༄༅།། 《བོད་ཀྱི་ལོ་རྒྱུས་གླེང་བའི་གཏམ་》བསྐྱར་དུ་བཀླགས་པའི་མྱོང་ཚོར་རེ་གཉིས།

འཇམ་དར། རྩོམ་སྒྲིག་པ།ཡོང་ཁུངས།ཀྲུང་གོའི་བོད་ལྗོངས་དྲ་བ། སྤེལ་དུས། 10-24


འཇམ་དར།
           ལོ་རྒྱུས་སྨྲ་བ་རྒྱལ་མོ་འབྲུག་པས་མཛད་པའི་《བོད་ཀྱི་ལོ་རྒྱུས་གླེང་བའི་གཏམ་》ཐོག་མར་བཀླགས་དུས་ནི་ང་རང་འབྲིང་རིམ་སློབ་གྲྭ་ནས་ཐོན་ཏེ་ལས་ཀར་ཞུགས་མ་ཐག་པའི་དུས་ཏེ། དུས་རབས་སྔོན་མའི་ལོ་རབས་བརྒྱད་ཅུའི་དུས་མཇུག་ཙམ་དུ་ཡིན། སྐབས་དེར་《མཚོ་སྔོན་སློབ་གསོ་》(དེང་《བོད་ཀྱི་སློབ་གསོ》ཞེས་མིང་བསྒྱུར་འདུག)ཞེས་པའི་དུས་དེབ་ཏུ་དེབ་ཐེར་དེ་དུམ་མཚམས་དུ་མར་ཕྱེ་སྟེ་མུ་འགོད་བྱས་མྱོང་། དུས་དེབ་དེ་བརྒྱུད་ནས་ཁོ་བོས་དེབ་ཐེར་དེ་ཐོག་མར་མཇལ་བ་ཡིན་ཞིང་། འགོད་ཐེངས་སྔ་མ་བཀླགས་རྗེས་དུས་དེབ་ཕྱི་མ་ནམ་འདོན་ལ་རེ་ལྟོས་བྱས་མྱོང་བ་ད་ལྟའང་བརྗེད་དུ་མེད། 
           ཕྱིས་སུ་ཁོ་བོས་ཕ་ཡུལ་གྱི་སློབ་འབྲིང་དུ་བོད་ཡིག་དགེ་རྒན་བྱེད་དུས། དབྱར་གནང་ངམ་དགུན་གནང་གང་ཡིན་མི་དྲན་ཡང་། ཐེངས་ཤིག་མཐོ་འབྲིང་གི་སློབ་མ་ཚོར་1995ལོར་མི་རིགས་དཔེ་སྐྲུན་ཁང་ནས་པར་དུ་བཏོན་པ་དེ་ཀློག་རྒྱུ་གདམས་ཤིང་། ཁོང་ཚོར་དཔེ་ཀློག་ཟིན་བྲིས་འབྲི་དགོས་པའི་བླང་བྱའང་བཏོན་མྱོང་། དེ་བཞིན་སྤྱི་ལོ་2010ཙམ་ནས་ཁོ་བོས་ཀྲུང་དབྱང་མི་རིགས་སློབ་ཆེན་གྱི་དངོས་གཞི་སློབ་མར་“རྒྱ་བོད་གཉིས་ཀྱི་ལོ་རྒྱུས་ཡིག་ཚང་ལས་བྱུང་བའི་བོད་འབྲེལ་ལོ་རྒྱུས་”ཞེས་པའི་ཁ་བྱང་ཐོག་ནས་སྔ་ཕྱིར་སློབ་སྐབས་གསུམ་ལ་སློབ་ཁྲིད་བྱས་ཤིང་། དེ་དུས་ཀྱང་《བོད་ཀྱི་ལོ་རྒྱུས་གླེང་བའི་གཏམ་》ཟུར་ལྟའི་དེབ་ཐོའི་གྲས་སུ་བཞག་སྟེ་ཁོང་ཅག་ལ་འོས་སྦྱོར་ཞུས་པ་ཡིན། ལྷག་པར་2014ལོར་དེབ་འདི་ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་ནས་བསྐྱར་པར་འདེབས་དུས་སུ་ང་རང་རྩོམ་སྒྲིག་འགན་ཁུར་པ་ཡིན་གཤིས། ཡང་བསྐྱར་མགོ་ནས་མཇུག་བར་ཞིབ་ཏུ་བཀླགས་པ་ཡིན་ལ། དཔེ་ཀློག་གི་གོ་རིམ་ཁྲོད་ནས་བློ་སྐྱེད་དང་ཚོར་སྣང་འདྲ་མིན་མང་པོ་བྱུང་མྱོང་།
           སྤྱིར་ན་དུས་རབས་རིམ་བྱུང་གི་ལོ་རྒྱུས་(通史)འབྲི་རྒྱུ་ནི་ལས་སླ་མོ་ཞིག་གཏན་ནས་མ་ཡིན་ཏེ། ལོ་རྒྱུས་ཀྱི་དུས་རིམ་མི་འདྲ་བའི་ནང་བྱུང་བའི་དོན་དག་གལ་ཆེན་མཐའ་དག་གོ་རིམ་མ་འཁྲུགས་མ་འཛོལ་བར་འབྲི་དགོས་པ་དང་། ཆབ་སྲིད། ཕྱི་འབྲེལ། དམག་དོན། རིག་གནས་སྒྱུ་རྩལ། དཔལ་འབྱོར་སོགས་ཕྱོགས་སྣ་སྒོར་མོ་ནས་འབྲི་དགོས་པར་མ་ཟད། དུས་རིམ་སྔ་མ་སྔ་མ་དང་ཕྱི་མ་ཕྱི་མའི་བར་གྱི་སྤྱི་ཚོགས་ཀྱི་བྱ་གཞག་སོ་སོའི་རྒྱུན་དང་། འཕེལ་སྟངས་དང་། འགྱུར་ལྡོག་དང་། དེའི་ཕྱི་ནང་གི་རྒྱུ་རྐྱེན་སོགས་བྲིས་པ་བརྒྱུད་ནས་སྤྱི་ཚོགས་འཕེལ་རྒྱས་ཀྱི་གོ་རིམ་དང་ཁུངས་སྣེ་གསལ་པོར་བརྗོད་ཐུབ་དགོས་ཤིང་། ཀློག་མཁན་ལ་སྤྱི་ཁོག་ནས་གོ་བ་གསལ་པོ་སྤྲད་དེ་བློ་སྒོ་འབྱེད་ཐུབ་པ་ཞིག་དང་། མ་འོངས་པའི་སྤྱི་ཚོགས་ཀྱི་འཕེལ་ཕྱོགས་ལ་འཁྲིད་སྟོན་ཐུབ་པ་ཞིག་ལ་དམིགས་པ་གཏོད་པར་བྱེད་པས་ན། རྩོམ་མཁན་གྱི་རྣམ་དཔྱོད་དང་ཤེས་ཡོན། གཞུང་ལུགས་ཀྱི་བྱང་ཚད་སོགས་ལ་བླང་བྱ་ཧ་ཅང་ཚད་མཐོན་པོ་ཡོད། དེ་བས་དུས་རབས་རིམ་བྱུང་གི་ལོ་རྒྱུས་འབྲི་བ་ནི་དུས་མཚམས་གཅིག་གི་ལོ་རྒྱུས་འབྲི་བ་དང་། ས་གནས་ཀྱི་ལོ་རྒྱུས་འབྲི་བ་དང་ཁྱད་པར་ཆེན་པོ་ཡོད་ཅིང་། བླང་བྱ་དང་ཚད་མཐོ་དམན་ཡང་འདྲ་བ་མ་ཡིན་ནོ། །
           ཀྲུང་གོའི་དུས་རབས་རིམ་བྱུང་གི་ལོ་རྒྱུས་ལྟ་བུར་མཚོན་ན། སྤྱིར་བཏང་གཞུང་གི་རྒྱབ་སྐྱོར་འོག་ཏུ་ལོ་རྒྱུས་ལས་རིགས་ཀྱི་མཁས་པ་ཆེན་མོ་ཞིག་གིས་གཙོ་སྒྲིག་པའི་འགན་འཁུར་བ་དང་། རྒྱལ་རབས་བྱེ་བྲག་པའི་ལོ་རྒྱུས་ལ་ནང་བྱན་ཆུད་ཅིང་། གྲུབ་འབྲས་གཟེངས་སུ་ཐོན་པའི་ཆེད་མཁས་པ་ཚོས་རང་གི་ཆེད་ལས་ཞིབ་འཇུག་གི་ནང་དོན་དུ་གྱུར་པའི་དུས་མཚམས་གཅིག་གམ་དུ་མ་འབྲི་བར་འགན་འཁུར་བ་སྟེ། ལོ་རྒྱུས་མཁས་པ་མང་པོ་དཔུང་བསྡེབས་ནས་འབྲི་བ་ཞིག་ཡིན། བོད་ལ་མཚོན་ན་མཐུན་རྐྱེན་འཛོམ་མིན་གྱི་དབང་གིས་དེ་འདྲ་ཞིག་གནས་སྐབས་སུ་འགྲུབ་ཐབས་མེད་ཀྱང་། ཉེ་བའི་ལོ་ངོ་བཅུ་ཕྲག་དུ་མའི་ནང་དུ་བོད་ཀྱི་དུས་རབས་རིམ་བྱུང་གི་ལོ་རྒྱུས་ལྟོས་བཅས་སུ་ལེགས་ཙམ་དུ་བགྲང་རུང་བ་རེ་འགའ་བྱུང་ཡོད། དེ་དག་ལས་《བོད་ཀྱི་ལོ་རྒྱུས་གླེང་བའི་གཏམ་》ནི་གླེགས་བམ་ཧ་ཅང་ཆེན་པོ་དང་། ཡིག་ཚོགས་ཧ་ཅང་རྒྱས་པ།  རྒྱུ་ཆ་ཧ་ཅང་གྲ་རྒྱས་པ་སྤྱད་པའི་དེབ་ཐེར་གྱི་རིགས་སུ་མི་གཏོགས་ཀྱང་། རང་གི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་དུ་མས་ཕྱུག་པས་ཀློག་མཁན་གྱི་དགའ་བསུ་ཐོབ་ཅིང་། བོད་ཀྱི་ལོ་རྒྱུས་རིག་པའི་ལས་རིགས་སུ་ཤུགས་རྐྱེན་ཆེ་བའི་དེབ་ཐེར་ཞིག་ཏུ་གྱུར་ཡོད། 
           རང་གཞན་གཉིས་ཀྱི་དུས་རབས་རིམ་བྱུང་གི་ལོ་རྒྱུས་ཁྲོད་ན། བལྟས་ཚོད་དུ་གླེགས་བམ་གཏོས་ཆེན་པོ་བྲིས་ཡོད་ཀྱང་བརྗོད་བྱར་གཙོ་ཕལ་འབྱེད་མ་མཁས་པར་ཟིན་ཚད་བྲིས་པ་དང་། རྒྱུ་ཆ་གང་སོན་སྡེབ་གཅིག་ཏུ་སྤུངས་པ། ལོ་རྒྱུས་ཀྱི་གཞུང་རྐང་གསལ་པོ་མེད་ཅིང་བརྗོད་དོན་འཁྲུགས་པ་ལ་སོགས་པའི་དེབ་དེ་འདྲའང་མི་ཉུང་ངོ། །དེའི་ཐད་ནས་བལྟས་ན། 《བོད་ཀྱི་ལོ་རྒྱུས་གླེང་བའི་གཏམ་》ལ་ཤོག་ངོས་ལྔ་བརྒྱ་ལྷག་ཙམ་ལས་མེད་ཀྱང་། བརྗོད་དོན་གྱི་གཙོ་ཕལ་རྒྱས་བསྡུས་དང་། ལོ་རྒྱུས་ཀྱི་གཞུང་རྐང་སྒྲིག་སྟངས། རྒྱུ་ཆ་འདེམས་བསལ་བྱས་པ་སོགས་དེབ་རང་གི་སྒྲོམ་གཞི་དང་འཚམ་ཞིང་། ཁ་གསལ་བ། འཛིན་བདེ་བ། དོན་གྱི་གནད་ཟིན་པ། ལས་དང་པོ་པ་རྣམས་འཇུག་བདེ་བ། དེང་རབས་ཀྱི་ལོ་རྒྱུས་རིག་པའི་བསམ་བློ་དང་ཞིབ་འཇུག་བྱེད་སྟངས་ལ་བརྟེན་པ་ལ་སོགས་པའི་ཁྱད་ཆོས་དུ་མ་ལྡན། དེབ་འདིར་ན་གཞོན་གཙོར་གྱུར་པའི་ཀློག་མཁན་གྱིས་དགའ་མོས་བྱེད་པའི་རྒྱུ་མཚན་ཡང་དེ་ག་ཡིན་པར་སྙམ།
           དེབ་ཐེར་འདིས་ཁོ་བོར་བཞག་པའི་བག་ཆགས་ཟབ་ཤོས་ཤིག་ནི། འདི་ཉིད་མཐོང་མ་ཉིད་ནས་དད་གུས་འདྲེན་པར་བྱེད་པའི་གླེགས་བམ་ཆེན་པོ་དེ་འདྲ་མ་ཡིན་ཡང་། ལྟོས་བཅས་སུ་བརྗོད་བྱ་ཕུན་སུམ་ཚོགས་ཤིང་ཕྱོགས་སྣ་མང་པོ་འདུས་པ་ཞིག་སྟེ། བོད་ཀྱི་སྲིད་དབང་རིམ་བྱོན་སྲོག་ཤིང་དུ་བཟུང་སྟེ་བྲིས་པ་དང་སྦྲགས། གནའ་དེང་གི་བོད་ཀྱི་དེབ་ཐེར་གྲགས་ཅན་ཕལ་ཆེ་བས་སྨྱུག་འོག་ནས་དོར་བའི་བོད་ཀྱི་ཕྱོགས་མཐའི་ཡུལ་གྲུ་ཁག་ཅིག་དང་། རྒྱལ་ཕྲན་དང་ཚོ་པ་ཁག་ཅིག་གི་སྐོར་ཡང་དེང་རབས་ཀྱི་ལོ་རྒྱུས་རིག་པའི་ཐབས་ལམ་སྤྱད་དེ་བོད་ཀྱི་ལོ་རྒྱུས་ཀྱི་སྒྲོམ་གཞིའི་ནང་བླངས་ཡོད་པ་དེ་རེད། དཔེར་ན། ས་བཅད་གཉིས་པའི་ནང་དུ་ཆཱང་དང་། སུམ་པ་དང་། འ་ཞ། ཞང་ཞུང་སོགས་ཀྱི་སྐོར་བསྡུས་ཡོད་པ་དང་། ས་བཅད་གསུམ་པའི་ནང་དུ་འཇང་དང་འ་ཞའི་སྐོར་བརྗོད་ཡོད་པ་དང་། ས་བཅད་བཞི་པའི་ནང་དུ་ཙོང་ཁའི་རྒྱལ་རབས་དང་། གླིང་ཚང་རྒྱལ་པོ། མི་ཉག་རྒྱལ་པོ་སོགས་ཀྱི་སྐོར་བཀོད་པ་དང་། ས་བཅད་དྲུག་པའི་ནང་དུ་མདོ་སྨད་དང་ཁམས་ཕྱོགས་ཀྱི་ཡུལ་དང་ཚོ་སྡེ་གལ་ཆེན་ཁག་ཅིག་གི་སྐོར་བཀོད་པ་སོགས་ཀྱིས་མཚོན་ནོ། །དེ་ནི་དེབ་ཐེར་འདིའི་གཞན་ན་མེད་པའི་ཁྱད་ཆོས་ཤིག་ཡིན་པར་སེམས་ཤིང་། སྔོན་བྱོན་མཁས་པའི་བཞེད་པ་དང་གསུང་ཡིན་ཞེས་སྔ་དུས་ཀྱི་དེབ་ཐེར་གྱི་བརྗོད་བྱ་ཁོ་ན་བསྐྱར་ཟློས་བྱེད་པའི་དེབ་ཐེར་ཕལ་མོ་ཆེ་ལས་རིང་དུ་འགོངས་ཡོད་དོ། །
           སྐབས་ལ་ལར་དེབ་ཐེར་གྱི་གླེགས་བམ་གྱི་གཏོས་ཅི་འདྲ་ཆེ་ན་རིན་ཐང་དེ་བཞིན་ཆེ་བའི་ངེས་པའང་མེད་དེ། ཚལ་པ་ཀུན་དགའ་རྡོ་རྗེས་མཛད་པའི་《དེབ་ཐེར་དམར་པོ་》ཞེས་པའི་བསྟན་བཅོས་དེ་མ་གཞི་དེབ་ཆུང་ཆུང་ཞིག་ཡིན་ཡང་། བརྗོད་བྱ་དང་། རྒྱུ་ཆ་བེད་སྤྱོད། སྒྲོམ་གཞི་སློང་སྟངས་སོགས་ཀྱི་ཐད་ནས་སྲོལ་སྔ་ན་མེད་པ་དུ་མ་བཏོད་པས། བོད་ཀྱི་ལོ་རྒྱུས་རིག་པར་ཤུགས་རྐྱེན་ཆེན་པོ་ཐེབས་ཤིང་། དེ་ཉིད་དེབ་ཐེར་རྩ་ཆེན་དུ་ཀུན་གྱིས་བགྲང་བ་ལྟ་བུ་དང་། རྩོམ་འཕྲོར་ལུས་པའི་དགེ་འདུན་ཆོས་འཕེལ་གྱི་《དེར་ཐེར་དཀར་པོ་》ཡང་དེབ་ཧ་ཅང་སྲབ་པོ་ཞིག་ལས་མེད་ཀྱང་། སྔར་མེད་ཁྱད་ཆོས་དུ་མའི་དབང་གིས་བོད་ཀྱི་ལོ་རྒྱུས་རིག་པའི་ལས་རིགས་སུ་གོ་གནས་གལ་ཆེན་ཟིན་ཡོད་པ་ཇི་བཞིན་ནོ།།
           གནའ་དུས་ཀྱི་བོད་ཀྱི་རུས་ཆེན་བཞི་གང་རུང་ལ་གཏོགས་པའི་སུམ་པ་དང་། ཞང་ཞུང་དང་། མི་ཉག་དང་། འ་ཞ་སོགས་་ནི་བོད་ཀྱི་ལོ་རྒྱུས་ཀྱི་དུས་སྐབས་ངེས་ཅན་ཞིག་ནང་གི་རྒྱལ་ཕྲན་ནམ་ཚོ་པ་གལ་ཆེན་ཁག་ཅིག་ཡིན་ཞིང་། དེ་དག་གིས་ཟིན་པའི་ས་ཁྱོན་དང་མི་གྲངས་སོགས་ལ་གཞིགས་ན་གནའ་བོའི་བོད་ཀྱི་ལོ་རྒྱུས་སུ་ཅིས་ཀྱང་འབྲི་འོས་པ་ཞིག་ཡིན་མོད། རྒྱུ་རྐྱེན་སྣ་ཚོགས་ཀྱི་དབང་གིས་དེང་རབས་ཀྱི་མཁས་པས་བརྩམས་པའི་བོད་ཀྱི་དུས་རབས་རིམ་བྱུང་གི་ལོ་རྒྱུས་སུའང་དེ་དག་གི་སྐོར་བཀོད་པ་ཧ་ལམ་མེད་པར་སྣང་།  《བོད་ཀྱི་ལོ་རྒྱུས་གླེང་བའི་གཏམ་》དུ་དེ་དག་སྐོར་གྱི་རྒྱུ་ཆ་ཏུན་ཧོང་གི་ཡིག་རྙིང་དང་། རྒྱའི་དེབ་ཐེར་གྲགས་ཅན་འགའ། གཞན་ཡང་དུས་མི་འདྲ་བའི་ནང་བྱུང་བའི་དེབ་ཐེར་དང་ཆོས་འབྱུང་དང་རྣམ་ཐར་སོགས་སུ་ཐ་ཐོར་དུ་ཡོད་པ་དག་དྲངས་ཤིང་། དེ་དག་གི་ས་ཁོངས་དང་། ཡུལ་གྱི་ལྟེ་བ་སོགས་བཀོད་པ་བརྒྱུད་དེ་བོད་ཀྱི་ལོ་རྒྱུས་ཀྱི་བརྗོད་བྱ་རྒྱ་བསྐྱེད་ཅིང་ནང་ཁོང་འཛོམ་པོར་བྱས་ཡོད། དེ་ནི་བོད་ཀྱི་ལོ་རྒྱུས་རིག་པར་མཚོན་ན་མཛད་རྗེས་ཆེན་པོ་ཞིག་ཏུ་བགྲངས་ཆོག་ཆོག་རེད་སྙམ། རྩོམ་པ་པོས་དེ་དག་གི་སྐོར་བྲིས་པ་བརྒྱུད་ནས་མདོ་ཁམས་ཕྱོགས་སུ་གནའ་སྔ་མོའི་དུས་ནས་སྒ་འབྲུ་སྦྲ་ལྡོང་གི་རིགས་རྒྱུད་ཀྱིས་ཁྱབ་ཡོད་པའི་ལྟ་བ་བཏོན་ཅིང་། སྔོན་གྱི་མཁས་པ་ལ་ལས་མདོ་ཁམས་ཀྱི་བོད་མི་མ་ལུས་པ་བཙན་པོའི་དམག་མིའི་རྒྱུད་ལས་བྱུང་བར་འདོད་པའི་ལྟ་ཚུལ་ལ་དགག་གཞག་ཀྱང་གནང་ཡོད། དེ་བཞིན། “ཡང་ལ་ལས་ཞང་ཞུང་རིགས་ཞེས་པ་མཐོང་ནས་དེ་བོད་རིགས་ལས་ལོགས་སུ་མི་རིགས་ཤིག་ཏུ་གོ་བ་ལེན་མཁན་འདུག་ཀྱང་། དེ་ནི་བོད་མིའི་རུས་རྒྱུད་ཀྱི་རིགས་ཤིག་ཏུ་ངོས་བཟུང་ན་ལེགས་ཀྱི། དེང་སང་གི་མཚན་ཉིད་བཞི་ལྡན་གྱི་མི་རིགས་ཤིག་ཏུ་གོ་བར་མི་འཐད་དོ། །” ཞེས་ཞིབ་འཇུག་པ་ལ་ལས་ཞང་ཞུང་ཞིབ་འཇུག་དེ་བསམ་བཞིན་དང་བསམ་བཞིན་མ་ཡིན་པ་གང་རུང་གི་སྒོ་ནས་ཁ་ཕྱོགས་གཞན་ཞིག་ཏུ་དཀྱོག་གིན་པའི་ཐད་ལ་རང་ཉིད་ཀྱི་ལྟ་ཚུལ་བཏོན་ཡོད།
           སྲོང་བཙན་གྱི་སྔོན་དང་། བཙན་པོ་དར་མའི་རྗེས་ཀྱི་དུས་ཡུན་ངེས་ཅན་ཞིག་རིང་གི་མདོ་ཁམས་ཀྱི་ལོ་རྒྱུས་བརྗོད་པར་དཀའ་ངལ་ཆེན་པོ་ཞིག་ཡོད་པ་ནི། བོད་ཀྱི་དེབ་ཐེར་སྔ་མ་ཁག་ཏུ་དེ་དག་གི་སྐོར་གསལ་ཁ་ཅན་ཞིག་མེད་པ་དེ་རེད། དེང་གི་མདོ་ཁམས་ཀྱི་ལོ་རྒྱུས་འབྲི་མཁན་ཚོས་དུས་སྐབས་དེ་དག་གི་ལོ་རྒྱུས་འབྲི་རྒྱུ་དེ་གལ་ཧ་ཅང་ཆེ་བ་རྟོགས་མོད། བོད་ཡིག་གི་རྒྱུ་ཆའི་ཚད་བཀག་གི་དབང་གིས་སྐབས་དེའི་གནས་ཚུལ་འབྲི་དུས་བྱེད་གཏད་དཀའ་བའི་གནས་སུ་གྱར་ཡོད་པ་ཁོང་ཚོས་བྲིས་པའི་དེབ་ལས་ཚོར་ཐུབ། རྒྱའི་ལོ་རྒྱུས་ཡིག་ཚང་སོགས་ན་གནའ་སྔ་མོའི་དུས་ཀྱི་མདོ་ཁམས་ཀྱི་གནས་ཚུལ་མི་ཉུང་བ་ཞིག་ཐར་ཐོར་དུ་བཀོད་ཡོད(དཔེར་ན་ཆཱང་གི་སྐོར་དང་། ལྡོང་མི་ཉག འ་ཞ་སོགས་ལྟ་བུ)ནའང་། མདོ་ཁམས་ཀྱི་གནའ་བོའི་ལོ་རྒྱུས་འབྲི་མཁན་ལ་ལས་སྐབས་རེར་རྒྱའི་གནའ་བོའི་ལོ་རྒྱུས་ཡིག་ཚང་དུ་རྫུན་གྱི་ཆ་མང་བས་ཡིད་རྟོན་ཅི་ཡང་མེད་ཚུལ་བརྗོད་པ་དང་། ཡང་སྐབས་རེར་མི་འདོད་བཞིན་དུ་རྒྱའི་ལོ་རྒྱུས་ཡིག་ཚང་དུ་ཡོད་པའི་ཆཱང་དང་། འ་ཞ། ལྡོང་སོགས་ཀྱི་སྐོར་རང་གི་བརྩམས་ཆོས་སུ་མི་འདྲེན་ག་མེད་བྱུང་སྟེ་སྟོང་ཆ་སྐོང་ཐབས་བྱས་ཡོད། ཡིན་ན་ཡང་རྒྱའི་ལོ་རྒྱུས་བསམ་བློར་རྒྱུས་ཆེན་པོ་མེད་པ་དང་། རྒྱའི་ལོ་རྒྱུས་ཡིག་ཚང་དུ་བཀོད་པའི་ལོ་རྒྱུས་ཀྱི་རྒྱུ་ཆར་དབྱེ་ཞིབ་དང་། བརྡར་ཤ་གཅོད་པ་དང་། འདེམས་བསལ་སྤང་བླང་གི་ནུས་པས་མ་འདངས་པ། ལོ་རྒྱུས་རིག་པའི་ཤེས་ཡོན་དང་རིག་གཞུང་ཞིབ་འཇུག་གི་སྦྱོང་བརྡར་ཞན་པ་སོགས་ཀྱི་རྐྱེན་པས་ཁོང་ཅག་གིས་བྲིས་པའི་ས་གནས་ལོ་རྒྱུས་སུ་ནོར་འཁྲུལ་མང་པོ་བྱུང་ཡོད། 
           《བོད་ཀྱི་ལོ་རྒྱུས་གླེང་བའི་གཏམ་》གྱི་རྩོམ་པ་པོས་ཏུན་ཧོང་གི་ཡིག་རྙིང་དང་། བན་བོན་གྱི་ལོ་རྒྱུས་རྣམ་ཐར་ཆོས་འབྱུང་སོགས་མ་ཟད། རྒྱ་སོགས་མི་རིགས་གཞན་གྱི་ལོ་རྒྱུས་ཡིག་ཚང་དུ་བཀོད་པའི་དཔྱད་གཞིའི་ཡིག་ཆ་རྣམས་ཀྱང་དགག་གཞག་གཉིས་ལྡན་གྱི་སྒོ་ནས་བློ་སྤོབས་ཆེན་པོས་སྡུད་ལེན་གནང་ཡོད་ཅིང་། དེ་ལས་རྩོམ་མཁན་གྱི་ལོ་རྒྱུས་ཞིབ་འཇུག་གི་རྣམ་དཔྱོད་དང་བློ་ཁོག་དང་མིག་རྒྱང་ཡང་མཚོན་ཡོད་དོ། །དཔེར་ན། རྒྱའི་ལོ་རྒྱུས་ཡིག་ཚང་དུ་ཆཱང་ཞེས་པའི་བོད་ཤར་རྒྱུད་ཀྱི་གནའ་བོའི་ཚོ་པ་ཁག་ཅིག་གི་གནས་ཚུལ་བཀོད་ཡོད་པ་དེ་ཉིད་བོད་ཀྱི་གནའ་བོའི་ལོ་རྒྱུས་རྩོམ་པ་ལ་ངེས་པར་དོ་སྣང་བྱེད་འོས་པ་ཞིག་ཡིན་ལ། 《བོད་ཀྱི་ལོ་རྒྱུས་གླེང་བའི་གཏམ་》དུའང་དེ་དག་སྣང་མེད་དུ་མ་གཡུགས་པར་སྐབས་བབ་ཀྱི་གླེང་གཞིར་དྲངས་ཤིང་། ཆཱང་ཞེས་པ་དེ་བྱང་དང་། ཁྲོམ་དང་། སྤྱང་དང་། སྒ་སོགས་སུ་ལོ་རྒྱུས་མཁས་པ་རྣམས་ལ་བཞེད་ཚུལ་འདྲ་མིན་ཡོད་པ་གསལ་བརྗོད་དང་འབྲེལ་རང་ཉིད་ཀྱི་ལྟ་ཚུལ་བཀོད་པ་དང་། ཆཱང་ཞེས་པ་མདོ་དབུས་མཐོ་སྒང་གི་གནའ་བོའི་རིགས་རྒྱུད་སྤྱིའི་མིང་ཡིན་ཚུལ་དང་། དེང་གི་མཁས་པ་ཁག་ཅིག་གིས་བོད་ཀྱི་རིགས་རྒྱུད་ཆཱང་ལས་ཆད་དང་། མདོ་ཁམས་ཀྱི་བོད་རིགས་ནི་ཆཱང་རིགས་དབང་སྒྱུར་བྱས་པ་ལས་བོད་དུ་འགྱུར་བའི་ལྟ་ཚུལ་བཀག་ཡོད་པ་ལྟ་བུའོ།།
           དོན་དངོས་དང་མི་མཐུན་ཚེ་སྔོན་གྱི་ཡིག་ཚང་རྙིང་པ་དང་མཁས་པ་ཆེན་པོའི་བཞེད་སྟངས་ཡིན་ཡང་རྗེས་ཟློས་སུ་མ་སོང་བར་རང་ཉིད་ཀྱི་ལྟ་ཚུལ་བཞག་པ་དང་། བདེན་ལུགས་ཡོད་ན་གཞན་རིགས་ཀྱི་དཔྱད་གཞིའི་ཡིག་རིགས་ཀྱང་དཔྱད་པ་དང་བཅས་བེད་སྤྱད་ཡོད་པ་ཡང་དེབ་ཐེར་འདིའི་ཡོན་ཏན་གྱི་ཆ་གཅིག་ཏུ་སེམས། དཔེར་ན་སྔོན་གྱི་ལོ་རྒྱུས་མང་ཤས་སུ་རྒྱ་བཟའ་ཕྱི་མ་ཁྲི་ལྡེ་གཙུག་བཙན་གྱི་སྲས་ལ་བག་མར་བླངས་པར་བརྗོད་མོད། དེབ་ཐེར་འདིའི་རྩོམ་པ་པོས་ཏུན་ཧོང་གི་ཡི་གེ་དང་། རྒྱའི་ཐང་གི་ལོ་རྒྱུས་རྙིང་མ། རྡོ་རིང་ཡི་གེ་གསུམ་ལ་གཞིགས་ནས་དེ་ནོར་ཡོད་ཚུལ་དང་། “དེ་ནི་ཐང་བྷོད་དབང་སྒྱུར་གྲལ་རིམ་ལ་མཚོན་ན་ཆབ་སྲིད་ཀྱི་ཐབས་ལམ་ཞིག་ཏུ་ངེས་ཤིང་། བོད་རྒྱའི་མི་རིགས་གཉིས་ཀྱི་ཆ་ནས་བཤད་ན་མཛའ་འབྲེལ་མཐུད་པ་ཡིན་ནོ། །”ཞེས་དེ་ལྟར་འབྲི་བའི་དགོས་པ་གང་ཡིན་ཚིག་གཅིག་གིས་བསྟན་ཡོད། དེ་བཞིན་ཁྲི་སྲོང་ལྡེ་བཙན་ཀོང་ཇོ་ཕྱི་མའི་སྲས་ཡིན་པར་བརྗོད་པའི་བཤད་སྟངས་རྙིང་པ་དང་། དར་མ་འུ་དུམ་བཙན་གྱི་སྐོར། ཇོ་བོ་རྗེ་བོད་དུ་ཕེབས་དགོས་དོན་སོགས་ཀྱང་སྔ་མའི་བཤད་སྟངས་དག་གི་རྗེས་སུ་ཅི་མ་ཡིན་ལ་མ་ཞུགས་པར་དཔྱད་པ་དོན་དང་ལྡན་པ་བཏང་ཡོད།
           བོད་ཀྱི་གནའ་རབས་ཀྱི་ལོ་རྒྱུས་བསྟན་བཅོས་རྣམས་སུ་རྒྱལ་བློན་གྱི་མཛད་པ་སོགས་འགྲོ་བ་མིའི་ཚུལ་ལས་རིང་དུ་འདས་ཏེ་ལྷ་སྒྲུང་ལྟ་བུར་བྲིས་པ་མང་བ་དང་། མི་ལོ་བརྒྱ་ཕྲག་དུ་མའི་རིང་གི་བཤད་ལུགས་བཤད་རྒྱུན་དེ་དག་ཀུན་གྱི་ཡིད་ལ་འཇགས་ཤིང་གོམས་པར་གྱུར་ཡོད། བག་ཆགས་དེའི་དབང་གིས་དེང་དུས་སུ་ཏུན་ཧོང་གི་ཡིག་རྙིང་དང་དཔྱད་གཞི་ཡིག་རིགས་གཞན་དག་ལ་བརྟེན་ནས་“མིའི་ལོ་རྒྱུས་”འཆད་དུས་སུ་སྐྱེ་བོ་ཁག་ཅིག་གི་བློ་ངོར་མི་བདེ་བའི་གནས་ཚུལ་བྱུང་དང་འབྱུང་གིན་ཡོད། ལ་ལ་སྔོན་གྱི་བཤད་སྟངས་རྙིང་པ་ཁག་ཅིག་ལ་བློ་དོགས་སྐྱེ་བཞིན་ཡོད་ཀྱང་། དེ་དག་《མ་ཎི་བཀའ་འབུམ་》དང་། རྒྱལ་དབང་ལྔ་པ་སོགས་སྔོན་གྱི་སྐྱེས་ཆེན་དམ་པ་ཚོའི་གསུང་ལས་བྱུང་བས་ཡང་དག་མིན་གྱི་ཐད་ནས་དགག་གཞག་སྤྲོ་མི་འདོད་པའམ་མི་ཕོད་པར་བཏང་སྙོམས་སུ་འཇོག་གི་ཡོད། 《བོད་ཀྱི་ལོ་རྒྱུས་གླེང་བའི་གཏམ་》གྱིས་མཚོན་པའི་དེང་རབས་ཀྱི་དེབ་ཐེར་ཁག་ཅིག་ཏུ་མི་ཉིད་མིའི་སར་བཞག་སྟེ་ལོ་རྒྱུས་འཆད་པའི་དེང་རབས་ཀྱི་ལོ་རྒྱུས་རྩོམ་སྟངས་ལྷུར་བླངས་པ་དང་། ཁུངས་ཐུབ་པའི་དཔྱད་གཞི་ཡིག་རིགས་འདྲ་མིན་སྣ་ཚོགས་དང་གནའ་དཔྱོད་རིག་པ་སོགས་ལ་བརྟེན་ནས་དཔྱད་པ་གཏོང་སྟངས་ལག་ལེན་དུ་བཏབ་ཡོད། ལོ་རྒྱུས་རིག་པའི་ཐད་ཀྱི་ལྟ་སྟངས་དང་། རྣམ་འགྱུར་དང་། ལག་ལེན་དེ་འདྲ་ནི་བོད་ཀྱི་ལོ་རྒྱུས་རིག་པར་མཚོན་ན་འཕེལ་རྒྱས་ཆེན་པོ་ཞིག་ཏུ་བརྗོད་རུང་ངོ་།།
           སྤྱིར་ན་རྒྱལ་ཁབ་ཅིག་གམ་མི་རིགས་ཤིག་གི་ལོ་རྒྱུས་ཇི་ལྟར་རིང་ན་དེ་ཉིད་རྒྱབ་ཁབ་བམ་མི་རིགས་དེའི་གཟི་བརྗིད་དུ་འགྲོ་ཞིང་། རང་རྟོན་གྱི་བློ་ཤུགས་ཆེར་འགྲོ་བ་སོགས་ཀྱི་དགེ་མཚན་དུ་མ་ལྡན་པས། ཚང་མས་ལོ་རྒྱུས་ཡིག་རིགས་གུང་སྒྲིག་པ་དང་གནའ་དཔྱད་རིག་པའི་ཞིབ་འཇུག་སོགས་ལ་བརྟེན་ནས་རང་གི་མི་རིགས་དེའི་ལོ་རྒྱུས་ཀྱི་ཕུགས་རིང་དུ་འདེད་ཐབས་བྱེད་ཀྱི་ཡོད། ཡིན་ན་ཡང་གནས་ཚུལ་དངོས་དང་མཐུན་དགོས་པའམ་དེར་ཅི་ཐུབ་ཀྱིས་བརྩོན་དགོས་པ་དེ་དེང་གི་ལོ་རྒྱུས་རིག་པའི་སྙེག་ཕྱོགས་ཤིག་ཡིན་པས། ཡོད་ན་ཡོད་ཚུལ་ཡིད་བརྟན་འཕེར་བའི་སྒྲུབ་བྱེད་དང་བཅས་ཏེ་སྟོན་པ་དང་། མེད་ན་མེད་ཚུལ་ཡིད་སྲོང་པོའི་སྒོ་ནས་ཁས་ལེན་ཐུབ་དགོས། དེ་ལྟ་མིན་པར་རིགས་ཞེན་ཆོས་ཞེན་གྱི་དབང་གིས་མི་རིགས་ཀྱི་བྱུང་བ་དང་ཤེས་རིག་ལོ་རྒྱུས་མི་ལོ་ཁྲི་ཕྲག་ཡོད་ཚུལ་ཅི་དགར་སྨྲ་ཡང་། མང་མས་ཁས་ལེན་པའི་དཔང་རྟགས་འདོན་རྒྱུ་མེད་ཚེ། དེ་ནི་རང་སྣང་སྤྲོ་བྱེད་ཙམ་ལས་ཅི་ཡང་མིན་ལ་གཞན་གྱིས་ཀྱང་ཁས་ལེན་བྱེད་མི་སྲིད། བྱེད་སྟངས་དེས་གཟབ་བརླིང་བརྟན་གསུམ་དགོས་པའི་རིག་གཞུང་ཞིབ་འཇུག་གི་རྣམ་འགྱུར་དང་གོམས་གཤིས་ལ་ཤུགས་རྐྱེན་ངན་པ་བཟོས་ཏེ། ང་ཚོའི་རིག་གཞུང་ཞིབ་འཇུག་དེ་སར་འབབ་མི་ཐུབ་པའི་“བར་སྣང་གི་སྐྱེད་མོས་ཚལ་”དུ་མི་འགྱུར་བའི་ངེས་པ་མེད་ལ། ཐ་ན་མི་རིགས་ཤིག་གི་གཤིས་ཀ་དེ་ལུའུ་ཞུན་གྱི་སྒྲུང་གཏམ་ནང་གི་ཨ་Qལྟ་བུར་སྒྱུར་བའི་ཉེན་ཁའང་ཡོད་དོ། །གོང་དུ་ཞུས་ཟིན་པ་བཞིན་《བོད་ཀྱི་ལོ་རྒྱུས་གླེང་བའི་གཏམ་》གྱི་རྩོམ་པ་པོས་བདེན་པ་བདེན་ཐུབ་ཡོང་བར་མཐའ་གཅིག་ཏུ་བརྩོན་པ་བསྐྱེད་ཡོད་པ་ཀུན་ལ་གསལ་ཆ་ཡོད་པས་མང་དུ་ཞུ་མ་དགོས་ལ། དེབ་འདི་དུས་རབས་སྔོན་མའི་ལོ་རབས་བརྒྱད་ཅུ་པར་དུས་དེབ་ཏུ་བཀོད་པ་ནས་སྤྱི་ལོ་2014བར་ཏེ། མི་ལོ་སུམ་ཅུར་ཉེ་བའི་རིང་ལ་ལོ་རྒྱུས་ཀྱི་གནད་དོན་མང་པོའི་ཐད་ནས་ཁོང་གིས་བཟོ་བཅོས་ཡང་ཡང་བརྒྱབ་མྱོང་བ་སྟེ། དཔེར་ན་ཁམས་ཀྱི་བེ་རུའི་སྐོར་ལ་ཁོང་གིས་རང་ཉིད་ཀྱི་སྔོན་གྱི་ལྟ་ཚུལ་ལ་ཡོ་བསྲང་ཡང་ནས་ཡང་དུ་གནང་ཞིང་། ས་གནས་དངོས་སུ་ཕེབས་ཏེ་ཆེད་དུ་ཞིབ་འཇུག་གནང་བས་མཚོན། ལོ་རྒྱུས་ཞིབ་འཇུག་གི་རྣམ་འགྱུར་གཟབ་ནན་འདི་འདྲ་ནི་ང་ཚོས་མིག་ལྟོས་སུ་འཛིན་འོས་པ་ཞིག་གོ།
           གོང་དུ་ཞུས་པ་ནི་ཁོ་བོར་བག་ཆགས་ཟབ་ཤོས་དང་རང་ཉིད་ཀྱིས་རྟག་པར་དོ་སྣང་བྱེད་པའི་ཕྱོགས་རེ་གཉིས་ཙམ་ཡིན་པ་ལས། འདི་ཙམ་གྱིས་དེབ་འདིའི་ཡོན་ཏན་གྱི་ཆ་མཐའ་དག་རྫོགས་པར་བརྗོད་ག་ལ་ནུས་ཏེ་མི་ནུས་སོ། །ཤིང་འཛེར་མེད་རྒྱ་རྫོང་ནགས་ན་མེད་ཅེས་པའི་ཁ་དཔེ་ལྟར། དེབ་འདིའི་ནང་དུའང་ཞིབ་ཆས་མ་ལོངས་པ་སོགས་ཀྱི་སྐྱོན་གྱི་ཆ་རེ་འགའ་ནི་ལོས་ཡོད་དེ། དཔེར་ན་འདིའི་ནང་བཙན་པོ་མང་སྲོང་མང་ནི་སྲོང་བཙན་སྒམ་པོའི་སྲས་ཀྱི་སྲས་མིན་པར་སྤུན་གྱི་སྲས་ཡིན་པའི་དགོངས་ཕྱོགས་ཟུར་ཙམ་བསྟན་ཅིང་། དེའི་སྒྲུབ་བྱེད་ཀྱི་གྲས་སུ་《ཐང་གི་ལོ་རྒྱུས་རྙིང་མ》ཡི་ཚིག་གཅིག་གི་འགྱུར་ཡིག་སྟེ། “སྲོང་བཙན་གྱི་སྲས་ཆུང་ངུ་ནས་ཤི་བས་ཚ་བོ་ཞིག་རྒྱལ་སར་འཁོད། དེ་ལའང་བཙན་པོར་འབོད”ཅེས་པ་ལུང་དུ་དྲངས་འདུག་མོད། དོན་དངོས་སུ་《ཐང་གི་ལོ་རྒྱུས་རྙིང་མ》རུ། “弄讃子早死,其孙继位”ཞེས་མང་སྲོང་མང་བཙན་ནི་སྲོང་བཙན་སྒམ་པོའི་སྲས་ཀྱི་སྲས་ཡིན་པར་གསལ་བ་དང་། 《ཐང་གི་ལོ་རྒྱུས་གསར་མ》རུ་ཡང་། “无子,立其孙”ཞེས་གོང་དང་མཚུངས་པར་བརྗོད་པས། མང་སྲོང་མང་བཙན་སྲོང་བཙན་སྒམ་པོའི་སྤུན་གྱི་སྲས་ཡིན་པར་སྒྲུབ་པ་ལ་ལུང་འདི་འཚམ་པོ་ཞིག་མ་ཡིན་ནོ། །
           དེ་བཞིན་སྲོང་བཙན་དང་མང་སྲོང་གི་འབྲེལ་བའི་ཐད་ནས་ཀྱང་། ཐོག་མར་སྲོང་བཙན་དགུང་ལོ་36ལས་མ་བཞུགས་པས་གུང་སྲོང་གུང་བཙན་ལ་སྲས་འཁྲུང་ལོང་མེད་པའི་དགོངས་ཚུལ་བཏོན་ཅིང་། ཡང་མཇུག་ཏུ་“གུང་སྲོང་སྐུ་ན་གཞོན་དུས་སུ་སྲས་མང་སྲོང་འཁྲུངས་མ་ཐག་ཡབ་མེས་གཉིས་སྔ་ཕྱིར་འདས་པར་བྱས་ནའང་འགལ་བ་མེད་སྙམ་པས་”ཞེས་གོང་དུ་སོང་མ་ཐག་པའི་ལྟ་ཚུལ་ལ་བཟོ་བཅོས་བརྒྱབ་ཡོད་པས་མཚོན། སྐབས་རེར་བརྗོད་དོན་མག་མོག་ཏུ་སོང་བའང་རེ་འགའ་ཡོད་པ་དང་། ཡང་རྗོད་སྟངས་ལ་ལར་ཀློག་མཁན་ཁྲོད་ན་སྐྱོན་དུ་རྗོད་མཁན་ཡོད་མོད། དེ་ནི་གནས་དུས་ཀྱི་དབང་གིས་དེ་བཞིན་འབྲི་དགོས་བྱུང་བ་སོགས་ནི་བསམ་ཤེས་ཐུབ་པ་ཞིག་རེད། མ་གཞི་ནས་སྐྱོན་ཀུན་ཟད་དང་ཡོན་ཏན་ཀུན་རྫོགས་ཀྱི་བརྩམས་ཆོས་ཤིག་སྔར་མེད་ལ་ཕྱིས་སུའང་འབྱུང་མི་སྲིད་དོ། །ཞེས་《བོད་ཀྱི་ལོ་རྒྱུས་གླེང་བའི་གཏམ་》བཀླགས་རྗེས་ཀྱི་མྱོང་ཚོར་རེ་གཉིས་བརྗོད་པ་གནས་སྐབས་སུ་མཇུག་བསྡུ་བར་བྱའོ།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1