ཞི་ཅིན་ཕིང་གིས་ཀྲུང་དབྱང་དམག་ཨུད་ཀྱི་གྲོས་ཚོགས་ཐོག་གསུང་བཤད་གནང་བ།

རྩོམ་སྒྲིག་པ།ཡོང་ཁུངས།ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། སྤེལ་དུས། 11-15


ཞི་ཅིན་ཕིང་གིས་ཀྲུང་དབྱང་དམག་ཨུད་ཀྱི་སྲིད་ཇུས་ལམ་ལུགས་སྒྱུར་བཅོས་ལས་དོན་གྲོས་ཚོགས་ཐོག་དམག་དོན་སྲིད་ཇུས་ལམ་ལུགས་སྒྱུར་བཅོས་ཀྱི་གལ་ཆེའི་རང་བཞིན་དང་ཁ་ཚ་དགོས་གཏུག་རང་བཞིན་ལ་སྐུལ་འདེད་བཏང་ནས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དམག་དོན་སྲིད་ཇུས་ལམ་ལུགས་མ་ལག་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བར་ངོས་འཛིན་གསལ་པོ་བྱེད་དགོས་པའི་ནན་བཏོན་གནང་བ།

        ཀྲུང་དབྱང་དམག་ཨུད་ཀྱི་སྲིད་ཇུས་ལམ་ལུགས་སྒྱུར་བཅོས་ལས་དོན་གྲོས་ཚོགས་སྤྱི་ཚེས་༡༣ཉིན་ནས་༡༤ཉིན་བར་པེ་ཅིང་དུ་འཚོགས་པ་རེད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་རྒྱལ་སྲུང་དང་དམག་དཔུང་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བའི་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་ཞི་ཅིན་ཕིང་གྲོས་ཚོགས་ལ་ཞུགས་གནང་བ་མ་ཟད་གསུང་བཤད་གལ་ཆེན་གནང་ཡོད། ཁོང་གིས། དམག་དོན་སྲིད་ཇུས་ལམ་ལུགས་ཀྱིས་དམག་དོན་འབྲེལ་བ་སྙོམ་སྒྲིག་དང་། དམག་དོན་ལག་ལེན་ཚད་ལྡན་བཟོ་བ། དམག་དོན་གོང་འཕེལ་ལ་འགན་སྲུང་ཐུབ་པ་དང་། དམག་དོན་སྲིད་ཇུས་ལམ་ལུགས་སྒྱུར་བཅོས་ཀྱིས་ཏང་གི་དུས་རབས་གསར་པའི་དམག་དཔུང་སྟོབས་ཆེའི་དམིགས་འབེན་མངོན་འགྱུར་དང་། མི་དམངས་དམག་དཔུང་དེ་འཛམ་གླིང་གི་དམག་དཔུང་རྩེ་གྲར་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པ། ལོ་བརྒྱ་གཉིས་ཀྱི་འབད་འཐབ་དམིགས་འབེན་མངོན་འགྱུར་ཡོང་བ། ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་རླབས་པོ་ཆེའི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་བ་བཅས་ལ་དོན་སྙིང་གལ་ཆེན་ལྡན་ཡོད། དམག་དོན་སྲིད་ཇུས་ལམ་ལུགས་སྒྱུར་བཅོས་ཀྱི་གལ་ཆེའི་རང་བཞིན་དང་ཁ་ཚ་དགོས་གཏུག་རང་བཞིན་ལ་ངོས་འཛིན་གསལ་པོ་བྱེད་པ་དང་། བསམ་བློ་གཅིག་གྱུར་དང་། སེམས་ཤུགས་བརྟན་པོ། གོམ་སྟབས་གཅིག་གྱུར། དོན་འཁྱོལ་ལ་དམ་འཛིན་བཅས་བྱས་ཏེ། དམག་དོན་སྲིད་ཇུས་ལམ་ལུགས་སྒྱུར་བཅོས་ལས་འགན་ཡག་པོ་སྒྲུབ་དགོས་པའི་ནན་བཏོན་གནང་བ་དང་།

        ཞི་ཅིན་ཕིང་གིས་གསུང་བཤད་གནང་སྐབས་གསར་བརྗེ་དང་། འཛུགས་སྐྲུན། སྒྱུར་བཅོས་བཅས་ལོ་རྒྱུས་ཀྱི་དུས་མཚམས་སོ་སོར་རང་རེའི་ཏང་གིས་དུས་བབ་ཀྱི་འཕེལ་རྒྱས་འགྱུར་བ་དང་། ཏང་གི་ལོ་རྒྱུས་འགན་འཁྲི། མི་དམངས་དམག་དཔུང་གིས་འཁུར་བའི་འགན་འཁྲི་དང་ལས་འགན་བཅས་ལ་གཞིགས་པ་དང་། དམག་དཔུང་འཛུགས་སྐྱོང་དང་དམག་དཔུང་བཅོས་སྐྱོང་གི་ཁྱད་ཆོས་ཆོས་ཉིད་དང་ལག་ལེན་གྱི་བླང་བྱར་གཞིགས་ཏེ། དམག་དོན་སྲིད་ཇུས་ལམ་ལུགས་ཟམ་མི་ཆད་པར་ལེགས་སྒྲིག་དང་འཐུས་སྒོ་ཚང་དུ་བཏང་ནས། མི་དམངས་དམག་དཔུང་གི་ངོ་བོ་དང་དམིགས་ཡུལ་ལ་འགྱུར་བ་མེད་པ་དང་། རྒྱལ་ཁ་ཐོབ་པའི་ནུས་པ་མཐོ་རུ་འགྲོ་བ། རྒྱལ་ཁ་ནས་རྒྱལ་ཁའི་ཕྱོགས་སུ་ཟམ་མི་ཆད་པར་བསྐྱོད་རྒྱུར་འགན་སྲུང་གལ་ཆེན་མཁོ་འདོན་བྱེད་དགོས་ཞེས་གསུངས་པ་དང་།
        ཞི་ཅིན་ཕིང་གིས། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་པར་སླེབས་པ་དང་། རྒྱལ་སྲུང་དང་དམག་དཔུང་འཛུགས་སྐྱོང་ཡང་དུས་རབས་གསར་པར་སླེབས་པས། དམག་དོན་སྲིད་ཇུས་ལམ་ལུགས་ཀྱི་གཏིང་ཟབ་པའི་འགལ་ཟླ་དང་གནད་དོན་ཐག་གཅོད་བྱེད་དགོས་པ་དང་། རྒྱལ་སྲུང་དང་དམག་དཔུང་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བའི་ཕན་ནུས་ཁྱོན་ཡོངས་ནས་ཐོན་པ་བྱེད་པ། དམག་དཔུང་སྟོབས་ཆེར་གཏོང་བའི་བྱ་གཞག་གི་རྣམ་པ་གསར་པ་གཏོད་པ། དམག་དོན་འགྲན་རྩོད་དང་དམག་འཐབ་ཀྱི་རང་འགུལ་དབང་ཆ་ཁོང་དུ་ཆུད་པ། དུས་བབ་དང་ལས་འགན། གོང་འཕེལ་བཅས་ཀྱི་བླང་བྱ་དང་འཚམ་ཐུབ་པ་བྱས་ཏེ། དམག་དོན་སྲིད་ཇུས་ལམ་ལུགས་ལ་གོ་རིམ་ལྡན་པ་དང་སྒྱུར་བཅོས་གཏིང་ཟབ་བྱེད་དགོས་ཞེས་གསུངས་པ་དང་།
        ཞི་ཅིན་ཕིང་གིས། དམག་དོན་སྲིད་ཇུས་ལམ་ལུགས་སྒྱུར་བཅོས་ཀྱི་མཛུབ་ཁྲིད་བསམ་བློ་ནི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་དང་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་གྱིས་མཛུབ་ཁྲིད་བྱེད་པ་དང་། དུས་རབས་གསར་པའི་ཏང་གི་དམག་དཔུང་སྟོབས་ཆེའི་དགོངས་པ་ལག་བསྟར་གཏིང་ཟབ་བྱས་ཏེ། ཏང་གིས་དམག་དཔུང་ལ་བལྟོས་མེད་འགོ་ཁྲིད་བྱེད་པའི་ཁ་ཕྱོགས་འགན་ལེན་བྱེད་དགོས་པ་དང་། དམག་འཐབ་ནུས་པ་དེ་རྩ་བའི་ཚད་གཞི་ཉག་ཅིག་ལ་བརྩི་བ། དམག་དོན་མི་སྣའི་ཧུར་སེམས་དང་། རང་འགུལ་རང་བཞིན། གསར་སྐྲུན་རང་བཞིན་བཅས་སྐུལ་སློང་བྱ་རྒྱུ་ཤུགས་སྣོན་རྒྱག་སར་བརྩི་བ། མ་ལག་ཚང་བའི་ཇུས་འགོད་དང་སྔོན་མཐོང་ཇུས་འགོད་བྱེད་པ། གསར་སྐྲུན་གོང་འཕེལ་དང་སྤྱི་ཡོངས་སླར་གསོ་བྱེད་པ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དམག་དོན་སྲིད་ཇུས་ལམ་ལུགས་ཀྱི་མ་ལག་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་སྟེ། ཏང་གི་དུས་རབས་གསར་པའི་ཀྲུང་གོའི་དམག་དཔུང་སྟོབས་ཆེའི་དམིགས་འབེན་མངོན་འགྱུར་དང་། མི་དམངས་དམག་དཔུང་དེ་འཛམ་གླིང་གི་དམག་དཔུང་རྩེ་གྲར་ཁྱོན་ཡོངས་ནས་འཛུགས་སྐྱོང་བྱ་རྒྱུར་སྲིད་ཇུས་དང་ལམ་ལུགས་ཀྱི་འགན་སྲུང་ནུས་ལྡན་མཁོ་འདོན་བྱེད་དགོས་ཞེས་གསུངས་པ་དང་།
        ཞི་ཅིན་ཕིང་གིས། རང་རེའི་དམག་དཔུང་གི་ཏང་འཛུགས་སྐྱོང་ལམ་ལུགས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ་དང་། དུས་རབས་གསར་པའི་ཏང་འཛུགས་སྐྱོང་གི་སྤྱིའི་བླང་བྱ་ལག་བསྟར་བྱེད་པ། ཏང་གི་སྒྲིག་ཡིག་དེ་རྩ་བའི་བརྩི་སྲུང་ཞུ་སར་བརྩི་བ། དམག་དཔུང་གི་ཏང་གི་ཆབ་སྲིད་འཛུགས་སྐྱོང་དང་། བསམ་བློའི་འཛུགས་སྐྱོང་། རྩ་འཛུགས་འཛུགས་སྐྱོང་། སྤྱོད་ཚུལ་འཛུགས་སྐྱོང་། སྒྲིག་ཁྲིམས་འཛུགས་སྐྱོང་བཅས་ཀྱི་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ། ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་སྡུད་གཅིག་གྱུར་འགོ་ཁྲིད་ལ་སྲུང་སྐྱོང་བྱས་ནས། ཏང་གིས་དམག་དཔུང་ལ་བལྟོས་མེད་འགོ་ཁྲིད་བྱེད་པའི་རང་རེའི་དམག་དཔུང་གི་ཏང་འཛུགས་སྐྱོང་ལམ་ལུགས་ལ་འགན་ལེན་བྱེད་དགོས་པའི་ནན་བཏོན་གནང་ཡོད་པ་དང་།
        ཞི་ཅིན་ཕིང་གིས། དམག་དོན་སྟོབས་ཤུགས་བེད་སྤྱོད་བྱེད་པའི་སྲིད་ཇུས་ལམ་ལུགས་གསར་གཏོད་བྱེད་པ་དང་། རྒྱལ་ཁབ་ཀྱི་བདེ་འཇགས་འཐབ་ཇུས་དགོས་མཁོ་དང་མཐུན་པ། དམག་རྒྱག་ཐུབ་པ་དང་དམག་ལ་རྒྱལ་ཁ་ལེན་པར་གཅིག་སྡུད་ཐོག་དོ་ཁུར་བྱེད་པ། དམག་དོན་འཐབ་ཇུས་ཀྱི་མཛུབ་ཁྲིད་ལམ་ལུགས་གསར་གཏོད་བྱེད་པ། མཉམ་འབྲེལ་དམག་འཐབ་བྱེད་པའི་ཁྲིམས་སྲོལ་མ་ལག་འཛུགས་པ། དམག་གྲབས་ལམ་ལུགས་ལེགས་སྒྲིག་དང་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ཏེ། མཉམ་འབྲེལ་དང་དུས་རྒྱུན་དང་དམག་འཐབ་གཞི་གཅིག་གིས་རྨང་གཞི་བྱས་པའི་དམག་དོན་སྟོབས་ཤུགས་བེད་སྤྱོད་ཀྱི་སྲིད་ཇུས་ལམ་ལུགས་ཆགས་པ་བྱེད་པ་དང་། དུས་རབས་གསར་པར་རང་རེའི་དམག་གི་འགན་འཁྲི་དང་ལས་འགན་ཁྱོན་ཡོངས་ནས་ལག་བསྟར་བྱེད་དགོས་ཞེས་བསྟན་ཡོད་པ་དང་།
        ཞི་ཅིན་ཕིང་གིས། དམག་དོན་སྟོབས་ཤུགས་འཛུགས་སྐྲུན་གྱི་སྲིད་ཇུས་ལམ་ལུགས་བསྐྱར་འཛུགས་བྱེད་པ་དང་། དམག་དོན་མི་ཤུགས་ཐོན་ཁུངས་ལམ་ལུགས་མ་ལག་འཆར་འགོད་བྱ་རྒྱུར་ཤུགས་སྣོན་རྒྱག་པ། དམག་དོན་ལས་རིགས་ཅན་ལམ་ལུགས་འཛུགས་པ། དམག་མིའི་ཐོབ་ཆ་འགན་ལེན་བྱེད་པའི་ལམ་ལུགས་ལེགས་སུ་གཏོང་བ། དམག་མིའི་མཆན་སྙན་མ་ལག་འཛུགས་པ་དང་འཐུས་ཚང་དུ་གཏོང་བ། དམག་དོན་སྦྱོང་བརྡར་དང་སྒྲིག་ཆས་གོང་འཕེལ། རྒྱབ་ཕྱོགས་མཁོ་གྲུབ་འཛུགས་སྐྱོང་། དམག་དོན་ཚན་ཞིབ། རྒྱལ་སྲུང་སྐུལ་སློང་། དམག་དམངས་མཉམ་འདྲེས་སོགས་ཐད་ཀྱི་སྲིད་ཇུས་ལམ་ལུགས་སྒྱུར་བཅོས་བྱ་རྒྱུར་གཅིག་གྱུར་འཆར་འགོད་བྱེད་པ་དང་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། དམག་རྒྱག་རྒྱུར་དོ་སྣང་བྱེད་པ་དང་། གསར་གཏོད་ལ་སྐུལ་མ་གཏོང་བ། དམག་དམངས་མཉམ་འདྲེས་བཅས་ཀྱི་དམག་དོན་སྟོབས་ཤུགས་འཛུགས་སྐྱོང་སྲིད་ཇུས་ལམ་ལུགས་ཆགས་པ་བྱེད་པ་དང་། དམག་འཐབ་ནུས་པ་བཅིངས་འགྲོལ་དང་གོང་འཕེལ་དེ་བས་ཡག་པ་གཏོང་དགོས་ཞེས་ནན་བཤད་གནང་ཡོད་པ་དང་།
        ཞི་ཅིན་ཕིང་གིས། དམག་དོན་དོ་དམ་སྲིད་ཇུས་ལམ་ལུགས་སྒྱུར་བཅོས་ལ་སྐུལ་འདེད་གཏོང་བ་དང་། འཐབ་ཇུས་དོ་དམ་ལམ་ལུགས་གསར་གཏོད་བྱེད་པ། དམག་དོན་འགྲོ་གྲོན་དོ་དམ་ལམ་ལུགས་འཛུགས་པ། དམག་དོན་ཐོན་ཁུངས་གཅིག་གྱུར་འཆར་འགོད་དང་བཀོད་སྒྲིག་ལ་ཤུགས་སྣོན་རྒྱག་པ། ཁྲིམས་སྲོལ་ལམ་ལུགས་འཛུགས་སྐྱོང་གཅིག་སྡུད་ཅན་དང་། དམག་དོན་ཁྲིམས་སྲོལ་ཁྲིམས་གཞུང་དྲང་ཅན་ལ་འགྱུར་རྒྱུར་སྐུལ་འདེད་གཏོང་བ། དམག་དོན་ཁྲིམས་འཛིན་ལམ་ལུགས་སྒྱུར་བཅོས་ལ་སྐུལ་འདེད་གཏོང་བ། གནས་ལ་འཕིགས་པ་དང་ཕན་འབྲས་མཐོ་བ། ཁྱོན་ཡོངས་ཚད་ལྡན། ཚོད་འཛིན་ནན་པོ་བཅས་ཀྱི་དམག་དོན་དོ་དམ་སྲིད་ཇུས་ལམ་ལུགས་ཆགས་པ། དམག་དོན་མ་ལག་འཁོར་རྒྱུག་གི་ནུས་པ་མཐོ་རུ་གཏོང་བ་བཅས་བྱས་ཏེ། རང་རེའི་དམག་གི་སྤུས་ཚད་མཐོ་པོའི་གོང་འཕེལ་ལ་སྐུལ་འདེད་གཏོང་དགོས་ཞེས་བསྟན་ཡོད་པ་དང་།
        ཞི་ཅིན་ཕིང་གིས། དམག་ཡོངས་ཀྱིས་ཏང་ཀྲུང་དབྱང་དང་ཀྲུང་དབྱང་དམག་ཨུད་ཀྱི་དམག་དོན་སྲིད་ཇུས་ལམ་ལུགས་སྒྱུར་བཅོས་སྐོར་གྱི་བཀོད་ཇུས་བཀོད་སྒྲིག་དེ་ཆབ་སྲིད་འགན་འཁྲི་གལ་ཆེན་ལ་བརྩིས་ནས། འགན་འཁྲི་འཁུར་རྒྱུར་ཤུགས་སྣོན་རྒྱག་པ་དང་། སྒྲིག་འཛུགས་ལག་བསྟར་ཞིབ་ཚགས་བྱེད་པ། ནུས་ཡོད་དང་གོ་རིམ་ལྡན་པའི་ངང་ནས་སྐུལ་འདེད་གཏོང་དགོས། བསམ་བློ་གཅིག་གྱུར་གྱི་ལས་དོན་ལ་དམ་འཛིན་ཡག་པོ་བྱེད་པ་དང་། དམག་ཡོངས་ཀྱིས་དམག་དོན་སྲིད་ཇུས་ལམ་ལུགས་སྒྱུར་བཅོས་ཀྱི་དོན་སྙིང་གལ་ཆེན་ངོས་འཛིན་གཏིང་ཟབ་བྱེད་པ་དང་ཁོང་དུ་ཆུད་རྒྱུར་ཁྲིད་སྟོན་བྱས་ནས། རང་འགུལ་ངང་ཆབ་སྲིད་དང་གནས་བབ་ཆེན་པོའི་མཐོ་ཚད་ཐོག་ནས་སྒྱུར་བཅོས་ལ་ངོས་འཛིན་དང་སྒྱུར་བཅོས་ལ་རྒྱབ་སྐྱོར། སྒྱུར་བཅོས་ལ་བརྩི་སྲུང་བཅས་ཞུ་དགོས། རིམ་པ་ཁག་དང་ལྷག་པར་དུ་མཐོ་རིམ་ལས་བྱེད་པས་འདུ་ཤེས་བཞིར་ཤུགས་སྣོན་རྒྱག་པ་དང་། སྣེ་ཁྲིད་ནས་ཆབ་སྲིད་གླེང་བ་དང་། གནས་བབ་ཆེན་པོར་གཞིགས་པ། སྒྲིག་ཁྲིམས་སྲུང་བ། སྒྱུར་བཅོས་ལ་སྐུལ་འདེད་གཏོང་བ། འགན་འཁྲི་འཁུར་བ་བཅས་བྱེད་དགོས། འགན་འཁྲི་དོན་འཁྱོལ་ལས་དོན་ལ་དམ་འཛིན་ཡག་པོ་བྱེད་པ་དང་། འགན་ནུས་དང་ལས་འགན་ཁ་བགོས་ལ་གཞིགས་ནས་སྲིད་ཇུས་ལམ་ལུགས་བཟོ་བ་དང་དོན་འཁྱོལ་བྱེད་པའི་ལས་དོན་ལ་དམ་འཛིན་ཡག་པོ་བྱེད་པ་དང་། སྒྱུར་བཅོས་བྱ་ཐབས་མཐུན་སྦྱོར་འབྲེལ་མཐུད་ལ་ཤུགས་སྣོན་རྒྱག་པ། སྒྱུར་བཅོས་འཕེལ་རིམ་གྱི་སྤྱིའི་སྙོམ་སྒྲིག་ཚོད་འཛིན་ལ་ཤུགས་སྣོན་རྒྱག་པ། སྒྱུར་བཅོས་དོན་འཁྱོལ་གནས་ཚུལ་ལྟ་སྐུལ་ཞིབ་བཤེར་བྱ་རྒྱུར་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ། སྒྱུར་བཅོས་དེ་གཏན་འཁེལ་བྱས་ཟིན་པའི་བཀོད་སྒྲིག་ལྟར་མདུན་ཕྱོགས་སུ་སྐུལ་འདེད་གཏོང་ཐུབ་པའི་འགན་ལེན་བྱེད་དགོས། གཅིག་གྱུར་འཆར་འགོད་དང་མཐུན་སྦྱོར་ལས་དོན་ལ་དམ་འཛིན་བྱས་ཏེ། སྒྱུར་བཅོས་ཁ་ཚ་དགོས་གཏུག་ཡིན་པ་དང་། དམག་གྲབས་དགོས་གལ་ཆེ་བ། དཔོན་དམག་གི་རེ་སྒུག་ཆེན་པོ་བྱེད་པ་བཅས་འབུར་དུ་ཐོན་པ་བྱེད་པ་དང་། དུས་ཚོད་དམ་འཛིན་ངང་སྲིད་ཇུས་ལམ་ལུགས་ཁག་གཅིག་འདོན་དགོས་ཞེས་ནན་བཤད་གནང་ཡོད་པ་དང་།
        ཞི་ཅིན་ཕིང་གིས། དམག་དོན་སྲིད་ཇུས་ལམ་ལུགས་སྒྱུར་བཅོས་ལ་སྐུལ་འདེད་གཏོང་བ་ནི་དམག་དཔུང་དང་ས་གནས་ཕྱོགས་གཉིས་པོའི་ཐུན་མོང་གི་ལས་འགན་ཡིན་ཞིང་། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས། ས་གནས་ཀྱི་རིམ་ཁག་ཏང་ཨུད་དང་སྲིད་གཞུང་ནས་དམག་དཔུང་གི་སྒྱུར་བཅོས་ལ་ཐུགས་ཁུར་བྱེད་པ་དང་རྒྱབ་སྐྱོར་བྱེད་པ། རང་ཉིད་ནས་འཁུར་བའི་སྒྱུར་བཅོས་ལས་འགན་དོན་འཁྱོལ་ཡག་པོ་བྱས་ཏེ། དམག་དཔུང་དང་ས་གནས་མཉམ་ཤུགས་ཀྱི་རྣམ་པ་བཟང་པོ་ཆགས་པ་བྱེད་དགོས་ཞེས་བསྟན་གནང་ཡོད་པ་རེད།
        ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་གཞོན་པ། ཀྲུང་དབྱང་དམག་ཨུད་ཀྱི་རྒྱལ་སྲུང་དང་དམག་དཔུང་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བའི་འགོ་ཁྲིད་ཚོགས་ཆུང་གི་རྒྱུན་ལས་ཙུའུ་ཀྲང་གཞོན་པ་ཞུའེ་ཆི་ལེང་གིས་སྒྱུར་བཅོས་ལག་བསྟར་ལས་དོན་བཀོད་སྒྲིག་གནང་ཡོད། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་ཨུ་ཡོན། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་གཞོན་པ། ཀྲུང་དབྱང་དམག་ཨུད་ཀྱི་རྒྱལ་སྲུང་དང་དམག་དཔུང་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བའི་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་གཞོན་པ་ཀྲང་ཡའུ་ཞ་ཡིས་སྒྱུར་བཅོས་ལས་འགན་དོན་འཁྱོལ་བྱེད་པའི་ཐད་བླང་བྱ་བཏོན་གནང་ཡོད།
        དམག་ཨུད་ལས་ཁུངས་ཀྱི་ཚན་པ་ཁག་དང་དམག་ཡོངས་ཀྱི་ཚན་པ་ཆེ་གྲས་ཁག་གི་འགན་འཁུར་བློ་མཐུན་གྲོས་ཚོགས་ལ་ཞུགས་ཡོད་པ་དང་། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་ཚན་པའི་འགན་འཁུར་བློ་མཐུན་གྲོས་ཚོགས་ལ་ཟུར་ཞུགས་གནང་ཡོད་པ་རེད།
 
 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1