༄༅།། ཁྲི་ཀའི་རི་ཁྲོད་པའི་ལོ་རྒྱུས་མདོར་བསྡུས།
ཤེས་རབ་བསྟན་དར། རྩོམ་སྒྲིག་པ།ཡོང་ཁུངས། དགེ་ལུགས་དྲ་བ། སྤེལ་དུས། 10-24
ཤེས་རབ་བསྟན་དར།
ཁྲི་ཀའི་རི་ཁྲོད་པ་ནི་མདོ་སྨད་ཀྱི་རི་ཁྲོད་པའི་སྡེ་ཆེན་པོ་ཞིག་ཡིན་ལ་ལོ་རྒྱུས་སྟེང་གྲགས་པ་ཆེས་ཆེ་བའི་རི་ཁྲོད་པའི་སྡེ་ཞིག་ཀྱང་རེད། འདིའི་རི་ཁྲོད་པ་དག་ནི་རྗེ་གསེར་ཁང་བ་ནས་བརྒྱུད་པའི་ཕྱག་བཞེས་ཉམས་སུ་བཞེས་པས་ལྟ་སྤྱོད་གཙང་ལ། སྒོམ་པ་ལ་གཅིག་ཏུ་གཞོལ། སྔོན་རྗེ་གསེར་བ་དང་། ཐར་ཤུལ་དགེ་འདུན་ཆོས་སྐྱོང་རྒྱ་མཚོ། ཐར་ཤུལ་དགེ་ལེགས་དབང་ཕྱུག་ཆོས་སྐྱོང་རྒྱ་མཚོ། ཨ་རིག་ཚང་། བདག་ཉིད་ཆེན་པོ་ཨ་ཁུ་ཕུན་ཚོགས་རིན་པོ་ཆེའི་སོགས་ཀྱིས་བསྐྱངས་པར་བཤད།
རི་ཁྲོད་འདི་ནམ་བྱུང་གི་ལོ་རྒྱུས་གསལ་བོར་མ་མཐོང་མོད། ངག་རྒྱུན་དུ་ལ་ལས། གསེར་ཁང་རི་ཁྲོད་པ་ལས་བརྒྱུད་པ་ཡིན་ཟེར་ཞིང་། ལ་ལས་ཐོག་མར་རྗེ་གསེར་ཁང་བའི་སློབ་མ་དང་རེབ་སྐོང་སྐུ་ཕྱོགས་སོགས་ནས་གནས་འདིར་འདུས་པ་ཡིན་ཟེར།
ལ་མོ་ཡོངས་འཛིན་རྡོ་རྗེ་འཆང་གི་རྣམ་ཐར་དུ། "རྗེ་གསེར་ཁང་བ་ནས་བརྒྱུད་པའི་མཆོད་མེའི་རྒྱུན་ཉམས་པ་བསྐྱར་གསོ་གནང"ཞེས་རྗེ་གསེར་ཁང་ནས་བྱུང་བར་གསུངས་ཤིང་། འཇིགས་མེད་བསམ་གཏན་གྱིས་མཛད་པའི་རྗེ་གསེར་ཁང་བའི་རྣམ་ཐར་ལས་ཀྱང་། སྐར་མ་ཐང་ནས་བྱ་བཏང་མང་བོ་དང་། །ལྷན་དུ་མཆོད་འབུལ་གནང་ཞིང་སྐྱ་ཀྱཱ་དང་། །དོ་ཀྱཱའི་གྱོད་འདུམ་དངོས་རྫས་མང་བོ་བྱིན། །ཁྲི་ཀར་ཕེབས་ནས་གོང་བ་གྲྭ་ཚང་ལ། །མཆོད་པ་བཙུགས་ཤིང་ཐེབས་སྦྱར་རྭ་རྒྱར་ཕེབས། ཞེས་དང་། ཁྲི་ཀའི་ཡུལ་ཕེབས་གོང་བ་གྲྭ་ཚང་ནས། །ཉིན་མང་མཆོད་འབུལ་སེམས་བསྐྱེད་མཆོད་པ་དང་། །ལོ་བཞིན་མཆོད་པ་དབུལ་རྒྱུ་ཐེབས་ཀྱང་སྦྱར། །ཞེས་གསལ་བོར་གསུངས་ལ། དེ་ནས་ཡང་སྒྲུབ་སྡེ་དམ་པ་ལྷུན་གྲུབ་ཆོས་རྫོང་ནས། །ཟླ་གཅིག་ཕྱེད་ཀྱི་རིང་ལ་རི་ཁྲོད་པ། །ཉིས་བརྒྱ་ལྷག་བཅས་མཆོད་གྲངས་མཆོད་བྱེ་བ་བདུན། །ལྷག་ཙམ་ཕུལ་ཞིང་ལམ་རིམ་ཆེན་པོ་ཡི། །ཞི་ལྷག་གཉིས་ལ་བཤད་པ་རྒྱས་ཙམ་ཕུལ། །ཅེས་གསུངས་པ་དག་ལ་བལྟས་ན་ཁྲི་ཀའི་རི་ཁྲོད་པ་ནི་རྗེ་གསེར་ཁང་བ་ནས་བྱུང་བར་ངོས་བཟུང་ན་འགལ་བ་ཅི་ཡང་མེད།
ཁྲི་ཀའི་རི་ཁྲོད་པ་ལ་གནས་ངེས་པ་མེད་ཅིང་། དུས་རྒྱུན་རང་རང་རི་ཁྲོད་སོགས་སུ་ཉམས་བཞེས་གནང་སྟེ་བཞུགས་ཤིང་། ཆོས་ཐོག་སྐབས་སུ་གཅིག་ཏུ་འཚོགས་ནས་ཉམས་བཞེས་གནང་བ་ཡིན་ཏེ། དགོན་པ་གཅིག་ནས་ལོ་གཉིས་དང་གསུམ་ཕན་ཆད་སྡོད་མི་ཆོག་པ་དང་གྲྭ་ཤག་གཡོར་བ་ལས་རང་ཉིད་ཀྱིས་གྲྭ་ཤག་བརྩིགས་པ་དང་ཉོ་བ་སོགས་གཏན་ནས་མི་ཆོག
འདིའི་འདོན་རྟ་ཕྱག་ལེན་སོགས་གཞན་དང་མི་འདྲ་བར་ཐུན་མོང་མ་ཡིན་ཏེ། རྒྱུན་དུ་ཏིང་ཕོར་བདུན་ཚར་དྲུག་དང་ཞོགས་པའི་བརྒྱ་རྩ་རྒྱུན་ཆགས་སུ་གསུང་དགོས། ཏིང་ཕོར་བདུན་ཚར་དྲུག་པོ་རེ་རེར་དམིགས་པའི་ཉམས་ལེན་མི་འདྲ་བ་དང་འདོན་པའི་ཚིག་ཀྱང་མི་འདྲ་ཟེར། སྤྱིར་ཏིང་ཕོར་ལྔ་བཅུ་དང་། གསིལ་སྙན། ཐེབ་ཙེ། ལྷུང་བཟེད། མཎྚལ། སྣེ་རིང་། ཇ་ཕོར། ཆོས་སྣམ། ལམ་སྔགས་གཉིས་དཔེ་རྒྱུན་ཙམ་གྱི་ཞལ་འདོན་ཉིན་རེ་གང་ཙམ་འགྲོ་བ་དང་བླ་མ་མཆོད་པའི་ཆོ་ག་རྒྱུན་ཆགས་སུ་གསུངས།
རི་ཁྲོད་པའི་ཆོས་ཐོག་ནི་གཉིས་པའི་མཆོད་མེ་ཟེར་བའི་ཟླ་ཆོས་ཡིན་ཞིང་ཧོར་ཟླ་གཉིས་པའི་ཚེས་བཅུ་གཅིག་ནས་གནས་ངེས་མེད་དུ་སྦྱིན་བདག་གི་མོས་འདུན་ལྟར་ཚོགས་སྲོལ་ད་ལྟའི་བར་དུ་ཡོད། རི་ཁྲོད་པའི་སྡེ་ཟེར་བ་ཞིག་གཞི་གཅིག་ཏུ་མེད་ནའང་། བླ་མ་དབུ་མཛད་དགེ་བསྐོས་གསུམ་བསྐོས་ཡོད། བཅའ་ཡིག་ཀྱང་ཡོད་སྐད། འདིར་གཞུག་ན་རི་ཁྲོད་པའི་བླ་མར་སྐྱབས་འཇུག་ཞུས་ནས་བཀའ་འཁྲོལ་དགོས།
རི་ཁྲོད་པ་རྣམས་འདུས་སྐབས་མི་རེར་ནས་སྡོང་སྤུ་བཞི་སྟོང་བརྒྱུས་ནས་སྤྲོད་དགོས་འདུག ཉིན་བཅུ་ལ་མཆོད་མེ་མི་བཅུས་འཇོག་དགོས་པ་དང་གཞན་དག་གིས་གནས་ཚང་གཡར་བའི་གྲྭ་ཤག་ཏུ་ཞལ་འདོན་གསུངས་ནས་ཕེབས་དགོས། ཚོགས་སུ་འཇུག་སྐབས་རི་ཁྲོད་པའི་བྱིངས་དང་བསྟུན་ནས་གསུང་དགོས་ཤིང་ཉིན་ཉི་ཤུ་རིང་བཀའ་འགྱུར་འདོན་པ་དང་། ལྷུང་བཤགས། ཡིག་བརྒྱ། མཎྚལ་གསོག་པ་སོགས་ཡོད།
རྗེ་གསེར་ཁང་བ་ནས་བཟུང་གནས་ངེས་པར་མེད་པར་ཕྱོགས་གང་དུ་སྦྱིན་བདག་ཡོད་ན་དེ་རུང་མཆོད་པ་འཛིན་བཞིན་ཡོད། དཔེར་ན་རྗེ་གསེར་ཁང་བས་བྱ་མདོ་ཧོ་བུད་རི་ཁྲོད་དུ་བཞུགས་དུས་ཁྲི་ཀའི་རི་ཁྲོད་པ་དག་དང་མཉམ་དུ་གཉིས་པའི་མཆོད་མེ་ཞེས་པའི་ལོ་རེ་ཆོས་ཐོག་ཆེན་མོ་དེ་བོན་སྐོར་སྡེ་བས་སྦྱིན་བདག་བྱས་པའི་ལོ་རྒྱུས་རྗེ་དེ་ཉིད་ཀྱི་རྣམ་ཐར་དུ་བྱུང་།
ཕྱིས་སུ་ཐར་ཤུལ་དགེ་འདུན་ཆོས་སྐྱོང་རྒྱ་མཚོ་དང་ཨ་རིག་ཚང་སོགས་ཀྱིས་བརྩེ་བས་ལེགས་པར་བསྐྱངས། གསེར་ཁང་བའི་རྗེས་ནས་ཐར་ཤུལ་སྐུ་ཕྲེང་བཞི་བ་དགེ་འདུན་ཆོས་སྐྱོང་རྒྱ་མཚོས་བསྐྱངས་པར་མངོན་ཏེ་བྱ་ལོའི(1861)ཟླ་བ་གསུམ་པའི་ནང་དུ་གསེར་ཁང་བ་དབུས་ནས་སྐུ་གཤེགས་པའི་གཏམ་གསན་ཏེ་ཐར་ཤུལ་དགེ་འདུན་ཆོས་སྐྱོང་རྒྱ་མཚོས་དགུང་ལོ་ང་གཉིས་བཞེས་པ་ཁོང་གིས་གཙོས་བླ་མ་དང་རི་ཁྲོད་པ་སུམ་བརྒྱ་ལྷག་ཁྲི་ཀའི་གོང་བའི་གྲྭ་ཚང་དུ་འདུས་ནས་ཉིན་བཅུའི་རིང་ལ་དགོངས་རྫོགས་ཀྱི་མཆོད་པ་རྒྱ་ཆེན་པོ་གནང་གསུངས།
དེ་ནས་ཨ་རིག་ཚང་གིས་བསྐྱངས་པ་འདྲ་སྟེ། ཐར་ཤུལ་སྐུ་ཕྲེང་ལྔ་བ་དགེ་ལེགས་དབང་ཕྱུག་ཆོས་སྐྱོང་རྒྱ་མཚོ་དགུང་ལོ་ཉེར་བདུན་པར་རི་ཁྲོད་པའི་བླ་མ་ཨ་ལགས་ཨ་རིག་རིན་པོ་ཆེར་སྐྱབས་འཇུག་ཞུས་པས་ཁོང་གིས་ཁོང་གིས་རི་ཁྲོད་པ་སྐྱོང་བའི་བཀའ་གནང་བ་རི་ཁྲོད་པའི་མགོན་དུ་གྱུར། ད་ནས་བཟུང་ཁྲི་ཀའི་རི་ཁྲོད་པ་ནི་ཕྱོགས་གང་སར་ཕེབས་ནས་སྦྱིན་བདག་དང་བསྟུན་ནས་མཆོད་པ་འབུལ་བཞིན་ཡོད།
ཤིང་མོ་གླང་ལོར(1925)ཁྲི་ཀའི་རི་ཁྲོད་པ་རྣམས་རྐང་ཚར་ཕེབས་པའི་ཞོར་ལ་མདའ་བཞིའི་སྒར་ཐོག་དུ་གདན་འདྲེན་ཞུས།
ཆུ་མོ་གླང་གི་ལོར(1853)མཆོད་རྟེན་སྐེའི་རི་ཁྲོད་ན་བཞུགས་སྐབས་འཁྱམ་རུའི་ཨ་ལགས་རི་ཁྲོད་པ་ཚང་སོགས་ནས་མཐུན་རྐྱེན་སྦྱར་ཏེ། མཆོད་པ་ཆེན་མོ་དབུལ་རྒྱུའི་དབུར་ཐར་ཤུལ་དགེ་ལེགས་དབང་ཕྱུག་ཆོས་སྐྱོང་རྒྱ་མཚོ་གདན་དྲངས་པ་ལྟར་བདེ་ཆེན་དགེ་ཚོགས་འཕེལ་རྒྱས་གླིང་དུ་ཕེབས། སྐུ་མཆེད་རིན་པོ་ཆེ་དང་། ཨ་རོལ་རིན་པོ་ཆེ་སོགས་རི་ཁྲོད་པ་སུམ་བརྒྱ་ལྷག་ཙམ་དང་ལྷན་དུ་ཟླ་བ་ཕྱེད་ཙམ་གྱི་རིང་ལ། བླ་མ་རྒྱལ་བ་སྲས་དང་བཅས་པའི་སྤྱན་སྔར་མཆོད་པའི་བྱེ་བྲག་བསམ་གྱིས་མི་ཁྱབ་པ་ཕུལ།
ས་བྱི་ལོའི(1948)ཟླ་གཉིས་པར་དགེ་ལེགས་དབང་ཕྱུག་ཆོས་སྐྱོང་རྒྱ་མཚོས་གཙོས་ཁྲི་ཀའི་ཀུན་སྤངས་རི་ཁྲོད་པ་བརྒྱ་ཕྲག་ལྷག་སྣང་རའི་གསེར་ཁང་དུ་ཞུས་ནས་བསྙེན་བཀུར་ཕུན་སུམ་ཚོགས་པ་ཞུས།
ང་བརྒྱད་ཡར་སྔོན་དུ་ཁྲི་ཀའི་ཀུན་སྤངས་རི་ཁྲོད་པའི་ཁྲི་བ་རྗེ་དགེ་འདུན་ཤེས་རབ་ཚང་གིས་ལོ་རེའི་ལྷ་བབས་དུས་ཆེན་དང་བསྟུན་ནས་ཁྲི་ཀའི་ཇོ་ཁང་དུ་སྟོང་མཆོད་དང་། མ་ཎི། སྨྱུང་གནས་སོགས་ཀྱིས་ཐོག་དྲངས་པའི་དགེ་སྒྲུབ་མཐའ་ཡས་པ་གནང་བཞིན་ཡོད་པ་མ་ཟད། གསར་རྙིང་ཁྱད་མེད་ཀྱིས་ཆུ་མིག་གཉན་ཁྲོད་འགྲིམ་པ་དང་། བར་དོ་བར་ལོ་རེར་བཞིན་ཚ་བསུར་གྲངས་མང་སྦྱིན་ཞིང་བྱང་ཆུབ་ལམ་གྱི་རིམ་པ་ཉམས་བཞེས་གནང་།
ཁོང་འཚོ་བཞུགས་སྐབས་མཆོད་མེའི་ཆོས་ཐོག་སོགས་ཁྲི་ཀའི་ཇོ་ཁང་སོགས་ནས་ཧ་ཅང་རྒྱ་ཆེ་བའི་ངང་འཚོགས་བཞིན་ཡོད་པར་བགྲེས་པོ་ཚོས་གླེང་། ལོ་རབས་ལྔ་བཅུ་བའི་སྔོན་དུ་ཁྲི་ཀའི་རི་ཁྲོད་པ་བརྒྱ་ཟེར་སྲོལ་ཡོད་སྐད།
ང་བརྒྱད་ལོ་ནས་ཁྲི་ཀའི་རི་ཁྲོད་པ་དག་ཀྱང་ཉམས་ཤིང་རྩ་ཐོར་དུ་སོང་། དེ་ནས་བཟུང་ལོ་མང་བོའི་རིང་ལ་ཁྲི་ཀའི་རི་ཁྲོད་པ་མེད་ཅིང་བསྟན་པ་ཡང་དར་ནས་ཀྱང་སླར་གསོ་བྱེད་མ་ཐུབ།
བོད་རབ་བྱུང་བཅུ་བདུན་པའི་ལྕགས་ལུག་སྟེ་ཕྱི་ལོ1991ལོར་ལ་མོ་ཡོངས་འཛིན་པས་སྔར་ཁྲི་ཀའི་རི་ཁྲོད་པའི་མཆོད་མེའི་ཚོགས་རྒྱུན་ཆད་ནས་རྒྱུན་རིང་འགོར་བ་ཐུགས་ཀྱིས་མ་བཟོད་པས་རི་ཁྲོད་པ་བཅོ་ལྔ་ཙམ་ལ་སྐུལ་མ་གནང་ཞིང་། ཨ་ལགས་གཤོང་མོ་ཆེ་ཚང་རི་ཁྲོད་པའི་བླ་མར་བསྐོས་ཏེ་བསྟན་པ་ཡང་དར་སྐབས་ཀྱི་ཁྲི་ཀའི་རི་ཁྲོད་པའི་མར་མེ་ཆོས་ཐོག་ཐོག་དང་བོ་ཁྲི་ཀའི་ཇོ་ཁང་དུ་འཚོགས། ད་ལྟ་ཁྲི་ཀའི་རི་ཁྲོད་པ་སུམ་ཅུ་ལྷག་ཡོད་པར་བཤད་ཅིང་། ཨ་ལགས་བེའུ་ཀྱཱ་ཚང་རི་ཁྲོད་པའི་བླ་མར་བྱེད་བཞིན་ཡོད་སྐད།
དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1