རྔ་བ་ཁུལ་གྱི་ཐོག་མའི་གླུ་དབྱངས་ཟློས་གར༼བོད་པ་སེང་གེ.རལ་བའི་རྣམ་ཤེས༽ཞེས་པ་སི་ཁྲོན་མི་རིགས་སྒྱུ་རྩལ་དུས་སྟོན་སྟེང་ཐོག་དང་པོར་འཁྲབ་སྟོན་བྱས་ལ། གླུ་དབྱངས་ཟློས་གར་འདིར་བོད་ཆའང་མི་རིགས་ཀྱི་ཁྱད་ཆོས་འབུར་དུ་ཐོན་པ་དང་གཏམ་རྒྱུད་ཀྱི་སྣང་བརྙན་གསལ་བ། ཡིད་སེམས་འགུག་པའི་ལུས་ངག་གི་ཉམས་ཐོན་པ་སོགས་སྒྱུ་རྩལ་གྱི་གསོན་ཉམས་ལ་ལྟད་མོ་བ་ཡོངས་ཀྱིས་དགའ་བསུའི་ཐལ་མོ་མཚམས་མ་ཆད་པ་བྱུང་།
འདི་ནི་མི་རིགས་མཐུན་སྒྲིལ་དང་ཕ་ཡུལ་གྱི་བརྩེ་བ་བརྗོད་བྱ་བྱས་པའི་ཟློས་གར་ཞིག་ཡིན་ལ། གཏམ་རྒྱུད་འདི་བརྒྱུད་ཀྲུང་གོའི་ཉལ་ཐའི་དམག་འཁྲུག་གི་ལོ་རྒྱུས་ལ་རྒྱུས་ལོན་གསར་བ་ཞིག་བྱེད་ཐུབ་པ་ཡིན། འདིར་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་འཁྲབ་གཞུང་རྩོམ་པ་པོ་ཧྲིན་ཁྲིན་ཧྲིན་དང་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་འཁྲབ་སྟོན་པ་དང་འཁྲབ་གཞུང་རྩོམ་པ་པོ་ལེན་པོ་སོགས་འཁྲབ་གཞུང་རྩོམ་སྒྲིག་གི་གྲས་སུ་ཞུགས་ཡོད་ལ། རྔ་བ་ཁུལ་མི་རིགས་སྒྱུ་རྩལ་ཚོགས་པའི་འཁྲབ་སྟོན་པ་བརྒྱ་ལྷག་གིས་སྒྱུ་རྩལ་གྱི་ཉམས་དོད་ཅིང་གསོན་ཉམས་ལྡན་པའི་ངང་འཁྲབ་སྟོན་བྱས་པ་ཞིག་ཡིན།
ཉལ་ཐའི་དམག་འཁྲུག
གསལ་བཤད་བྱས་པ་ལྟར་ན། ༼བོད་པ་སེང་གེ.རལ་བའི་རྣམ་ཤེས༽ནི་དངོས་བྱུང་གཏམ་རྒྱུད་བསྐྱར་སྒྲིག་བྱས་པ་ཞིག་ཡིན་པ་དང་། རལ་བའི་བང་སོ་རྒྱུ་ཆ་བྱས་ནས་ཉལ་ཐའི་དམག་འཁྲུག་སྐབས་ཀྱི་གནས་ཚུལ་ལྷུག་བརྗོད་བྱས་ཡོད་ཏེ། ཤར་ལྷོའི་མཚོ་རྒྱུད་ཉེན་ཁའི་གནས་སུ་འཕྲད་པ་དང་རྒྱལ་ཁབ་འཇིགས་ཉེན་ལ་འཕྲད་པའི་གཉན་འཕྲང་ཞིག་གི་སྐབས་སུ། རྔ་བ་ཁུལ་གྱི་བོད་ཆའང་དམག་མི་སྟོང་ཕྲག་གཉིས་ལྷག་ཀྲེ་ཅང་ཕྱོགས་སུ་བསྐྱོད་ནས་དབྱིན་དམག་ལ་འགོག་རྒོལ་བྱས་ཤིང་། ལེན་པའོའི་སྲུང་སྐྱོབ་དམག་འཁྲུག་ཁྲོད་དུ་ཁྲག་གི་འཁོར་ལོ་བསྐོར། དེ་ལྟར་དཔའ་མཛངས་ཀྱིས་གཡུལ་ལ་ཞུགས་པའི་དཔའ་རྒོད་རྣམས་ཀྱི་རུས་སྐོག་སྐམ་པོ་གཞན་ཡུལ་དུ་སྦས་དགོས་བྱུང་བས། རལ་བ་དང་བཏགས་བྱང་ཙམ་རེ་ལས་རང་གི་གཤིན་ས་དྲོན་མོར་མ་འབྱོར་བས་ཕ་ཡུལ་གྱི་གཉེན་མི་རྣམས་ཀྱིས་རལ་བ་བང་སོ་རུ་སྦས་པས་རལ་བའི་བང་སོ་ཞེས་ཐོགས་སོ། །
༼ཙི་ཞི་རྫོང་གི་ལོ་རྒྱུས༽སུ་འཁོད་པ་ལྟར་ན། དབྱིན་འགོག་དཔའ་བོའི་མཛད་རྗེས་ལ་རྗེས་དྲན་བྱེད་ཆེད། ས་གནས་མང་ཚོགས་ཀྱིས་ཞལ་འདེབས་གནང་བ་ལྟར་ཀའོ་ཅེ་ཚི་ཟེར་བ་བཞེངས་ལ། ཀྲུའུ་ཀེའུ་དམག་དཔོན་དགོན་ཀྱང་ཟེར། འདི་ནི་ད་ལྟའི་བར་དུ་ཀྲེ་ཅང་ཞིང་ཆེན་ལིན་པའོ་གྲོང་ཁྱེར་གྱི་ཙི་ཞི་མཁར་མཐའ་རུ་མ་ཉམས་པར་ཡོད། འདིའི་ནང་དུ་དབྱིན་འགོག་དཔའ་བོ་ཨ་བཟང་དང་ཨ་ཁེན་སོགས་མཆོད་པའི་ལྷ་རུ་བཞེངས་ཡོད་ལ། ས་གནས་མང་ཚོགས་ཀྱིས་ལོ་རེ་རེ་བཞིན་མཆོད་འབུལ་བྱེད་ཀྱིན་དཔའ་བོ་རྣམས་ཀྱི་མཛད་པའི་འཕྲིན་ལས་ལ་རྗེས་དྲན་དང་གུས་འདུད་ཞུ་བཞིན་ཡོད།
དེ་ཡང་རྔ་བ་ཁུལ་གྱི་ལིས་རྫོང་ཀམ་ཕུ་སྡེ་བ་ལ་མཚོན་ན༼བོད་པ་སེང་གེ༽ནི་རང་ས་གནས་ཀྱི་ཁྱད་ཆོས་ལྡན་པའི་སྐོར་བྲོ་ཞིག་ཏུ་གྱུར་ཡོད། དེ་ནི་ཆིང་ཏའོ་ཀོང་གི་ལོ་རབས་སུ་ཀམ་ཕུ་སྡེ་བའི་མི་རྣམས་ཀྱིས་ཤར་ལྷོ་མཚོ་རྒྱུད་ནས་དབྱིན་དམག་ལ་འཐབ་ནས་ཚེ་སྲོག་བློས་བཏང་བའི་བོད་ཆའང་གི་དཔའ་བོ་རྣམས་ལ་རྗེས་དྲན་བྱ་ཆེད་གསར་དུ་བརྩམས་པའི་མཆོད་འབུལ་ཞབས་བྲོ་ཞིག་ཡིན། ལོ་རེའི་ལུགས་རྙིང་གི་ཟླ་ལྔ་བའི་ཚེས་ལྔ་ཉིན། སྡེ་བ་ཡོངས་ཀྱི་སྡེ་མི་རྣམས་ཀྱིས་རལ་བའི་བང་སོ་ལ་མཆོད་འབུལ་བྱ་འགུལ་སྤེལ་སྐབས་བྲོ་འདི་འཁྲབ་པ་རེད། འདིར་ལོ་ན་རྒན་གཞོན་མེད་པར་ཞུགས་མཁན་ཤིན་ཏུ་མང་ལ། རྣམ་པར་བརྗིད་ཉམས་ལྡན་པས་དཔའ་བོར་བརྩི་བཀུར་དང་བསྟོད་བསྔགས་ཀྱི་བསམ་པ་མཚོན་པར་བྱེད་པ་དང་རྗེས་རབས་པ་དག་ལ་དཔའ་བོ་རྣམས་ཀྱི་མཛད་རྗེས་ནམ་ཡང་ཡིད་ལ་འཛིན་ཆེད་དང་བོད་ཆའང་མི་རིགས་ཀྱི་རྒྱལ་གཅེས་རིང་ལུགས་ཀྱི་བསམ་པ་ལྷག་ཏུ་མཚོན་ཡོད།
རྒྱུས་ལོན་བྱུང་བ་ལྟར་ན། མུ་མཐུད་དུ་འཁྲབ་གཞུང་ལེགས་བཅོས་དང་འཐུས་སྒོ་ཇེ་ཚང་དུ་བཏང་མཐར། སང་ལོ༼བོད་པ་སེང་གེ.རལ་བའི་རྣམ་ཤེས༽ཞེས་པའི་གླུ་དབྱངས་ཟློས་གར་འདི་ཀྲེ་ཅང་ནས་འཁྲབ་སྟོན་བྱེད་རྒྱུ་རེད།