྟ་སྒོམ་རེ་གཉིས་ཀྱི་གནད་འགའ་རེ་ནི་རྗེ་བླ་མ་ཙོང་ཁ་པ་དང་ཐུན་མོང་མ་ཡིན་པར་གྱུར་འདུག་པ་གསལ་ལོ། ། དེ་ཡང་རྗེ་ཐམས་ཅད་མཁྱེན་པས་སྐུ་གཞོན་དུས་བརྩམས་པའི་ཕར་ཕྱིན་རྣམ་བཤད་ཆེན་མོ་ལེགས་བཤད་གསེར་ཕྲེང་དུ་ཡང་། མཁས་པ་པཎྜི་ཏའི་ལུགས་ཀྱིས་སྒྲོ་འདོགས་ཕྱི་རུ་གཅོད། ལྟ་རྟོག་ཕྱི་རུ་བྱེད་དེ། ཡུལ་དཔྱད་པས་དེ་འཛིན་གྱི་འཁྲུལ་བ་ལྡོག་པར་འདོད། ཀུ་སུ་ལུ་པའི་ལུགས་ཀྱིས་སྒྲོ་འདོགས་ནང་དུ་གཅོད། ལྟ་རྟོག་ནང་དུ་བྱེད་དེ། རང་ངོ་རང་གིས་ཤེས། རྟོགས་པ་གཅིག་རང་ལ་སྐྱེ་དགོས། ཞེས་རྒྱ་གར་མཁས་པའི་གསུང་ལ་མི་འབྱུང་བའི་བོད་ཚིག་དུ་མ་སྣང་བའི་ཕྱིར་རོ། །⑧ ཞེས་གསུངས་པ་ལྟར་རྗེའི་སྔ་རྩོམ་ཕྱི་རྩོམ་གཉིས་ཀར་ཁྱད་མེད་པར་སྒོམ་ཚུལ་དེ་ཉིད་ནི་ལུང་རིགས་ཀྱི་ཁུངས་དང་གཏན་ཚིགས་མེད་པའི་འདོད་ཚུལ་དུ་དགོངས་ཡོད་པ་ཡིན།
དེ་ནས་ཐེག་ཆེན་གྱི་འཇུག་སྒོ་སེམས་བསྐྱེད་ལ་ཡང་བཤད་ཚུལ་མི་མཐུན་པ་ཤིན་ཏུ་མང་ནའང་ཁོང་རྣམ་གཉིས་འདི་ལ་བཞེད་པ་གཅིག་ཏུ་བབས་ཡོད་དེ། བོ་དོང་ལམ་རིམ་ལས། རང་ལུགས་ལ། ཐེག་ཆེན་སེམས་བསྐྱེད་ཀྱི་མཚན་ཉིད། གཞན་དོན་དུ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་དམིགས་པའི་འདོད་པ་འབྱུང་བ་ཞེས་བྱ།⑨ ཞེས་གསུངས་ཏེ་རྗེ་ཙོང་ཁ་པ་ཆེན་པོའི་ལེགས་བཤད་གསེར་ཕྲེང་ལས། གཞན་དོན་དུ་རྫོགས་པའི་བྱང་ཆུབ་འདོད་པ་དང་མཚུངས་ལྡན་དུ་འབྱུང་བའི་སེམས་དེ་སེམས་བསྐྱེད་ཀྱི་མཚན་ཉིད་དུ་གསུངས་པ་དང་གཙོ་སེམས་དགོས་པའི་གསལ་ཁ་མ་གཏོགས་མི་མཐུན་པ་ཅི་ཡང་མ་བྱུང་ངོ་། །
གསུམ་པ། ལམ་རིམ་གཉིས་ལས་ཧྭ་ཤང་ལྟ་བའི་བཞེད་མཚམས་ལ་དཔྱད་པ།
དེ་ལས་ཀྱང་བསམ་གཏན་མཁན་པོ་ཧྭ་ཤང་མ་ཧཱ་ཡ་ནའི་ལྟ་སྒོམ་འདི་ལ་རྗེ་ཙོང་ཁ་པའི་བཞེད་དགོངས་དང་མཐུན་པར་གནང་ཡོད་པ་ཁོང་ཉིད་ཀྱིས་མཛད་པའི་སྐྱེས་བུ་གསུམ་གྱི་ལམ་རིམ་རྒྱས་པ་ཁྲིད་དུ་སྦྱར་པ་རྗེ་བཙུན་གསང་བའི་བྱིན་གྱིས་མཛད་པ་ཞེས་བྱ་བའམ། སྐྱེས་བུ་གསུམ་གྱི་ལམ་གྱི་རིམ་པ་རྒྱས་པ་ཁྲིད་དུ་སྦྱར་པ་བྱང་ཆུབ་ལམ་གྱི་སྒྲོན་མ་ཞེས་བྱ་བ་ལས་ཤིན་ཏུ་གསལ་བར་མ་ཟད། ལམ་རིམ་གྱི་གཞུང་ཁོག་སྤྱིའི་ཆིངས་དང་ས་བཅད་ལེན་སྟངས། དེ་མིན་སེམས་བསྐྱེད་དང་ཕར་ཕྱིན་དྲུག ཞི་ལྷག་གི་སྐོར་ཕལ་མོ་ཆེ་རྣམས་བྱང་ཆུབ་ལམ་རིམ་ཆེ་བ་ཇི་བཞིན་ཚིག་དོན་གང་ཆར་མཐུན་པར་གསུངས་ཤིང་། ཁྱད་པར་དུ་བོད་སྔ་རབས་པའི་མཁས་པ་ཕལ་མོ་ཆེ་དང་ལྡོག་སྟེ་བཤད་པའི་ཧྭ་ཤང་གི་ལྟ་བ་དང་སྒོམ་པའི་སྐོར་འགོག་སྐབས་རྗེའི་གསུང་རིས་དང་ཇི་མ་ཇི་བཞིན་བརྩམས་གནང་མཛད་ཡོད།
ལམ་རིམ་འདིར། མདོ་འདིས(དགོངས་འགྲེལ)
ལྷག་མཐོང་སོ་སོར་རྟོག་པའི་ཤེས་རབ་ལ་བསྙོན་པ་མེད་པར་ཤིན་ཏུ་གསལ་བར་བཤད་པ་འདི་མཐོང་ནས། རྒྱ་ནག་གི་ཧྭ་ཤང་མ་ཧཱ་ཙ་ནེས། འདི་མདོ་སྡེ་ཨེ་ཡིན་མི་ཤེས་ཞེས་སྨྲས་ནས་རྐང་པས་དྲིལ་ཞེས་གྲགས་ཏེ། དེས་ནི་རྟོག་པ་གང་ཡིན་ཐམས་ཅད་མཚན་འཛིན་དུ་བཟུང་ནས་སོ་སོར་རྟོག་པའི་ཤེས་རབ་དོར་ཏེ། ཅིའང་ཡིད་ལ་མི་བྱེད་པ་ཟབ་མོའི་དོན་སྒོམ་པར་འདོད་པ་དང་། མ་མཐུན་པས་དེ་ལྟར་བྱས་པའོ། ། ལུགས་འདིའི་རྗེས་སུ་འབྲང་བ་ནི་ཤིན་ཏུ་མང་བར་སྣང་ངོ་། །ཞེས་རྗེ་བདག་ཉིད་ཆེན་པོའི་བྱང་ཆུབ་ལམ་རིམ་གྱི་གསུང་རིས⑩ དང་མཐུན་པར་གསུངས་ཤིང་། དེ་ནས། སྣང་བ་ལ་རྟོག་པ་ཐམས་ཅད་བདེན་འཛིན་དུ་བཟུང་ནས་དེ་ཐམས་ཅད་དོར་ཏེ། གཞུང་ཚད་ལྡན་རྣམས་ལས་ལེགས་པར་གོ་ཟློག་ནས། བདག་མེད་པའི་ལྟ་བ་མ་ནོར་བ་མ་རྙེད་ཀྱང། ཅིར་ཡང་མི་རྟོག་པ་ལྷག་མཐོང་ཟབ་མོའི་དོན་སྒོམ་པར་བྱེད་པ་ནི། རྒྱ་ནག་གི་མཁན་པོ་ཧྭ་ཤང་མ་ཧཱ་ཙེ་ནེའི་ལུགས་མ་འདྲེས་པ་ཁོ་ནར་སྣང་སྟེ། སྒོམ་རིམ་ཞིབ་ཏུ་ལྟོས་ཤིག་དང་ཤེས་པར་འགྱུར་རོ། ། ཞེས་རྟོག་པ་ཐམས་ཅད་སྤང་བྱར་བསྟན་ན་མི་རུང་བ་ཐུན་མོང་ལྟར་དང་ཧྭ་ཤང་མཁན་པོའི་མཚན་ལ་མ་ཧཱ་ཙེ་ནེ་ཞེས་དང་མ་ཧཱ་ཙ་ནེ་ཞེས་འབོད་པ་ནི་སྔོན་ལ་མ་གྲགས་པའི་ཐུན་མིན་འབོད་སྟངས་ཤིག་ཡིན་པར་སྣང་སྟེ། ངེས་ཤེས་སྒྲོན་མེར། གཉིས་པ་དྲན་མེད་ཧྭ་ཤང་ལུགས། ། མ་དཔྱད་ཙེ་ནེར་བཞག་པ་ཡིས། ། ལྷག་མཐོང་གསལ་བའི་ཆ་མེད་པར། །མཚོ་གཏིང་རྡོ་བཞིན་ཐ་མལ་གནས། ། ཞེས་གསུངས་པ་ལ་གཞིགས་ན་ཙེ་ནེ་ཞེས་པ་ཙོམ་འཇོག་ལ་གོ་དགོས་པར་སྙམ་པས། ཧྭ་ཤང་ལ་ལྟ་སྒོམ་གྱི་ཆ་ནས་ནོར་འཁྲུལ་ཅན་དུ་ངོས་འཛིན་གནང་སྟེ་དེ་ལྟར་མཚང་མིང་ཞིག་ཕྱིས་སུ་བཏགས་ཏེ་གསོལ་པ་ཡིན་པར་འདོད་དེ་རྣམ་དཔྱོད་དང་ལྡན་པ་དག་གིས་དཔྱད་པར་བྱའོ། ། ཡང་འདིར། བདག་མེད་པའི་ཤེས་རབ་ཁོ་ན་སྲིད་པའི་གཅོད་བྱེད་དུ་ཤིན་ཏུ་གསལ་བར་བསྟན་པ་འདི་དབུ་མའི་སྒོམ་རིམ་དུ་ཡང་ཧྭ་ཤང་ལ་གནོད་བྱེད་དུ་དྲངས་པས་འདི་ལ་ངེས་པ་རྙེད་དགོས། ཞེས་གསུངས་པ་ལས་སྒོམ་རིམ་དེ་ཉིད་ཧྭ་ཤང་གི་དགག་ཡིག་ཡིན་ཤག་ཤག་གིས་བསྟན་པར་འདུག་སྟེ། འདི་ལ་མཁས་གྲུབ་ཆེན་པོ་རོང་སྟོན་ཤེས་བྱ་ཀུན་རིག་དང་གོ་ཤཱཀ་སྟག་གསུམ་སོགས་བཞེད་པ་མ་བགྲོས་གཅིག་མཐུན་ཡིན་པར་གསལ་ལོ། ། དེ་ཡང་ཁོང་གིས་ཀྱང་རྗེ་ཐམས་ཅད་མཁྱེན་པའི་བཞེད་དགོངས་གང་ཉིད་རིགས་པའི་སྒོ་ནས་རང་ཉིད་ཀྱི་ཐུགས་སུ་སོང་བའི་དན་རྟགས་ཉིད་ལས་གྲགས་པའི་རྗེས་སུ་རྒྱུགས་པ་ཙམ་ནི་གཏན་ནས་མིན། དེ་བས་མཁས་པ་ཁོང་ཉིད་གཙོས་བོད་ཀྱི་མཁས་གྲུབ་ཆེ་ཆེ་བ་དུ་མས་རྗེ་བདག་ཉིད་ཆེན་པོ་ལ་ཚད་མར་དགོངས་ནས་མ་བགྲོས་གཅིག་མཐུན་གྱིས་དངོས་ཤུགས་བརྒྱུད་གསུམ་ནས་རྗེས་སུ་འབྲངས་ཡོད་པ་ནི། ཇི་སྐད་དུ། ལེགས་བཤད་མཁས་པའི་བློ་གྲོས་ཀྱིས། ། གོ་ཡི་བླུན་པོས་དེ་ལྟ་མིན། ། ཞེས་གསུངས་པ་ལྟར་རོ། །
དེ་ནས་བོ་དོང་ལམ་རིམ་འདིར། སྤྱིར་ཐེག་པ་གསུམ་གྱི་ལམ་གྱི་རིམ་པ་ཁྲིད་ཚུལ་རྣམས་འཕགས་པ་ཐོགས་མེད་ཀྱིས་བྱམས་པའི་ས་སྡེ་ལྔར་རྒྱས་པར་གསུངས་པ་ལ། ཞི་གནས་སྒོམ་པའི་ཚེ་ཚོགས་དང་ལྷག་མཐོང་སྒོམ་པའི་ཚེ་སོ་སོར་རྟོག་པའི་ཤེས་རབ་ཀྱིས་དཔྱོད་པ་རྣམས་ཀྱི་དམིགས་རྣམ་མ་ཕྱེད་པར་རྣམ་རྟོག་ཐུག་མེད་དུ་འགྲོ་བ་དང་། ལ་ལ་མུན་པ་གཅེར་བལྟས་བྱེད་པའི་སེམས་གནས་ཙམ་ལ་མཆོག་ཏུ་འཛིན་པ་དང། རྣམ་རྟོག་ཐོལ་སྐྱེས་རྦད་གཅོད་བྱེད་པ་སོགས་ཐབས་དང་མི་ལྡན་པའི་བསམ་གཏན་པ་མང་པོ་སྣང་སྟེ། ཆོས་རྗེ་ས་པཎ་གྱིས། བླུན་པོ་ཕྱག་རྒྱ་ཆེ་སྒོམ་པ། ། ཕལ་ཆེར་དུད་འགྲོའི་རྒྱུ་རུ་སྣང་། ། ཞེས་གསུངས་པ་ཤིན་ཏུ་མད་དེ། ཐམས་ཅད་མཁྱེན་པའི་ལམ་ལས་རིང་དུ་འཁྱམས་སོ། ། ཞེས་གསུངས་པ་ནི་རྗེ་ཙོང་ཁ་པ་ཆེན་པོས་ཇི་ལྟར་བཞེད་པ་དེ་བཞིན་མཁས་པ་གང་དག་ཞལ་འཚོ་བཞུགས་སྐབས་དེ་དག་གི་སྔ་གཞུག་ཏུ་བོད་ཀྱི་སྒོམ་པ་པོ་དག་དང་གཞུང་ལུགས་རྩོམ་པ་པོ་དག་གི་གནས་བབ་དམིགས་ནས། གནད་ལ་གོལ་བའི་འཁྲུལ་སེལ་དང་སྙན་སྒྲོན་དྲན་བསྐུལ་དུ་གསུངས་པར་གསལ། འོན་ཀྱང་འཇམ་མགོན་ས་པཎ་གྱི་ལུང་སྤྱིར་རྗེ་ཙོང་ཁ་པའི་གསུང་རྩོམ་དུ་དྲངས་པ་ཤིན་ཏུ་ཉུང་ཞིང་ཁྱད་པར་དུ་ལམ་རིམ་ཆེན་མོར་དྲངས་པ་མེད་པ་ནི་ཐུན་མིན་གྱི་ཁྱད་ཆོས་ཤིག་ཏུ་མཐོང་ངོ་། ། ཁོང་གིས་རྗེ་ཙོང་ཁ་པར་ཕུལ་བའི་ཞུ་འཕྲིན་ལས། མཁས་པ་ངང་པའི་རྒྱལ་པོ་བློ་བཟང་མཆོག ། གྲགས་པ་མགྲིན་པའི་རྫ་རྔ་སྒྲོག་པ་ཅན། ། ལེགས་བཤད་སྨྲ་བའི་དབང་པོའི་ཞབས་དྲུང་དུ། །འཇིགས་མེད་བུང་བ་གཞོན་ནུས་འདི་སྐད་ཞུ། ། ཞེས་པ་ལྟར་རྗེ་ཙོང་ཁ་པ་ལས་བོ་དོང་པཎ་ཆེན་རང་ཉིད་དགུང་ལོ་བཅོ་བརྒྱད་ཀྱིས་གཞོན་ནའང་དེ་དུས་ནས་མཁས་གྲགས་ཀྱི་སྙན་པ་ས་སྟེང་ཀུན་ཏུ་ཁྱབ་པར་གྱུར་ཡོད་འདུག དེ་ལྟ་ན་ཡང་ཐུགས་དགོངས་གཏིང་ནས་གུས་ཤིང་ཉམ་ཆུང་གི་རྣམ་པའི་ངང་ཚུལ་གྱིས་ཡུལ་དམ་པར་གཟིགས་གཟོས་མཐོན་པོ་བླ་ན་མེད་པར་གནང་སྟེ། ཁྱོད་ཀྱི་རྣམ་ཐར་ཆེན་པོའི་ཆེན་པོ་རྣམས། ། རིང་ན་གནས་ཀྱང་མངོན་སུམ་བཞིན་དུ་ཐོས། ། ཕར་ཕྱིན་སྔགས་ཀྱི་ལམ་རིམ་གཉིས་ཀྱང་མཐོང་། ། དེས་ཀྱང་བདག་ཡིད་སྤྲོ་དང་དགའ་བར་གྱུར། ། ཅེས་ཕར་ཕྱིན་སྔགས་ཀྱི་ལམ་རིམ་ཞེས་པ་སྟེ། ཕར་ཕྱིན་གྱི་ལམ་རིམ་ནི་བྱང་ཆུབ་ལམ་རིམ་ཆེ་བ་དང་གསང་ཆེན་ལམ་གྱི་རིམ་པ་སྟེ་སྔགས་རིམ་ཆེན་མོ་གཉིས་གཟིགས་ཚུལ་གསལ་བར་གསུངས་པ་འདིས་ཁོང་གི་ལམ་རིམ་གྱི་བརྩམས་ཆོས་དེ་ཡང་རྗེའི་ལམ་རིམ་ཆེན་མོར་མཇལ་བ་སྔོན་དུ་སོང་བ་ལ་བརྟེན་ནས་བརྩམས་པ་ཤིན་ཏུ་གསལ་བར་འགྲུབ་པའི་ཕྱིར་རོ། ། ཡང་གཞུང་འདིའི་སྦྱར་བྱང་དུ། ཟབ་མོ་ལམ་གྱི་རིམ་པ། ཤིང་རྟ་ཆེན་པོའི་སྲོལ་འབྱེད། སྐྱེས་བུ་གསུམ་གྱི་བྱིས་པ་རྗེས་སུ་འཛིན་པར་བྱེད་པ་འདི་ནི། བླ་མ་གོང་མ་རྣམས་ཀྱི་གསུང་འགྲོས་ལ་བརྟེན་ནས་ཡི་གེར་བཀོད་པའོ། ། ཞེས་རྩོམ་པ་པོ་རང་ཉིད་ཀྱིས་བླ་མ་གོང་མ་རྣམས་ཀྱི་གསུང་འགྲོས་བཞིན་བརྩམས་པར་གསུངས་པ་འདིས་རྗེ་བདག་ཉིད་ཆེན་པོའི་བྱང་ཆུབ་ལམ་རིམ་ལ་གཞི་བྱས་པར་གོ་ཐུབ་པར་སེམས། ལར་འདི་ལྟ་བུས་ཀྱང་ད་ལྟའི་འཇིག་རྟེན་ཆོས་བརྒྱད་རྙེད་བཀུར་སྙན་གྲགས་ཀྱིས་ཡིད་མྱོས་པའི་མཁས་པར་རློམ་པ་ལྟ་བུ་རྣམས་ལྟར་མ་ཡིན་པར་རང་བཞིན་གཤིས་ཀྱིས་ཐུགས་རྒྱུད་གཞུངས་ཤིང་མཁྱེན་སྤྱན་རིས་སུ་མ་མཆིས་པའི་རྣམ་ཐར་གང་ཉིད་ཀྱིས་དཔྱོད་ལྡན་སུ་ཞིག་གི་ཡིད་འཕྲོག་པར་མི་འགྱུར་རམ། དེ་བས་རྣམ་པ་གཞན་དུ་ན་ཕྱི་རབས་པ་དག་གིས་གཞུང་དེ་དག་གི་སྔ་ཕྱིའི་བརྩམས་རིམ་ལ་ངེས་ཤེས་གསལ་པོ་མ་བྱུང་ན། ས་སྟེང་གི་སྒྲོན་མེ། བསྟན་པའི་གནམ་ཐིག་གཅིག་པུ་བྱང་ཆུབ་ལམ་རིམ་ཆེ་བའི་ཐུན་མིན་གྱི་ཁྱད་ཆོས་སྐྱེས་བུ་གཅིག་འཚང་རྒྱ་བའི་ལམ་གྱི་རིམ་པ་ཆ་ཚང་བར་གཞུང་གཅིག་ཏུ་དྲིལ་ཏེ་བསྟན་པ་ལ་ཡིད་ཆེས་དང་ངེས་འདྲོངས་ལྟ་ཅི། དེ་དག་ལས་ལྡོག་སྟེ་བསྐྱར་བལྡབ་དང་ལད་འབྲི་སོགས་ལོག་རྟོག་ཐེ་ཚོམ་གྱི་སྒྲོ་སྐུར་སྐྱེ་བ་སྲིད་ཉེན་ཆེ་བར་འགྱུར་བས། ཤེས་བྱའི་ཡུལ་དུ་མིག་ཞགས་རིང་དུ་བརྐྱངས་ཏེ་ཞིབ་མོའི་བློས་ཚུལ་འདི་ལ་དཔྱད་ཅིང་གཟབ་པར་བྱ་རིགས་པ་ཁོ་ནའོ། །
② ཨ་ཀྱཱ་ཡོངས་འཛིན་བློ་བཟང་དོན་གྲུབ། བྱང་ཆུབ་ལམ་གྱི་རིམ་པ་ལས་བྱུང་བའི་བརྡ་བཀྲོལ་ཉེར་མཁོ་བསྡུས་པ་བཞུགས་སོ། ། [M] སྐུ་འབུམ་དགོན་པའི་ཤིང་པར། ཤོག་གྲངས2ན་གསལ།
③ ④ ⑤སེར་གཙུག་ནང་བསྟན་དཔེ་རྙིང་འཚོལ་བསྡུ་ཕྱོགས་བསྒྲིགས་ཁང་ནས་བསྒྲིགས། གངས་ཅན་ཁྱད་ནོར་དཔེ་ཚོགས་པོད་ཕྲེང235པ། སྐྱེས་བུ་གསུམ་གྱི་ལམ་གྱི་རིམ་པ་ཁྲིད་དུ་སྦྱར་པ་བྱང་ཆུབ་ལམ་གྱི་སྒྲོན་མ། [M]བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ཤོག་ངོས2དང172དང190ན་གསལ།
⑥⑦སེར་གཙུག་ནང་བསྟན་དཔེ་རྙིང་འཚོལ་བསྡུ་ཕྱོགས་བསྒྲིགས་ཁང་ནས་བསྒྲིགས། གངས་ཅན་ཁྱད་ནོར་དཔེ་ཚོགས་པོད་ཕྲེང235པ། སྐྱེས་བུ་གསུམ་གྱི་ལམ་གྱི་རིམ་པ་ཁྲིད་དུ་སྦྱར་པ་བྱང་ཆུབ་ལམ་གྱི་སྒྲོན་མ། [M] བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ཤོག་ངོས246དང295ན་གསལ།
⑧ རྗེ་ཙོང་ཁ་པ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་འགྲེལ་པ་དང་བཅས་པའི་རྒྱ་ཆེར་བཤད་པ་ལེགས་བཤད་གསེར་གྱི་ཕྲེང་བ་ཞེས་བྱ་བ་བཞུགས། [M]མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 1986:10
⑨ སེར་གཙུག་ནང་བསྟན་དཔེ་རྙིང་འཚོལ་བསྡུ་ཕྱོགས་བསྒྲིགས་ཁང་ནས་བསྒྲིགས། གངས་ཅན་ཁྱད་ནོར་དཔེ་ཚོགས་པོད་ཕྲེང235པ། སྐྱེས་བུ་གསུམ་གྱི་ལམ་གྱི་རིམ་པ་ཁྲིད་དུ་སྦྱར་པ་བྱང་ཆུབ་ལམ་གྱི་སྒྲོན་མ། [M]བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ཤོག་ངོས319ན་གསལ།
⑩ རྗེ་ཙོང་ཁ་པ། མཉམ་མེད་ཙོང་ཁ་པ་ཆེན་པོས་མཛད་པའི་བྱང་ཆུབ་ལམ་རིམ་ཆེ་བ་བཞུགས། [M]མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 1985:472
འཇུ་མི་ཕམ། ངེས་ཤེས་རིན་པོ་ཆེའི་སྒྲོན་མེ་རྩ་འགྲེལ་བཞུགས་སོ། ། [M] སི་ཁྲོན་དཔེ་སྐྲུན་ཚོགས་པ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། 2006:14
བོ་དོང་ཕྱོགས་ལས་རྣམ་རྒྱལ། སྐྱེས་བུ་གསུམ་གྱི་ལམ་རིམ་རྒྱས་པ་ཁྲིད་དུ་སྦྱར་པ་རྗེ་བཙུན་གསང་བའི་བྱིན་གྱིས་མཛད་པ་ཞེས་བྱ་བ་བཞུགས། བོད་ཀྱི་ནང་བསྟན་དཔེ་ཚོགས་ལྟེ་གནས། ཤོག་ངོས577དང594ན་གསལ། སེར་གཙུག་ནང་བསྟན་དཔེ་རྙིང་འཚོལ་བསྡུ་ཕྱོགས་བསྒྲིགས་ཁང་ནས་བསྒྲིགས། གངས་ཅན་ཁྱད་ནོར་དཔེ་ཚོགས་པོད་ཕྲེང་། 235པ། སྐྱེས་བུ་གསུམ་གྱི་ལམ་གྱི་རིམ་པ་ཁྲིད་དུ་སྦྱར་པ་བྱང་ཆུབ་ལམ་གྱི་སྒྲོན་མ། [M] བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ཞེས་པ་ལྟར་སྣང་།
སེར་གཙུག་ནང་བསྟན་དཔེ་རྙིང་འཚོལ་བསྡུ་ཕྱོགས་བསྒྲིགས་ཁང་ནས་བསྒྲིགས། གངས་ཅན་ཁྱད་ནོར་དཔེ་ཚོགས་པོད་ཕྲེང235པ། སྐྱེས་བུ་གསུམ་གྱི་ལམ་གྱི་རིམ་པ་ཁྲིད་དུ་སྦྱར་པ་བྱང་ཆུབ་ལམ་གྱི་སྒྲོན་མ། [M]བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ཤོག་ངོས440ནས441ན་སྣང་།
འབྲུག་རྒྱལ་དབང་ཆོས་རྗེ། ཁྱབ་བདག་རྗེ་བཙུན་བླ་མ་དམ་པ་ཐུབ་དབང་རྡོ་རྗེ་འཆང་དང་ངོ་བོ་དབྱེར་མ་མཆིས་པ་འཇམ་མགོན་ཆོས་ཀྱི་རྒྱལ་པོ་ཙོང་ཁ་པ་ཆེན་པོའི་རྣམ་པར་ཐར་པ་ཐུབ་བསྟན་མཛེས་པའི་རྒྱན་གཅིག་ངོ་མཚར་ནོར་བུའི་ཕྲེང་བ་ཞེས་བྱ་བ་བཞུགས་སོ། ། [M] མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 1981:630
འབྲུག་རྒྱལ་དབང་ཆོས་རྗེ། ཁྱབ་བདག་རྗེ་བཙུན་བླ་མ་དམ་པ་ཐུབ་དབང་རྡོ་རྗེ་འཆང་དང་ངོ་བོ་དབྱེར་མ་མཆིས་པ་འཇམ་མགོན་ཆོས་ཀྱི་རྒྱལ་པོ་ཙོང་ཁ་པ་ཆེན་པོའི་རྣམ་པར་ཐར་པ་ཐུབ་བསྟན་མཛེས་པའི་རྒྱན་གཅིག་ངོ་མཚར་ནོར་བུའི་ཕྲེང་བ་ཞེས་བྱ་བ་བཞུགས་སོ། ། [M] མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 1981:630