༄༅།། གསེར་ཁོག་དགོན་པ།
མི་གསལ། རྩོམ་སྒྲིག་པ།ཡོང་ཁུངས།དགེ་ལུགས་པའི་དྲ་བ། སྤེལ་དུས། 10-24
མདོ་སྨད་ཙོང་ཁ་བདེ་ཁམས་ཀྱི་ས་ཆ། ཙོང་ཆུ་སྔོན་མོའི་བང་རྒྱུད། ད་ལྟ་རྟ་ཐང་རྫོང་ཁོངས་ཀྱི་གསེར་ལུང་ཞེས་པར་བཙན་པོ་དོན་གྲུབ་རྒྱ་མཚོས་རབ་བྱུང་བཅུ་གཅིག་པའི་ལྕགས་སྟག་སྟེ་སྤྱི་ལོ༡༦༥༠ལོར་བཏབ་ཅིང་། ད་ལྟའི་བར་ལོ་ངོ་སུམ་བརྒྱ་ལྔ་བཅུ་ང་བདུན་འགོར། ཆོས་སྡེ་འདི་བཙན་པོ་དོན་གྲུབ་རྒྱ་མཚོས་བཏབ་པ་ཡིན་པས་བཙན་དགོན་ཡང་ཟེར།
རབ་བྱུང་བཅུ་གཅིག་པའི་ཆུ་འབྲུག་ལོ་སྟེ་སྤྱི་ལོ༡༦༥༣ལོར་རྒྱལ་དབང་ལྔ་བ་ཆེན་མོ་རྒྱ་ནག་ཏུ་ཆིབས་ཁ་བསྒྱུར་ནས་ཕྱིར་སླེབས་སྐབས། དགོན་པ་འདིར་གདན་དྲངས་པ་ལྟར་ཕེབས་ཏེ་དགོན་པར་དགའ་ལྡན་དམ་ཆོས་གླིང་ཞེས་མཚན་གསོལ་མཛད་ཅིང་གླིང་བཅུ་གསུམ་གྱི་གྲས་སུ་བཞག
རབ་བྱུང་བཅུ་གཅིག་པའི་ཆུ་ཡོས་ལོ་སྟེ་སྤྱི་ལོ༡༦༥༣ལོར་མཚོ་སྔོན་བསྟན་འཛིན་ཝང་གིས་འཁྲུགས་པ་བསླངས་ཏེ། རྒྱ་ནག་ནས་དམག་ཆེན་འོངས་ཏེ་མཚོ་སྔོན་དཔོན་པོ་རྣམས་ཀྱི་འབྲེལ་བའི་དོགས་གཞིར་སྙམ་ནས་དགོན་ལུང་དང་བཙན་དགོན་འདིར་གཏོར་བཤིགས་ཆེན་མོ་ཐེབས་ཏེ་མིང་གི་ལྷག་མར་གྱུར།
རབ་བྱུང་བཅུ་གཅིག་པའི་མེ་ལུག་ལོ་སྟེ་སྤྱི་ལོ༡༦༦༧ལོར་གོང་མ་ཡུང་ཊིང་གིས་དགོན་པ་ཉམས་གསོས་ཀྱི་དངུལ་སྲང་འབུམ་གཅིག་དང་། རྡོ་རིང་ཡི་གེ་དང་། དགོན་པར་ཀོང་ཧོས་ཟི“广惠寺”ཞེས་པའི་མཚན་བང་གནང་ཞིང་། ཁྲི་ཐོག་གསུམ་པ་ནོ་མོན་ཥན་བློ་བཟང་བསྟན་འཛིན་རྒྱ་མཚོས་སླར་གསོ་གནང་། ཁྱད་པར་དུ་འཆད་ཉན་གྱི་རྩོད་གྲྭ་འཕེལ་རྒྱས་ཆེན་པོ་བྱུང་། ཆོས་སྡེ་འདིར་རྒྱུད་པ་གྲྭ་ཚང་དང་། སྔགས་པ་གྲྭ་ཚང་། ལུང་རིགས་རྒྱ་མཚོ་གླིང་། མཁས་བཙུན་དར་རྒྱས་གླིང་། གསོ་རིག་གཞན་ཕན་གླིང་བཅས་གྲྭ་ཚང་ལྔ་ཡོད། གྲྭ་བཙུན་ཆེས་མང་དུས་ཉིས་སྟོང་ལ་སླེབས་མྱོང་ཞེས་མདོ་སྨད་ཆོས་འབྱུང་ནང་དུ་གསུངས་འདུག དགོན་ལག་ལ་འབྲུ་གུ་དགོན་དང་། ཐུར་ཆེན་དགོན། ཤིང་ལུང་དགོན། བུམ་པ་ཆོས་ལུང་དགོན། རྒྱ་རྡོག་དགོན། བན་རྒུད་དགོན། རབ་རྒྱས་དགོན། ཏཱ་བན་དགོན། སུང་ཤན་སྟག་ལུང་དགོན་རྣམས་ཡོད། རིག་གནས་གསར་བརྗེའི་སྐབས་སུ་ཡང་ཚང་མ་བཤིགས་ཚར་ནས་མིང་གི་ལྷག་མ་ཙམ་དུ་གྱུར། ཏང་གི་མི་རིགས་ཆོས་ལུགས་སྲིད་ཇུས་སླར་གསོ་བས་རྗེས། སྲིད་གཞུང་གིས་མ་དངུལ་བཏང་ནས་སླར་གསོ་བས། བྱང་གི་དགོན་ཆེན་བཞིའི་མཚན་སྙན་གྲགས་ཆེ་བའི་རྒྱུ་མཚན་གཅིག་ནི་རྟེན་ཥ་ཅང་འགངས་ཆེན་ཡོད་པའི་རྐྱེན་རེད། གསེར་ཁོག་དགོན་པར་མཚོན་ནས་བཤད་ན། ཇོ་བོ་རིན་པོ་ཆེའི་ལྷ་ཁང་ཆེན་མོའི་ནང་དུ་ཇོ་བོ་རྣམ་གསུམ་སྟེ། ལྷ་ལྡན་གྱི་ཇོ་བོ་ཆེན་མོ་དང་ཁྱད་པར་མ་མཆིས་པ་བྱིན་རླབས་ཀྱི་གཟི་འོད་ཕྱོགས་བརྒྱར་འཕྲོ་བའི་སྟག་རྩེའི་ཇོ་བོ་རིན་པོ་ཆེ་དང་། ར་མོ་ཆེའི་ཇོ་བོ་དང་ཁྱད་པར་མེད་པའི་ཇོ་བོ་མི་བསྐྱོད་རྡོ་རྗེ། ལྷ་ལྡན་དཀར་ཆགས་སོགས་སུ་ལོ་རྒྱུས་རྒྱས་པར་བསྟན་ཡོད་པའི་པོ་ཏ་ལའི་འཕགས་པ་ལོ་ཀེ་ཤྭ་ར་དང་བཅས་འཕགས་པ་བཞི་དུས་མཉམ་དུ་བྱོན་པའི་འཕགས་པ་འཇའ་མ་ལི་རང་བྱོན་བཅས་བཞུགས་པ་དང་། དེ་མིན་ད་རུང་སྨོན་ནེ་འཇིགས་བྱེད་ཅེས་པའི་རྟེན་ཧ་ཅང་རྩ་ཆེན་ཞིག་བཞུགས། འདི་ནི་ཡུ་གུར་སྨན་ཆུ་དགོན་པའི་སྨོན་ནེ་བླ་མ་འཇམ་དབངས་རྒྱ་མཚོ་ཞིང་ལ་གཤེགས་ཁར་ཉེ་གནས་ལ། གདུང་ཞུགས་གྲུབ་ནས་ཉིན་བདུན་ལ་ཞལ་མ་འབྱེད་གསུངས་ཀྱང་། མེ་མ་ཞི་བས་གདུང་རུས་ཙམ་ཡང་མ་ལོན་དོཊ་ནས་ཉིན་གསུམ་པར་ཞལ་ཕྱེ་བས། འཇིགས་བྱེད་ཀྱི་སྐུ་ཞབས་པུས་ཡན་ཆད་ལྷ་བཟོ་མཁས་པས་བཞེངས་པ་ལྟ་བུའི་བྱོན་ལེགས་གྲུབ་ཚར། དེ་མིན་ཚིག་མར་འདུག་པ་ནང་རྟེན་དུ་ཡོད། གཞན་ཡང་སྤྱན་རས་གཟིགས་བཅུ་གཅིག་ཞལ་གསེར་ཟངས་ལས་གྲུབ་པ། བལ་བོ་ནས་འོངས་པའི་ཆོས་རྒྱལ་ལི་མ། སློབ་དཔོན་པད་མ་འབྱུང་གནས་ཀྱི་འདྲ་སྐུ། རྒྱལ་བ་ཚངས་དབངས་པས་རབ་གནས་མཛད་པའི་ཆོས་རྒྱལ་ཕྱི་སྒྲུབ་ཀྱི་ཞལ་སོགས་ཐང་ག་དང་སྐུ་འདྲ་བྱིན་ཅན་མཐའ་ཡས་པ་དང་། རྒྱལ་བའི་བཀའ་བསྟན་སྔ་ཕྱི་ཚར་བཅུ་ཕྲག་དང་། ཡུམ་གསེར་བྲིས། བརྒྱད་སྟོང་གསེར་བྲིས། བསྐལ་བཟང་གསེར་བྲིས་སོགས་གསུང་གི་རྟེན་མང་པོ་དང་། སྨིན་གྲོལ་ཚང་ངམ་བཙན་པོ་ཚང་སྐུ་ཕྲེང་རིམ་བྱོན་གྱི་སྐུ་གདུང་མཆོད་རྟེན། བང་ཆུབ་མཆོད་རྟེན་སོགས་ཐུགས་རྟེན་མང་པོ་བཞུགས།
བཙན་པོ་དོན་གྲུབ་རྒྱ་མཚོས་ཐོག་དང་པོར་དགོན་པ་འདེབས་སའི་གཞི་འདི་རེད། ཁོང་གིས་འདི་རུ་ལྷ་ཁང་ཆུང་ཆུང་ཞིག་བཞེངས་ཤིང་། ནང་དུ་གནས་བརྟན་བཅུ་དྲུག་དང་སྒྲོལ་མའི་སྐུ་ཞིག་བཞེངས་པས། ཡོངས་གྲགས་སུ་སྒྲོལ་མའི་ལྷ་ཁང་ཞེས་འབོད་བཞིན་ཡོད། རྗེས་སུ་སྔགས་པ་གྲྭ་ཚང་ཏུ་བཏང་། བླ་ཆེན་གྱི་སྐོར་ནས་བཤད་ན། སྨིན་གྲོལ་ཚང་ངམ་བཙན་པོ་ཚང་དང་། ཞ་ལི་བ་ཚང་། བཀའ་འགྱུར་ཚང་། གསེར་ཁྲི་ཚང་། ཥ་མདང་ཚང་། ནོམ་མཆུ་ཚང་སོགས་བཅུ་ལྷག་ཡོད།