སི་ཁྲོན་གྱིས་གྲོང་གསེབ་དགེ་རྒན་གྱི་འཚོ་བའི་ཐོབ་ཆ་མཐོ་རུ་གཏོང་རྒྱུ་ཡིན་པ།
རྩོམ་སྒྲིག་པ།ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 10-19
མི་དམངས་ཉིན་རེའི་ཚགས་པར་ཁང་དུ་ཁྲེང་ཏུའུ་ནས་ཟླ་10ཚེས་15ཉིན་གློག་འཕྲིན་འབྱོར་གསལ། ཚེས་15ཉིན་གསར་འགོད་པར་སི་ཁྲོན་ཞིང་ཆེན་སློབ་གསོ་ཐིང་ནས་ཤེས་རྟོགས་བྱུང་བར། ཞིང་ཆེན་སློབ་གསོ་ཐིང་དང་ནོར་སྲིད་ཐིང་གིས་མཉམ་དུ་《དུས་རབས་གསར་པའི་དགེ་རྒན་དཔུང་ཁག་འཛུགས་སྐྱོང་དང་སྒྱུར་བཅོས་ཕྱོགས་ཡོངས་ནས་གཏིང་ཟབ་ཏུ་གཏོང་རྒྱུའི་སྐོར་གྱི་ལག་བསྟར་བསམ་འཆར་》བཏོན་ཞིང་། བསམ་འཆར་ནང་གྲོང་གསེབ་དགེ་རྒན་གྱི་འཚོ་བའི་ཐོབ་ཆ་མཐོ་རུ་བཏང་སྟེ“ཡུག་ཁུལ་ཆེ་གྲས་བཞི”(ས་མཐོའི་བོད་རིགས་ས་ཁུལ་དང་། ལེང་ཧྲན་རི་བོ་ཆེ་ཆུང་གི་དབྱིས་རིགས་ས་ཁུལ། ཆིན་པ་རི་ཁུལ། ཝུའུ་མོང་རི་ཁུལ)ཡི་གྲོང་གསེབ་དགེ་རྒན་གྱི་འཚོ་བའི་ཁ་གསབ་སྲིད་ཇུས་དོན་འཁྱོལ་ཡག་པོ་བྱེད་པ་དང་། ས་གནས་ཁག་གིས་སློབ་གྲྭའི་དཀའ་ཚེགས་ཆེ་ཆུང་དང་ཐག་རིང་ཐུང་ལ་གཞིགས་ཏེ་ཚད་གཞི་མི་འདྲ་བའི་ཁ་གསབ་སྤྲད་དེ་མི་རེར་ཟླ་རེར་ཁ་གསབ་ཚད་གཞི་སྒོར་400ལས་མི་དམའ་བ་འགན་ལེན་བྱེད་དགོས་ཚུལ་ཁ་གསལ་བཏོན་ཡོད།
བསམ་འཆར་ནང་དགེ་རྒན་གྱི་ཀུན་སྤྱོད་དང་སྤྱོད་ཚུལ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་། སློབ་གྲྭ་འབྲིང་ཆུང་དགེ་རྒན་གྱི་འཇུག་འཐུས་དང་གདན་ཞུའི་ལམ་ལུགས་ལེགས་སུ་གཏོང་བ། སློབ་གྲྭ་འབྲིང་ཆུང་དགེ་རྒན་གྱི་གོ་མིང་དང་ཞིབ་དཔྱད་གདེང་འཇོག་ལམ་ལུགས་ཀྱི་སྒྱུར་བཅོས་ཟབ་ཏུ་གཏོང་བ་སོགས་ཚུད་པའི་འཛུགས་སྐྱོང་དང་སྒྱུར་བཅོས་ཀྱི་ལས་འགན་ཁག་20ཁ་གསལ་བཟོས་ཡོད།
དགེ་རྒན་གྱི་གནས་བབ་དང་ཐོབ་ཆ་མཐོ་རུ་གཏོང་རྒྱུའི་ཐད་དགེ་རྒན་གྱི་ཡོང་འབབ་བགོ་འགྲེམས་ཀྱི་སྐུལ་ལྕག་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་སྟེ། དགེ་རྒན་གྱི་ལས་འབོར་དང་ལས་རྗེས་ནུས་ལྡན་ངང་མངོན་པར་བྱས་ནས། ལས་མང་ཐོབ་མང་དང་འབྲས་བཟང་ཐོབ་བཟང་ཡོང་བར་བྱེད་དགོས། ལས་རྗེས་གླ་ཆའི་བགོ་འགྲེམས་འཛིན་བདག་དང་དམིགས་བསལ་སློབ་གསོའི་དགེ་རྒན་ལ་གཟིགས་སྐྱོང་བྱས་ནས་ས་གནས་དེ་གའི་སློབ་གྲྭ་འབྲིང་ཆུང་དགེ་རྒན་གྱི་ཆ་སྙོམས་ལས་རྗེས་གླ་ཆའི་ཆུ་ཚད་ཀྱི་15%ལས་མི་དམའ་བའི་སྒོ་ནས་དམིགས་བསལ་སློབ་གསོའི་དགེ་རྒན་གྱི་ལས་རྗེས་གླ་ཆའི་ཆུ་ཚད་མཐོ་རུ་གཏོང་དགོས། དམིགས་བསལ་རིམ་པའི་དགེ་རྒན་གྱི་ཐོབ་ཆ་མཐོ་རུ་བཏང་སྟེ་མི་རེར་ཟླ་རེར་སྒོར་500ཡི་ཚད་གཞིར་གཞིགས་ནས་ཁ་གསབ་སྤྲོད་དགོས་པ་མ་ཟད། ལས་རྗེས་གླ་ཆ་ཞིབ་བཤེར་གཏན་འབེབས་བྱེད་སྐབས་ལོགས་སུ་དབྱེ་དགོས་པ་བཅས་བཏོན་ཡོད།
བསམ་འཆར་ནང་གྲོང་གསེབ་དགེ་རྒན་གྱི་འཚོ་བའི་ཐོབ་ཆ་མཐོ་རུ་གཏོང་ཆེད་ས་གནས་ཁག་གིས་དགེ་རྒན་གྱི་ལས་ཤག་དང་ཁང་པ་བསྐྲུན་པའམ་ཡང་ན་ཁང་གླའི་ཁ་གསབ་དངུལ་སྤྲོད་པ་སོགས་ཀྱི་བྱ་ཐབས་བརྒྱུད་གྲོང་གསེབ་དགེ་རྒན་གཞོན་ནུ་ལ་སྡོད་སའི་ཁང་པ་ཡོད་པའི་སྐུལ་མ་བཏང་བ་རེད། གྲོང་གསེབ་ཀྱི་ཕུལ་བྱུང་དགེ་རྒན་གཞོན་ནུ་གསོ་སྐྱོང་དང་བྱ་དགའ་སྤྲོད་པའི་འཆར་གཞི་ལག་བསྟར་བྱས་ནས། ཟབ་སྦྱོང་གསོ་སྦྱོང་དང་། གོ་མིང་ཞིབ་དཔྱད་གདན་ཞུ། གཟེངས་བསྟོད་དང་བྱ་དགའ་སྤྲོད་པ་སོགས་ཀྱི་ཐད་གྲོང་གསེབ་ཀྱི་དགེ་རྒན་གཞོན་ནུར་གཟིགས་སྐྱོང་བྱེད་དགོས་པ་བཏོན་ཡོད།
ངོ་སྤྲོད་བྱས་པར་གཞིགས་ན། “ཡུག་ཁུལ་ཆེ་གྲས་བཞིའི”རྫོང་གིས་ཟླ་རེར་སྒོར་400ལས་མི་དམའ་བའི་ཚད་གཞི་གཞིར་བཟུང་གྲོང་གསེབ་ཀྱི་དགེ་རྒན་ལ་འཚོ་བའི་ཁ་གསབ་སྤྲོད་ཀྱི་ཡོད་པས་ལོ་རེར་དགེ་རྒན་ཁྲི་18ལ་ཕན་པ་ཐོབ་ཡོད།