ཆོས་རྒྱལ་ནམ་མཁའི་ནོར་བུ་རིན་པོ་ཆེ་ལགས་ནི་སྐུ་ན་ཆུང་དུས་ནས་ས་སྐྱའི་འཇམ་དབྱངས་བློ་གཏེར་དབང་པོ་དང་། བཀའ་བརྒྱུད་པའི་འབྲུག་ངག་དབང་རྣམ་རྒྱལ། རྙིང་མའི་ཨ་འཛོམ་འབྲུག་པ་སོགས་སྐྱེས་ཆེན་དམ་པ་དུ་མའི་སྐུ་སྐྱེ་ཡིན་པར་གྲགས་ཤིང་། དབོན་སྟོད་མཁྱེན་རབ་དང་། མི་ཉག་གངས་དཀར་རིན་པོ་ཆེ་སོགས་མཁས་གྲུབ་ཀྱི་སྐྱེས་བུ་དུ་མར་བསྟེན་ནས་གྲུབ་མཐའ་རིས་མེད་ཀྱི་མདོ་སྔགས་རིག་གནས་དང་བཅས་པའི་གཞུང་རྒྱ་ཆེན་པོ་ལ་ཐོས་བསམ་ལྷུར་ལེན་ཅིང་། དེ་བཞིན་དབང་ལུང་ཁྲིད་གསུམ་སོགས་སྨིན་གྲོལ་གྱི་བདུད་རྩིས་ཐུགས་རྒྱུད་ཡོངས་སུ་གཏམས། བྱེ་བྲག་ཏུ་རྫོགས་ཆེན་གྱི་རྣལ་འབྱོར་པ་ཉག་བླ་བྱང་ཆུབ་རྡོ་རྗེ་ལས་རྫོགས་ཆེན་ཟབ་དགུའི་གདམས་པ་མཐའ་དག་བུམ་པ་གང་བྱོའི་ཚུལ་དུ་བསྟབས་ཏེ། རིག་པ་ཡེ་ཤེས་ཀྱི་རང་ཞལ་མཇལ། རིག་གསང་ཆོས་ཉིད་ཀྱི་དོན་རྟོགས། རིག་རྩལ་རྟེན་འབྲེལ་གྱི་སྒོ་ཕྱེས་ཏེ། ཤེས་རིག་མཐའ་དག་ལ་མཁྱེན་པ་ཕྱོགས་མེད་དུ་རྒྱས།
སྐད་ཡིག་ཙམ་ལ་ཆ་མཚོན་ནའང་ཁོང་ནི་ཨི་ཐ་ལི་དང་། དབྱིན་ཇི། རྒྱ་གར། སོག་པོ། འབར་མ་སོགས་ཆགས་ཐོགས་མེད་པར་མཁྱེན་པ་དང་། བན་བོན་གྱི་གཞུང་ཁག་ཅིག་དབྱིན་ཨི་ཡི་གེར་བསྒྱུར་ཏེ་དཔེ་སྐྲུན་བྱས། ཕྱི་རྒྱལ་དུ་བཞུགས་པའི་སྐབས་སུ་བོད་ཀྱི་རིག་གཞུང་མཐའ་དག་ལ་ཞིབ་འཇུག་དང་ཁྱབ་སྤེལ་གྱི་མཛད་པ་བསྐྱངས་ཤིང་། ཡོ་རོབ་དང་། ཨ་རི་སོགས་སུ་ཞང་ཞུང་ཞིབ་འཇུག་ཁང་དང་། རྫོགས་ཆེན་འདུས་སྡེ་སོགས་མང་ལ་གྲྭ་དག་པ་བཙུགས་པ་དང་། གདུལ་བྱ་རང་རང་གི་སྐལ་བ་དང་འཚམ་པར། མ་ཀི་ཉན་ཐོས་ཐེག་པ་ནས། ཡ་ཀི་རྫོགས་པ་ཆེན་པོའི་བར་གྱི་ཆོས་འཆད་ཁྲིད་ཀྱིས་འཁོར་སློབ་སྐར་ཚོགས་ལྟར་གྲངས་མང་བསྐྱངས། གཟི་ཡི་ཕྲེང་བ་དང་། ནོར་བུའི་དོ་ཤལ། བྱང་འབྲོག་ལམ་ཡིག་སོགས་བོད་ཀྱི་ལོ་རྒྱུས་དང་། རྩ་བའི་གོམས་གཤིས། རིག་གནས་སོགས་ངོ་སྤྲོད་བྱེད་པའི་དཔེ་དེབ་ཁག་དང་། ཡནྟྲ་ཡོ་ག་སོགས་ཐུན་མིན་གྱི་ཉམས་ལེན་དང་འབྲེལ་ཁྲིད་ཡིག་བཅས་བོད་ཡིག་གི་ལྗགས་རྩོམ་སྣ་ཚོགས་མཛད། དེ་བཞིན་དབྱིན་ཡིག་དང་། ཨི་ཐ་ལིའི་སྐད་ཡིག་ཐོག་བརྩམས་གནང་བའང་ཤིན་ཏུ་མང་།
ཁོང་གི་བརྩམས་ཆོས་ལ་《བོད་ཀྱི་ལོ་རྒྱུས་ལས་འཕྲོས་པའི་གཏམ་མུ་ཏིག་ཕྲེང་བ།》《བོད་རིགས་གཞོན་ནུ་རྣམས་ལ་གྲོས་སུ་འདེབས་པ་གཟི་ཡི་ཕྲེང་བ།》《ཞང་བོད་གནའ་རབ་ཀྱི་ལོ་རྒྱུས་ནོར་བུའི་མེ་ལོང་།》《རྩ་རླུང་འཕྲུལ་འཁོར་ཉི་ཟླ་ཁ་སྦྱོར།》《བྱང་འབྲོག་ལམ་ཡིག》《རྫོགས་པ་ཆེན་པོ་དང་ཏིང་ངེ་འཛིན》སོགས་ཡོད་པ་རེད།
དམ་པ་ཁོང་གིས་བོད་ཀྱི་རིག་གནས་འདི་འཛམ་གླིང་ཡོངས་ཁྱབ་རང་བཞིན་ཅན་དུ་གོམ་པ་སྤོ་བའི་ཕྱོགས་ལ་དམིགས་བསལ་གྱི་ནུས་པ་ཐོན་ཡོད་པ་རེད། དཔེར་ན། ཁོང་གི་སློབ་མའི་ཁྱབ་ཁོངས་ལ་ཨ་མེ་རི་ཁ་དང་། ཧྥ་རན་སི་སོགས་རྒྱལ་ཁབ་40ལྷག་བརྒལ་ཡོད་པ་དང་། སློབ་མའི་གྲངས་ཚད་ཀྱང་འབུམ་ཕྲག་གཅིག་ལྷག་ཏུ་སོང་འདུག གཞན་ད་དུང་ཁོང་གི་བརྩམས་ཆོས་དག་འཇར་མན་དང་། ཨུ་རུ་སུ་སོགས་ཀྱི་མཚོན་འཛམ་གླིང་གི་ཡིག་རིགས་མི་འདྲ་བ་བཅུ་ལྷག་ལ་བསྒྱུར་འདུག ད་དུང་ཨ་ཤེ་ཡའི་རྒྱལ་སྤྱིའི་མཐུན་སྒྲིལ་ཚོགས་པ་གསར་དུ་བཙུགས་པ་སོགས་བོད་རིག་པར་ཕྱག་ལས་མང་དུ་གནང་ཡོད། །