༄༅།། བོད་རིགས་དམངས་ཁྲོད་ཀྱི་གཏེར་སྒྲུབ་ཆོ་ག་དང་དེས་ཁོར་ཡུག་སྲུང་སྐྱོང་ལ་ཐོན་པའི་ཕན་ཡོན་སྐོར་གླེང་བ།

ཚེ་བརྟན་རྡོ་རྗེ། རྩོམ་སྒྲིག་པ།ཡོང་ཁུངས།ཀྲུང་གོའི་བོད་རིག་པ། སྤེལ་དུས། 11-29


ཚེ་བརྟན་རྡོ་རྗེ།
གཅིག  གཏེར་སྒྲུབ་ཀྱི་སྲོལ་ཀ་སྤྱིར་བཤད་པ།  
             སྤྱིར་གཏེར་ཞེས་པ་ནི་སའི་ཆགས་རིམ་ནང་དུ་བཀབ་པའི་རང་བྱུང་གི་དངོས་རྫས་རྩ་ཆེན་གྱི་རིགས་ལ་གོ་བ་ཤས་ཆེ་སྟེ།  གསེར་གཏེར།  ཟངས་གཏེར།  ལྕགས་གཏེར། རྡོ་གཏེར། སོལ་གཏེར་སོགས་ལྟ་བུའོ།།  ཡང་མང་བ་དང་གྱ་ནོམ་པའི་དོན་དུ་འགྲོ་བ་དཔེར་ན།  འབྲུ་གཏེར། ཡོན་ཏན་གྱི་གཏེར། ཆུ་གཏེར། ཆོས་གཏེར་ལྟ་བུ།  དེ་བཞིན་དུ་རྒྱ་མཚོའི་གཏེར་ལ་པད་མ་ཅན་དང་། དུང་ཅན། པད་མ་ཆེན་པོ། ཆུ་སྲིན་ཅན།   རུས་སྦལ་ཅན། ལྔ་ཡབ་ཅན། དགའ་བ་ཅན། སྔོན་པོ།  འཛིན་བྱེད་ཅེས་དབྱེ་བའི་རྣམ་གྲངས་དགུ་ཡོད་པས།   གྲངས་གནས་ཀྱི་ཆ་ནས་དགུ་མཚོན་ལ།  གཞན་ཡང་གཏེར་སྟོན་དང་།  གཏེར་ཆོས།  གཏེར་བདག   གཏེར་མ། གཏེར་ཚེག གཏེར་སྲུང་། གཏེར་ཆེན་སོགས་ཐ་སྙད་དག་གི་དོན་ལས།   དམ་པ་གོང་མ་རྣམས་ཀྱིས་འགྲོ་དོན་དུས་ལ་མ་བབ་པར་སྟོན་དུ་མི་རུང་ཞིང་།  མ་འོངས་སྐལ་ལྡན་ལས་འཕྲོ་ཅན་རྣམས་ཀྱི་དོན་དུ་གསང་སྔགས་ཀྱི་གདམས་ཟབ་རྣམས་མཁའ་འགྲོའི་གཏད་རྒྱ་དང་བཅས་མི་མངོན་པར་རྒྱས་བཏབ་སྟེ།  རི་བྲག་ཆུ་ཤིང་སོགས་སུ་རེ་ཞིག་ལ་གཏེར་དུ་སྦས་པ་གང་ཞིག  ཕྱིས་གྲུབ་པའི་སྐྱེས་བུ་རྣམས་ཀྱིས་གཏེར་ནས་བཏོན་ཏེ་ཡི་གེར་ཕབ་པའི་ཡང་ཟབ་བླ་ན་མེད་པའི་ཆོས་ཀྱི་སྐོར་དང་འབྲེལ་བའི་རྣམ་བཞག་མང་པོ་ཕྱིར་སྣང་བྱེད་ཐུབ།  འདིར་གླེང་བའི་གཏེར་སྒྲུབ་ཅེས་པའང་གོང་དང་མཚུངས་པར་རི་བྲག་ཆུ་ཤིང་སོགས་གནས་གཙང་མར་སྦ་བར་གོ་མོད་ཀྱང་།  འདི་སྒྲུབ་པར་རྫས་སྣ་དང་འདོན་པ།  ཕྱག་ལེན།  དུས་ཚོད།  རིགས་དབྱེ།  ཀུན་སློང་སོགས་ཀྱི་བླང་བྱ་ནན་ཆེ་བའི་ཁར།  དེ་རེ་རེ་ལའང་ཚགས་ཤིན་ཏུ་དམ་པའི་ཐུན་མིན་གྱི་ཆོ་ག་ཡོད་སྟབས།  རང་དགར་གྱིས་ཅི་འདོད་ལྟར་སྒྲུབ་པ་ཞིག་མིན་ལ།  གཏེར་སྒྲུབ་སྟེ་ཡུལ་དུ་སྦས་ཟིན་པ་ཞིག་ནམ་ཞར་ཡང་ཕྱིར་འདོན་པ་ཡེ་ནས་མི་རུང་བས།  གཏེར་ཆོས་སྒྲུབ་པ་དང་ཁྱད་པར་ཆེན་པོ་ཡོད།  འདིའི་“གཏེར”ཞེས་པའང་རིན་པོ་ཆེའི་རིགས་སུ་གྱུར་པའི་ནོམ་པ་ཁོ་ན་ཙམ་མ་ཡིན་པར།  གང་ཟག་གི་ཞལ་ཟས་སུ་རུང་བའི་འབྲུ་སྣ་དང་།  དར་ཟབ་སོགས་གོས་སྣ།  དུག་སེལ་སྨན་གྱི་རིགས། ས་སྣ་ཆུ་སྣ་སོགས་ལ་བྱ་ཞིང་།  དེ་དག་ངེས་གཏན་གྱི་གཏེར་སྣོད་གཙང་མར་བསྡུས་ཏེ་དངོས་བཤམས་དང་ཡིད་སྤྲུལ་གྱི་མཆོད་པའི་ཚུལ་ལམ་སྦྱིན་པའི་ཕར་ཕྱིན་དང་ལྡན་པའི་སེམས་བསྐྱེད་ཀྱི་སྒོ་ནས་སྒྲུབ་རྗེས། རང་གཞན་ཀུན་ལ་ཕན་པར་བསམ་པའི་ཀུན་སློང་རྣམ་པར་དག་པས་མཚམས་སྦྱར་ཏེ།   ས་གཞི་ལ་གཏུམ་པའམ་ཆུ་ལ་འཐིམས་པར་བྱེད་པའི་ཆོ་ག་ཐུན་མོང་མ་ཡིན་པ་ཞིག་ཡིན།  དེ་བས་སེམས་བསྐྱེད་ཉེར་གཉིས་ཀྱི་ནང་གསེས་ལས་ཀྱང་གཏེར་ལྟ་བུའི་སེམས་བསྐྱེད་ཅེས་འབྱུང་བ་བཞིན་ནོ། །  
             གཏེར་རྒྱག་པའི་དུས་ཚེས་ཀྱི་ཆ་ནས་ཀྱང་རྩིས་གཞུང་ལས་གཏན་ལ་ཕབ་པ་ལྟར་ཀླུ་ཐེབས་(ཀླུ་སའི་སྟེང་དུ་འོང་བའི་དུས་ཏེ་ཟླ་བ་སོ་སོར་ཀླུ་ཐེབས་ཚེས་གྲངས་ངེས་ཅན་རེ་ཡོད་ཅིང་།  དེ་ལ་ཡང་ཐེབས་ཆེན་དང་ཐེབས་ཆུང་གཉིས་ཡོད།)ཡོད་མེད་དང་བསྟན་འགྲོའི་དོན་ལ་ཕན་ཐོགས་མིན་གྱི་ཚུལ་སོགས་ལ་གསལ་པོར་བརྟག་སྟེ། ཉི་ཆད་ལྟར་འདེབས་པ་ལས། དུས་ཆེན་ཡིན་མིན་གྱི་ཁྱད་པར་ལྟར་རང་དགར་གྱིས་གཏེར་རྒྱག་པ་ནི་འོས་མ་ཡིན་པར་བསམས་ལ། གཏེར་སྒོ་ཡོད་མེད་ལ་མི་བརྟག་པར་ཡུལ་ངེས་མེད་དུ་འདེབས་པ་ནི་དེ་བས་ཀྱང་མི་རིགས་པར་བསམས་སོ། །  གཏེར་སྒྲུབ་མཁན་ལ་མཚོན་ནའང་རབ་ཡིན་ན་ཉམས་ལེན་ཅན་དང་དེ་མིན་ན་འདོན་པ་ཅན་གྱིས་འཐུས་པ་ལས།  ཚོགས་བསགས་སྒྲིབ་སྦྱངས་མེད་པ་ཞིག་གིས་བྱིན་རླབས་མི་འཇུག་པར་འདོད་དོ། །   
             སྲོལ་ཀ་འདི་བོད་རིགས་དམངས་ཁྲོད་དུ་དར་ཁྱབ་ཤིན་ཏུ་ཆེ་ལ་ལྷག་པར་དུ་ཨ་མདོའི་ཡུལ་ཕྱོགས་མང་པོ་ཞིག་ན་སྲོལ་རྒྱུན་གྱི་སྣང་ཚུལ་ཞིག་ཏུ་གྱུར་འདུག  ད་ལྟ་ང་ཚོའི་མཐོང་ལམ་དུ་གྱུར་བའི་མཚོ་སྔོན་ཁྲི་ཤོར་རྒྱལ་མོའི་ཤར་རྒྱུད་དུ་པཎ་ཆེན་སྐུ་ཕྲེང་བཅུ་པས་བཏོན་པའི་མཚོ་གཏེར་གྱི་གཏེར་སྒོ་ཞིག་འདུག་པ་ལ། ཕྱོགས་དེའི་དད་ལྡན་སྐྱེས་བུ་ཀུན་ལོ་རེ་བཞིན་དུས་ཀྱི་འཇུག་ལྡོག་ལྟར་གནས་དེར་ཕྱིན་ཏེ་གཏེར་རྫོང་ཕུལ་ཞིང་།  སྐྱེས་འགྲོ་ཀུན་གྱི་ཚེ་བསོད་ལོངས་སྤྱོད་དང་།  ཞིང་ཕྱུགས་ལོ་ལེགས།  རང་བྱུང་ཁོར་ཡུག་བདེ་འཇགས་སོགས་ཀྱི་སླད་དུ་སྨོན་ལམ་དྲི་མ་མེད་པས་མཚམས་སྦྱོར་བར་བྱེད་ལ།  མདོ་སྨད་བླ་བྲང་བཀྲ་ཤིས་འཁྱིལ་གྱི་གཏེར་རྫོང་མཚོ་ཁ་ནས་ཀྱང་དུས་ཚེས་ལྟར་དེ་ལྟ་བུའི་བྱེད་སྒོ་ཟམ་མ་ཆད་པར་སྤེལ་བཞིན་ཡོད་དོ། །  རིག་གནས་ཀྱི་སྣང་ཚུལ་འདི་ལ་ལོ་རྒྱུས་ཀྱི་རྒྱུན་ཤིན་ཏུ་རིང་པོ་ཞིག་ཡོད་པར་ངེས་ཏེ།  བཀའ་གདམས་པའི་ཤིང་རྟའི་སྲོལ་འབྱེད་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་བོད་ལ་ཕེབས་དུས་ཀྱང་ས་གཞི་ལ་གསེར་ཕྱེ་བཏབ་སྟེ་གཏེར་སྒྲུབ་ཅིང་།  སླད་མར་ཡུལ་ཕྱོགས་ཀུན་ཏུ་ནོར་གྱིས་གཏམས་པར་རྟེན་འབྲེལ་སྒྲིག་པ་དེ་ལས་ཀྱང་ཤེས་ཐུབ་ལ།    ཁྱད་པར་དུ་ཇོ་བོ་རྗེས་བོད་ཀྱི་ལོ་ཙཱ་བ་རྒྱ་བརྩོན་སེང་གེ་དང་ནག་ཚོ་ཚུལ་ཁྲིམས་གཉིས་ལ་ཛམ་བྷ་ལ་དཀར་པོ་འབྲུག་ཞོན་མཁའ་འགྲོ་བཞི་དང་བཅས་པའི་སྒྲུབ་ཐབས་ལས་ཚོགས་ཀྱི་རིམ་པའི་གདམས་པ་ཆ་ཚང་གནང་(དབལ་མང་པཎྜི་ཏ་དཀོན་མཆོག་རྒྱལ་མཚན་གྱིས་མཛད་པའི《ཛམ་དཀར་འབྲུག་ཞོན་ལྷ་ལྔའི་སྒོ་ནས་ནོར་སྒྲུབ་བྱ་ཚུལ་ཡིད་བཞིན་ནོར་བུའི་བང་མཛོད》ཅེས་པ་ལས་གསུངས།)ཞིང་། ཕོངས་སེལ་སྒྲོལ་མའི་གཏེར་སྒྲུབ་ཀྱི་ཆོ་གའང་ཇོ་བོ་རྗེར་སྒྲོལ་མས་ཞལ་དངོས་སུ་བསྟན་ནས།  སྒྲོལ་མ་ཉེར་གཅིག་གི་གདམས་པ་ལས་ཚོགས་དང་འབྱུང་བར་བསམ་ལ། ཡང་ས་བཅུད་བུམ་གཏེར་གྱི་ཆོ་ག་དང་ས་ལྷའི་བུམ་གཏེར་གྱི་ཆོ་ག  ས་བདག་སྙིང་གཏེར་གྱི་ཆོ་ག་ལ་སོགས་སྒྲུབ་པས།   ས་གནད་ཀྱི་གཡང་བཅུད་གསོ་བ་དང་།  ས་དགྲའི་རིགས་ཀྱི་ཁག་གནོན་པ། ས་གཞིར་བྱིན་རླབས་འཇུག་པ། གཞི་ས་བདེ་བ།  འཁྲུགས་ལོང་ཞི་བ་སོགས་དགེ་མཚན་བསམ་གྱིས་མི་ཁྱབ་པར་འདོད།  དེ་བཞིན་དུ་ནད་ཡམས་ཞི་བ་དང་བགེགས་བར་སྤྲོད་པ། ཚེ་བསོད་རྒྱས་པ། ཞིང་ཕྱུགས་འཕེལ་བ་སོགས་བྱ་བའི་ལས་གང་རྩོམ་པ་དེའི་དགོས་ཆེད་ལྟར་གང་ལ་གང་འཚམ་གྱི་ཆོ་ག་སྒྲུབ་པ་ནི་དམངས་ཁྲོད་དུ་རྒྱུན་འབྱམས་སུ་གྱུར་བའི་སྣང་ཚུལ་ཞིག་གོ །    
             2.གང་དུ་སྦ་བའི་གནས་ཀྱི་དབྱེ་བ།  གཏེར་སྒྲུབ་པའི་མཇུག་ཏུ་གང་ལ་འདེབས་པའམ་སྦ་བའི་ཡུལ་གྱི་ཆ་ནས་སྤྱིར་ས་གཏེར་དང་ཆུ་གཏེར་ཏེ་རིགས་གཙོ་ཆེ་གཉིས་ཡོད་ལ།  དེ་ལས་ས་གཏེར་གྱི་ཐད་དུ་གནས་ཁང་དང་མཆོད་རྟེན། ལབ་རྩེ། ས་དཔྱད་ཀྱི་གཞུང་དག་ལས་བཤད་པའི་གཏེར་གྱི་ས་མིག་སོ་སོ་གཙོ་བོར་བྱས་ཏེ་སྦ་ཚུལ་རྣམས་ཡོད་ལ།   དེ་ཡང་སྡོད་སའི་གནས་གཞི་བདེ་ཞིང་ས་གཡང་འགུག་པའི་ཕྱིར་དུ་གནས་ཁང་གི་གྲུ་བཞི་དང་ཀ་རྡོའི་འོག་ཏུ་གཏེར་རྒྱག་པ་དང་།  དཀོན་མཆོག་གི་བྱིན་རླབས་ཐོབ་པ་དང་བསམ་དོན་འཕེལ་བའི་སླད་དུ་མཆོད་རྟེན་ལ་འཇུག་པ།  ཡི་དམ་ཆོས་སྐྱོང་དགྱེས་པ་དང་བསྟན་འགྲོའི་དོན་འགྲུབ་པའི་ཆེད་དུ་ལབ་རྩེ་ལ་གཏུམ་པ།  སྤྱིར་ས་བདག་གནས་བདག་དང་བསྟན་སྐྱོང་སྲུང་མ་མཐའ་དག་མཉེས་པའི་སླད་དུའམ་བདག་གཞན་ཀུན་གྱི་འཚོ་གནས་བདེ་ཞིང་ཕུན་ཚོགས་དགེ་ལེགས་འཕེལ་བའི་ཕྱིར་དུ་ས་མིག་གི་འཕྲོད་སྦྱོར་ལྟར་འདེབས་པར་བྱེད་དོ།།   ཆུ་གཏེར་གྱི་ཐད་དུ་མཚོ་མཚེའུ་དང་ཆུ་ཆེན།  ལྟེང་ཀ་སོགས་ལ་འདེབས་པ་ཅུང་རྒྱུགས་ཆེ་ཞིང་།  དེ་ལས་ཀྱང་མཚོ་གཏེར་རྒྱག་པ་ནི་ཆུ་གཏེར་གྱི་མཚན་གཞི་གཙོ་བོ་ཞིག་ཏུ་གྱུར་ཡོད།  གོང་དུ་གཏེར་སྒྲུབ་བྱེད་ཆོ་གའི་དབྱེ་བ་ལས་བསྟན་པའི་ཀླུའི་བུམ་གཏེར་གྱི་ཆོ་ག་དང་ཛམ་ལྷ་རིགས་ལྔའི་ཆོ་ག་ནི་ཆུ་གཏེར་སྒྲུབ་པའི་ཆོ་ག་གཙོ་ཤས་ཤིག་ཡིན་ཏེ།  དེ་སྒྲུབ་པས་ཡུལ་ཕྱོགས་དེ་ཐམས་ཅད་ཀྱི་མུ་གེ་ཐན་པ་སད་སེར་འཇོམས་པ་དང་།  ཆུ་ཡི་འཇིགས་པ་སྲུང་བ། ནད་ཡམས་སྐྱོབ་པ། ཆར་ཆུ་དུས་ལྟར་འབེབས་པ། ཟས་ནོར་ལོངས་སྤྱོད་རྒྱས་པ་སོགས་ཀྱི་ཕན་ནུས་ཐོན་ལ།  ཁྱད་པར་དུ་ཆུ་ལ་གནས་པའི་ཀླུ་གཉན་མཐུ་བོ་ཆེ་དག་གིས་སྡོང་གྲོགས་མཛད་པ་དང་།  རླུང་རྟ་དར་བ། ཅི་བྱས་ལམ་དུ་འགྲོ་བ་སོགས་ཀྱི་ཕན་ཡོན་རྒྱ་ཆེན་པོ་ཡོད་པར་གསུངས་སོ། །  
             3.སྒྲུབ་གཞི་རྫས་དང་སྣོད་ཀྱི་དབྱེ་བ། གཡང་རྫས་ལ་གོང་གསལ་གྱི་སྒྲུབ་བྱེད་ཆོ་གའི་དབྱེ་བ་དེ་དག་གི་ཁྱད་པར་ལྟར་གནས་བཀག་ཅུང་མི་འདྲ་བ་ཡོད་མོད།   སྤྱིར་དཀར་གསུམ་སོགས་ཟས་སྣ་གཙང་མ།  གཡུ་བྱུར་མུ་ཏིག   གསེར་དངུལ་ཟངས་སོགས་རིན་ཆེན། ནས་འབྲས་གྲོ་སོགས་འབྲུ་སྣ།  དར་ཟབ་སོགས་གོས་སྣ།   བུམ་རྫས་ཉེར་ལྔ།  ཀླུ་སྨན། སྙིང་ཞོ་ཤ།  ས་བཀྲ་ལེགས་པ་ནས་བླངས་པའི་ས་རྡོ་ཆུ་ཤིང་སོགས་སྤྱི་ལ་དགོས། ཡང་དེ་དག་ཀུན་ལ་ཆེད་དུ་དགག་དགོས་པ་ལྕགས་དང་ཕ་ལམ། ཞ་ཉེ་བཅས་དང་། སྐེ་ཚེ། ཤིང་ཚེ། བྲ་བོ།  དན་རོགས་སོགས་བཤལ་སྨན་སྐྱུག་སྨན་གྱི་རིགས། ཤ་དང་ཆང་།  ཁྱུང་སྡེར། ཚྭ་བ་གསུམ།  བཙན་དུག་ལ་སོགས་དུག་རིགས། གླ་རྩི། དར་གོས་ནག་པོ། དུར་ཁྲོད་ཀྱི་ས། སྒོག་ཙོང་། སྲན་མ་བཅས་སོ། །  གོང་གསལ་གྱི་རྫས་སུ་རུང་བ་དེ་དག་ཀྱང་དམེ་པོ་དམེ་མོ་སོགས་སྡིག་པ་ཅན་གྱི་ལག་ནས་ཐོན་པ་གཏན་ནས་མི་རུང་བས་འདོར་དགོས།  གཞན་ཡང་སྒྲུབ་བྱེད་ཆོ་གའི་རིགས་ཀྱི་དབྱེ་བ་ལས་དམིགས་བསལ་གྱིས་ས་བཅུད་བུམ་གཏེར་ལ་ཁྱད་པར་དུ་དགོས་པའི་རྫས་ནི་ཐང་ལོ་དང་།  སྨྱུག་ལོ།  རྨ་བྱའི་མདོངས།   ཟིར་དཀར་ནག སྦྲུལ་གྱི་པགས་པ། དབང་ལག ཆུ་སྲིན་སྡར་མོ། ཛ་ཏི། སྤོས་དཀར། ཨུཧྥལ་སྔོན་པོ།  རྒྱ་མཚོའི་ཝུ་བའི་རྒྱ་ཚལ། དུང་དཀར་གྱི་སྙིང་ཞོ་ཤ།  མཁལ་མ་ཞོ་ཤ། གཟི། ཤིང་ཏོག་སྣ་ཚོགས། ཆུ་སྣ་ལྔ།  སྤུ་ཤེལ་རྩེ། ཤུ་དག་དཀར་པོ། རྡོ་རྒྱུས། ན་ག་བུཥྤ།  ན་ག་གེ་སར། ཏིལ་དཀར་ནག ག་བུར། གུར་གུམ།  ཙན་དན་དཀར་དམར། ཀ་ར་བུ་རམ། སྦྲང་རྩི། བ་དམར་མོ་དང་ར་དཀར་མོའི་འོ་མ་ལ་སོགས་ཆེད་དུ་གཅེས་སོ། །  གཏེར་སྣོད་ལ་གསེར་དངུལ་ཟངས་སོགས་ཀྱི་བུམ་པ་རབ་འབྲིང་གཉིས་དང་།  ཐ་མ་རྫ་བུམ། དར་རས་ཀྱི་ཁུག་མ། ཙན་དན་ནམ་ཤུག་པ་སོགས་ཤིང་བཟང་པོའི་སྒྲོམ་གས་ཆག་མེད་པ།  ལོངས་མ་སྤྱད་པ།  རང་བཞིན་གྱིས་དཀར་བའམ་དཀར་རྩི་བྱུགས་པ་སོགས་ཡོད་ལ།  དེ་དག་ལ་ཡུལ་དེའི་བྲེ་གང་ཤོང་བ་ཀུན་ལ་དགོས་སོ། 
གསུམ།  གཏེར་སྒྲུབ་ཚུལ་གྱི་རིམ་པ། 
             གཏེར་སྒྲུབ་ཚུལ་གྱི་རིམ་པ་ལ་ཐོག་མར་ཀུན་སློང་དང་དམིགས་ཡུལ། བར་དུ་ལག་ལེན་གྱི་རིམ་པ། ཐ་མར་དེ་ལྟར་གྲུབ་ཟིན་པས་ཕན་ཡོན་དང་གསུམ་དུ་ཕྱེ་སྟེ་བརྗོད་པ་ལ།   
             1.ཀུན་སློང་དང་དམིགས་ཡུལ།  གཏེར་རྒྱག་པར་བསམ་པའི་ཀུན་སློང་ནི་སྒོ་ཀུན་གྱི་རྩ་གནད་དུ་འཛིན་ཏེ།  ཀུན་སློང་མ་དག་པའམ་དགེ་བའི་ཆེད་དུ་མ་ཡིན་པར་རང་ཁོ་ནའི་ཆགས་སྡང་དང་ཁེ་ཕན་ཙམ་ལ་དམིགས་པ་ནི་ཐ་མལ་བའི་ལས་སུ་བརྩི་ལ།  དེར་རེ་བའི་འབྲས་བུའང་ཆེར་མི་འབྱུང་བར་བསམ།  བྱམས་དང་སྙིང་རྗེའི་བདག་པོར་གྱུར་པའི་བོད་རིགས་སེར་སྐྱ་ཕོ་མོ་རྣམས་ཀྱིས་རང་ལས་གཞན་གཅེས་པར་འཛིན་ཞིང་། བདག་གཞན་མཉམ་པར་བརྗེ་བའི་སྤྱི་གཤིས་དེ་ལས་ཅི་རྩོམ་གྱི་སྔོན་འགྲོར་བརྩི་བ་མ་ཟད།  སྤྱི་ཚོགས་འབྲེལ་བའི་ཁྲོད་གནད་ཆེར་འཛིན་པའི་རྩ་དོན་ཞིག་ཏུ་ངེས་པས།  གཏེར་སྒྲུབ་པའི་གོ་རིམ་ཁྲོད་དུའང་ཐོག་མར་གཞན་ཕན་གྱི་ལྷག་བསམ་རྣམ་པར་དག་པས་གཞི་བཟུང་བ་དང་།  དེ་ནས་སྨོན་ལམ་དྲི་མ་མེད་པས་མཚམས་སྦྱོར་བར་བྱེད་དེ།  འགྲོ་བ་ཀུན་གྱི་འཕྲལ་ཕུགས་ཀྱི་བདེ་སྐྱིད་དང་ཁ་རྒྱས་བསོད་ནམས་ལ་དམིགས་པའི་ཀུན་སློང་རྣམ་དག་གི་སྟོབས་ལས་འཕྲོས་པའི་བྱང་ཆུབ་སྨོན་པའི་སེམས་དང་འཇུག་པའི་སེམས་ཀྱི་སྒོ་ནས་གཏེར་སྒྲུབ་ཀྱི་བྱ་བར་འཇུག་པ་ནི་ཤིན་ཏུ་གལ་ཆེ་ལ།  དེ་ལྟར་འཇུག་སྒོ་ཕྱེ་བྱས་གཏེར་བརྒྱབ་པའི་ཡུལ་དེའི་འགྲོ་བ་སེམས་ཅན་ཐམས་ཅད་སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་ལས་གྲོལ་བར་གྱུར་ཅིག་སྙམ་པ་དང་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་གྱུར་ཅིག་སྙམ་པ་ནི་སྤྱིའི་དམིགས་ཡུལ་ཡིན་མོད། རང་རང་བྱེ་བྲག་གི་འདོད་པའི་དོན་དང་སྒྲུབ་པའི་ལས་སོ་སོ་ཡིན་པའི་ཆ་ནས་གཏེར་སྒྲུབ་པའི་ཀུན་སློང་དང་དམིགས་ཡུལ་ཡང་མཐའ་གཅིག་ཏུ་མི་འོངས་པ་མཁྱེན་གསལ་ལྟར་རོ། །   
             2.ལག་ལེན་གྱི་རིམ་པ།  ལག་ལེན་གྱི་རིམ་པ་ལ་བརྗོད་བདེའི་དབང་གིས་གཉིས་སུ་ཕྱེ་སྟེ།  ཆོ་གའི་ངག་འགྲོས་ཀྱི་རིམ་པ་དང་།  ས་མིག་སོགས་སུ་སྦ་ཚུལ་གྱི་རིམ་པའོ། ། དང་པོར། སྒྲུབ་བྱེད་ཆོ་ག་སོ་སོའི་ཚིག་རིས་ལྟར་རྫས་སྒྲུབ་སྦྱོར་དང་འདོན་པའི་ཕྱག་ལེན་གྱི་སྐོར་སྔོན་དུ་འགྲོ་བ་དང་།  དེ་ནས་གཏེར་གྱི་ཕུང་པོར་གྲུབ་པ་གང་ཞིག་མཆོད་ཁང་ལ་སོགས་གནས་གཙང་མ་ནས་རབ་གནས་མཛད་ཐོག  གཡང་འབོད་དང་སྔགས་སྒྲུབ་ཀྱི་ཆོ་ག་མ་ཉམས་པར་བྱིན་རླབས་སྩོལ་བའི་རིམ་པའོ།།  གཉིས་པ།  ས་བརྟག་བསླང་སྦྱངས་གསུམ་བྱེད་པ་དང་དེའི་འོག་ཏུ་ཇི་ལྟར་བྱ་བ།  དང་པོར་ས་བརྟག་བསླང་སྦྱངས་གསུམ་ལས་ཐོག་མར་ས་བརྟག་པ་ནི་གཏེར་གང་དུ་རྒྱག་པའི་ཡུལ་དེའི་ཕྱོགས་དང་ཁ་དོག་མཚན་ཉིད། ས། ཆུ་བཅས་ཀྱི་ལེགས་ཉེས་ལ་ས་དཔྱད་ཀྱི་གཞུང་སོ་སོ་ནས་འབྱུང་བ་ལྟར་བརྟགས་ཏེ་ས་དགྲ་ཆུ་དགྲ་ཡོད་མེད་དང་ས་གཤིས་བཟང་མིན་རིགས་པས་རྩད་ཆོད་དགོས་ཏེ། ས་གཞུང་སོགས་སུ“རྒྱབ་རི་མཐོ་ཞིང་མདུན་རི་གུས། །གཡས་གཡོན་ཆུ་གཉིས་མདུན་དུ་འབབས། །མདུན་དུ་ཆུ་ཤིང་ན་བ་རྒྱས།།དེ་འདྲའི་ཕྱོགས་དེར་ས་འཚོལ་བྱ། །”ཞེས་འཁོད་ཡོད་པ་ལྟར་དང་།  “མདུན་དུ་ཆུ་ཤིང་ན་བ་རྫ། །ཕུན་སུམ་ཚོགས་ན་དངོས་གྲུབ་འབྱུང་། །མདུན་རི་གཡས་གཡོན་དབུས་དང་གསུམ། །ཕ་ཁུ་དར་མ་བུ་ཆུང་ས། །རྒྱབ་རི་རྩེ་འཛིན་ས་མཁན་རང་། །སྤང་རི་དཔོན་དང་མི་རྒྱུད་ས། །ཤར་ལྷོ་བུ་མོ་མག་པའི་ས།།”ལྟ་བུ་དང་།  ཡང་དཔེར་ན་“ཤར་གྱི་ལམ་ནི་སྟག་སྐྱ་བོ། །གད་པས་ཆོད་ན་ས་མདའ་ཕོག །ལྷོ་ཆུ་གཡུ་འབྲུག་སྔོན་མོ་སྟེ། །ཆུ་ཆད་བྱུང་ན་དོང་དུ་ལྷུང་།།ནུབ་ཀྱི་ས་དམར་བྲག་དམར་ནི།།ནུབ་བསྲུང་བྱ་ནི་དམར་མོ་སྟེ།  །ལམ་གྱིས་དཀྱིལ་གཏུབ་སྙི་ཡིས་ཟིན།  །བྱང་གི་གྲ་ཟུར་ཕ་བོང་བྲག  །བྱང་བསྲུང་རུས་སྦལ་རྒྱལ་པོ་སྟེ། །ཆུ་འོག་ལོང་རོ་ཚ་ཆུས་འགྲང་།  །”སོགས་ལྟ་བུ་བརྟག་ཚུལ་མང་པོ་སྣང་བ་ལྟར་ལེགས་ཉེས་དང་འཇུག་ལྡོག་ཚུལ་བཞིན་བསྟེན་པ་ལས། བརྟག་དཔྱད་མེད་པར་གཏེར་སྒོ་འདོན་པ་ནི་འོས་མ་ཡིན་ཏེ།  ས་དཔྱད་ཀྱི་གཞུང་སོགས་ན“ས་ཡི་བསྲུང་བཞི་མ་ཚང་ན། །ཡུལ་འཆོར་འཁྱམས་པ་སྤྲང་པོ་སྐྱེ། །”ཞེས་དང་། “ས་ལ་ས་དགྲ་མེད་ནའང་། །རང་གི་ས་དགྲ་བཟོས་པ་ནི། །ཤར་དུ་མཆོད་རྟེན་ཚ་ཁང་དང་།།མ་ཎི་ཆེན་པོ་བརྩེགས་པ་ན།  །གྲོང་བ་དེ་ནི་རྒུད་པར་འགྱུར། །”སོགས་ཕན་པ་ལས་གནོད་ཆེ་བའི་སྐོར་མང་པོ་གསུངས་ཡོད་ཀྱང་འདིར་ཡིག་ཚོགས་ལ་འཇིགས་ནས་མ་བྲིས་སོ། །  
             ས་བསླང་བ་ལ་མངོན་པ་ལས་སློང་བ་དང་མི་མངོན་པ་ལས་སློང་བ་སྟེ།  མངོན་པ་ལས་སློང་བ་ནི་གཏེར་རྒྱག་སའི་གནས་དེ་བདག་ཏུ་བཟུང་བའི་རྒྱལ་པོའམ་ཡུལ་དཔོན་དེ་དག་ལས་ཉོ་བའམ།  བསླངས་ནས་གནང་བ་ཐོབ་པ་ལ་བྱ་ཞིང་།  མི་མངོན་པ་ལས་སློང་བ་ནི་ས་དེ་ལ་གནས་པ་དང་དབང་བྱེད་པའི་གནས་བདག གཞི་བདག ཞིང་སྐྱོང་། སའི་ལྷ་མོ་སོགས་ལ་བསང་དང་མཆོད་གཏོར་ཕུལ་ཏེ་གནང་བ་ཞུས་པའོ། །  
             དེ་བཞིན་དུ་ས་སྦྱངས་བ་ནི་གཏེར་རྒྱག་སའི་ས་དེའི་ལྟོ་འཕྱེའི་རིགས་ལ་བརྟགས་ཤིང་། གནོད་འགལ་མེད་པར་ས་བརྐོས་ཏེ་སེལ་ཕྱུང་བ་དང་། དེ་ནས་རྫས་བྱིན་ཅན་དང་། སྔགས་དང་། ཏིང་ངེ་འཛིན་དང་བླ་ན་མེད་པ་དག་པས་སྦྱངས་པའོ། ། ས་བརྟག་བསླང་སྦྱངས་གསུམ་བྱེད་དགོས་པར་གསུངས་པའང་ཚོགས་བསགས་རྒྱ་ཆེན་པོ་དང་རང་གཞན་གྱི་དོན་རླབས་པོ་ཆེ་མེད་པར་གང་འདོད་ཀྱིས་ས་བརྐོ་བ་དང་ནགས་གཅོད་པ།  ཆུ་ཟག་པ་བཅས་ཀྱི་ལས་སྒྲུབ་ཏུ་མི་རུང་ཞིང་། མིའི་རིགས་དང་སྣང་མི་སྣང་གི་འགྲོ་བ་ཀུན་ཕན་ཚུན་ལ་འཚེ་བ་མེད་པར་ཞི་བདེ་མཉམ་གནས་མཛད་དགོས་པ་ཤུགས་ཀྱིས་བསྟན་ནོ། །  
              གཉིས་པ་དེའི་འོག་ཏུ་ཇི་ལྟར་བྱ་བ་ལ།  གཏེར་གང་དུ་རྒྱག་པའི་གནས་དེར་གཏེར་ཁུང་ཚད་ལྡན་བྲུས་པའི་ནང་དུ་གཡམ་སྒྲོམ་གྲུ་བཞི་བགྱིས་པའི་འོག་ཏུ་པདྨ་འདབ་བརྒྱད།   ལོགས་སུ་བཀྲ་ཤིས་རྟགས་བརྒྱད།  བྲིས་པ་རབ།  མ་གྲུབ་ན་གཏེར་ཁུང་ནང་དུ་བ་བྱུང་ལྔ་དང་དྲི་བཟང་གི་ཆུས་ཆག་ཆག་གདབ།  བུམ་པ་དང་གཏེར་ཁུང་སོགས་ལ་སྤོས་དཀར་གྱིས་བདུག་ལ་དག་གཙང་བྱས་ཏེ།  གནས་དེར་སྦ་དགོས། ཆུ་གཏེར་ཡིན་ན་གང་དུ་གཏེར་སྒོ་ཡོད་པའི་གནས་དེ་ནས་ཐད་ཀར་དུ་ཆུ་ལ་གཏུམ་པས་ཆོག་གོ།   དེ་ལྟར་གྲུབ་ཟིན་པའི་མཇུག་ཏུ་དགེ་རྩ་དེའི་སྟོབས་ཀྱིས་ཡུལ་ཕྱོགས་འདིས་མཚོན་པའི་འཇིག་རྟེན་དུ་ནད་མུག་འཁྲུག་རྩོད་སོགས་མེད་པར་བཀྲ་ཤིས་བདེ་ལེགས་རྒྱ་ཆེན་པོ་འབྱུང་བར་གྱུར་ཅིག་ཅེས་ལྷག་བསམ་རྣམ་པར་དག་པའི་སྒོ་ནས་སྨོན་ལམ་འདེབས་པ་དང་།  ཤིས་ཚིག་གིས་མཐའ་བརྒྱན་དགོས་པ་གལ་ཆེ་བར་གསུངས་སོ། །  
             3.དེ་ལྟར་གྲུབ་ཟིན་པའི་ཕན་ཡོན། འདི་ལ་མརིག་པའི་དབང་གིས་བསགས་པའི་ལས་ཀྱི་གནོད་འབྲས་བཟློག་པ་དང་། ཕྱིན་ཆད་བཀྲ་ཤིས་བདེ་ལེགས་འབྱུང་བའི་ཕན་ཡོན་དང་གཉིས་ལས།  དང་པོ་ལ།  གང་འདོད་ཀྱིས་ས་གཉན་བརྐོས་པ་དང་།  རྡོ་གཉན་བསློག་པ།  ཤིང་གཉན་བཅད་པ།  ཆུ་གཉན་དཀྲུགས་པ་སོགས་ཀྱི་དབང་གིས་གཞི་དེ་དག་ལ་གནས་བཅས་པའི་ལྷ་ཀླུ་གཞི་བདག་འབྱུང་པོ་མི་མ་ཡིན་རྣམས་ལ་ཕོག་ཐུབ་བཏང་བ་ལས་འཁྲུག་རྐྱེན་སྣ་ཚོགས་བཟོས་པ་དང་ནད་རིགས་སྣ་ཚོགས་བྱུང་བ་སོགས་སེལ་ལ། ཁྱད་པར་དུ་ཀླུའི་ནད་བྱུང་ཡོད་པ་སེལ་བར་བྱེད། དེ་བཞིན་དུ་ས་དཔྱད་ནོར་བ་དང་།  ཕྱི་ནང་གི་ས་དགྲའི་སྐྱོན་གྱིས་གནོད་པ་ཞི་བ།  ས་བཅུད་ཉམས་པ་གསོ་བ།ནད་རིམས་འཁྲུག་ལོང་དང་མུ་གེ་ཐན་པ།  ས་ཆུའི་འཇིགས་པ་སོགས་མི་འབྱུང་བར་གསུངས།  གཉིས་པ་ལ། སྤྱིར་བསྟན་འགྲོའི་ལས་དོན་འཕེལ་ཞིང་། སེམས་ཅན་ལ་བདེ་སྐྱིད་འབྱུང་བ།  ལོངས་སྤྱོད་འཕེལ་བ།  བསོད་ནམས་རྒྱས་པ། ཆོས་སྲིད་ལེགས་ཚོགས་ཀྱི་བྱ་བ་གང་བརྩམ་ཐམས་ཅད་ཡིད་བཞིན་འགྲུབ་པའི་ཕན་ཡོན་རྒྱ་ཆེན་པོ་ཡོད་པར་གསུངས་སོ།།   
བཞི།  ཁོར་ཡུག་སྲུང་སྐྱོང་ཐད་ཀྱི་ཕན་ཡོན།
             ཁོར་ཡུག་སྲུང་སྐྱོང་ནི་དེང་སྐབས་འཛམ་གླིང་རང་བཞིན་གྱི་བསླབ་གཞི་གལ་ཆེན་ཞིག་ཏུ་གྱུར་ཡོད་པ་ཀུན་གྱིས་མཁྱེན་གསལ་ལྟར་ལགས།  དེ་སྔོན་ཨ་མེ་རི་ཀའི་ཁཱ་ལེ་ཧྥུ་ཉེ་ཡ་ནས་མང་ཚོགས་ཀྱི་ཁྲོད་དུ་ཁོར་ཡུག་སྲུང་སྐྱོང་གི་འདུ་ཤེས་སྐོར་གྱི་ཉམས་ཚོད་ཅིག་བླངས་པ་ལས་བསྟན་དོན།  མང་ཚོགས་ཀྱིས་ཆེས་དོ་སྣང་མཛད་བཞིན་པའི་གནད་དོན་ལྔ་ཡོད་དེ།  གཅིག་འགྲིམ་འགྲུལ་གྱི་གནད་དོན།  གཉིས་ཁོར་ཡུག་སྦགས་བཙོག་གི་གནད་དོན། གསུམ་དུ་ནག་གི་གནད་དོན། བཞི་ཡུལ་གྱར་བའི་གནད་དོན།  ལྔ་སྤྱི་ཚོགས་ཉེས་སྤྱོད་ཀྱི་གནད་དོན་བཅས་སོ། །  དེ་ལས་ཁོར་ཡུག་སྦགས་བཙོག་གི་གནད་དོན་ནི་ཨང་གཉིས་པར་བཞག་ཡོད་པས་མང་ཚོགས་དང་ཆེད་ལས་མཁས་པ་རྣམས་ཀྱིས་འདིའི་ཕྱོགས་སུ་ཐུགས་ཁུར་ཇི་འདྲ་ཞིག་མཛད་བཞིན་ཡོད་པ་རྟོགས་ཐུབ། མིག་སྔར་སྤྱི་ཚོགས་ཀྱི་འགྱུར་ལྡོག་དང་བསྟུན་ནས་ཁོར་ཡུག་དོ་དམ་སྐོར་གྱི་ཁྲིམས་སྲོལ་གྱི་འཐུས་སྒོ་ཇེ་ཚང་དང་།  བཟོ་ལས་ཀྱི་སྦགས་བཙོག་འགོག་སེལ།  གྲོང་ཁྱེར་གྱི་ཁོར་ཡུག་ལེགས་བཅོས།  རང་བྱུང་ཁམས་སྲུང་སྐྱོབ་དང་ཁོར་ཡུག་ཚན་རྩལ་སོགས་བྱ་བར་འཕེལ་རྒྱས་བྱུང་སྟེ། ཁོར་ཡུག་སྲུང་སྐྱོང་གི་འདུ་ཤེས་རིམ་གྱིས་མི་མང་གི་བློ་ལ་བག་ཆགས་སུ་གྲུབ་མོད།  འོན་ཀྱང་བཟོ་ལས་འཕེལ་རྒྱས་དང་མི་གྲངས་འཕེལ་བར་བསྟུན་ནས།  ཐོན་ཁུངས་ཟད་ཚད་ཇེ་ཆེ་དང་། སྦགས་བཙོག་ཇེ་ཐལ། ས་ཆུ་ཤོར་བ། རྩྭ་ཁ་ཉམས་པ། ས་ཞིང་བྱེར་འགྱུར། ནགས་ཚལ་སྐམ་པ།ཆུ་རྒྱུན་ཆད་པ།  རི་དྭགས་རྩ་ཆེན་རིགས་ཀྱི་རྒྱུད་ཆད་པ་སོགས་སྣང་ཚུལ་ངན་པ་ད་དུང་བྱུང་དང་འབྱུང་བཞིན་ཡོད།  
             ཆོས་ལུགས་ཀྱི་བསམ་བློ་འདིའི་ཤུགས་རྐྱེན་འོག་རང་རེ་རྩྭ་ཐང་གི་རྫི་བོ་རྣམས་ལ་མཚོན་ན།  སར་སྡོད་པའི་དུས་སུ་རྩྭ་སྔོན་སྟེང་དུ་མི་སྡོད་ལ།  གལ་ཏེ་བསྡད་ཀྱང་ཡར་ལངས་ཏེ་འགྲོ་ཁར་སྡོད་སའི་ས་དེའི་སྔོན་མའི་སྟེང་དུ་ལག་པས་བྱིལ་བྱིལ་མཛད་དེ་རྩྭ་བཅག་ཟིན་པ་རྣམས་ཡར་སློང་བ་དང་།  ལག་པས་རང་དགར་གྱིས་རྩྭ་མི་འཐོག ས་མི་བརྐོ། ཐབ་ཀྱི་ཐལ་འཕོ་ནའང་སའི་བཀོད་དབྱིབས་ལྟར་གཤོང་ས་སོགས་གནས་ངེས་ཅན་ཞིག་ཏུ་འགེབ་པ་ལས་ཐང་ཡངས་པར་བསམ་ནས་གང་སར་འཕོ་བའི་སྲོལ་མེད་དོ།། ཞིབ་ཏུ་བསམ་ན་དཔེ་དེ་ཙམ་ལས་ཀྱང་ཁོར་ཡུག་སྲུང་སྐྱོང་གི་ཀུན་སྤྱོད་བླ་ན་མེད་པ་ཕྱིར་སྣང་བྱེད་ཐུབ་ལ།  མི་རྣམས་ཀྱི་རྒྱུད་ལ་རང་གཤིས་སུ་གྲུབ་པའི་རང་རྟོགས་རང་འགུལ་གྱི་རིག་གནས་སྣང་ཚུལ་དེ་མཚོན་ཐུབ།  དེ་དང་རང་བཞིན་གཅིག་པར་གཏེར་སྒྲུབ་པའི་ཆོ་ག་འདིར་མཚོན་ནའང་མི་དང་རང་བྱུང་ཁམས་བར་གྱི་འདྲ་མཉམ། མཐུན་འགྲིག སྙོམས་སྦྱོར། གཅིག་གྱུར། ཕན་ཚུན་བརྩི་འཇོག་བཅས་ཀྱི་འབྲེལ་བ་རྣམ་དག་ཅིག་མཚོན་པ་ཚད་མས་གྲུབ་ཡོད་ལ།  དེས་ཁོར་ཡུག་སྲུང་སྐྱོང་ལ་ཐོན་པའི་ཕན་ཡོན་ལའང་གཏེར་རྫས་ཀྱི་ཐད་ནས་ཐོན་པའི་ཕན་ཡོན་དང་།  མཚོ་གཏེར་གྱི་ཐད་ནས་ཐོན་པའི་ཕན་ཡོན།  ས་གཏེར་གྱི་ཐད་ནས་ཐོན་པའི་ཕན་ཡོན་ཏེ་བྱེ་བྲག་གསུམ་ཏུ་འདོད།   
             1.གཏེར་རྫས་ཀྱི་ཐད་ནས་ཐོན་པའི་ཕན་ཡོན། ཉི་འོད། མཁའ་དབུགས། ཆུ། ས་གཞི་དང་སྐྱེས་དངོས་སྣ་ཚོགས་ཀྱིས་གྲུབ་པའི་རང་བྱུང་ཁམས་ཆེན་པོ་འདི་འཚོ་རྟེན་དུ་བཟུང་བའི་མི་དང་སྐྱེས་དངོས་ཐམས་ཅད་ནི་སའི་གོ་ལ་འཕེལ་བའི་དུས་རིམ་ངེས་ཅན་ཞིག་གི་ཐོན་རྫས་ཡིན།  སྐྱེས་དངོས་ནི་སྤྲི་དཀར་གྱི་བཅུད་(蛋白质)དང་ཕྲ་ཕུང་ཉིང་རྡུལ་གྱི་སྐྱུར་རྫས་(核酸) མངར་ཆ(糖)བཅས་ཀྱིས་གྲུབ་པ་མ་ཟད།  རྙིང་འདོར་གསར་ལེན་གྱི་རྣམ་པའི་སྒོ་ནས་འགྱུར་ལྡོག་བྱུང་བཞིན་ཡོད་ལ།  མིའི་ལུས་ཕུང་གིས་ཀྱང་རྙིང་འདོར་གསར་ལེན་བརྒྱུད་ནས་ཁོར་ཡུག་དང་རྫས་ཕུང་བརྗེ་ལེན་བྱེད་པ་ཆོས་ཉིད་ཡིན། མིའི་ལུས་ཕུང་ཁྲོད་ཀྱི་རྫས་འགྱུར་གྱི་རྒྱུ་སྣ་ཚོགས་ཀྱི་ཆ་སྙོམས་འདུ་ཚད་དང་ས་ཤུན་ཁྲོད་ཀྱི་རྫས་འགྱུར་གྱི་རྒྱུའི་ཆ་སྙོམས་འདུ་ཚད་གཉིས་ཕན་ཚུན་ལ་ཤིན་ཏུ་འཕྲོད།  དཔྱད་འབྲས་ལས་བསྟན་པ་ལྟར་ན།  མིའི་ཁྲག་ཁུའི་ཁྲོད་ཀྱི་རྫས་འགྱུར་གྱི་རྒྱུ་སྣ་ཁ་60ལྷག་གི་འདུ་ཚད་དང་ཁོར་ཡུག་ཁྲོད་ཀྱི་རྒྱུ་ལིན་(磷)ཅ(钾)ཀེ(钙)ནཱ(钠)ལྕགས།   ཟངས།   ཞིན་(锌)ཏེན(碘)སོགས་ཀྱི་འདུ་ཚད་གཅིག་མཚུངས་ཡིན།  འདིས་མི་དང་ཁོར་ཡུག་བར་གྱི་འབྲེལ་བ་ཤིན་ཏུ་དམ་པ་མཚོན་ཏེ།  མིའི་ལུས་སྟེང་གི་རྫས་འགྱུར་གྱི་རྒྱུ་དང་ཁོར་ཡུག་གི་རྫས་འགྱུར་གྱི་རྒྱུ་ཕན་ཚུན་དོ་མཉམ་ཚེ། ད་གཟོད་མིའི་རིགས་རྒྱུན་ལྡན་གྱིས་འཚར་ལོངས་འབྱུང་ཐུབ་ལ།  དེ་ལས་ལྡོག་ཤས་ཆེ་ན་ཕན་ཚུན་ལ་མ་འཕྲོད་པར་ནད་རིགས་སྣ་ཚོགས་བསྐྱེད་སྲིད་པ་རྟོགས།  འདུ་ཤེས་འདིས་མཚོན་གཏེར་གྱི་རྫས་མཐའ་དག་ཀྱང་རང་བྱུང་ཁོར་ཡུག་གི་འཕོ་འགྱུར་དང་འཕྲོད་པའི་གཡང་རྫས་རྐྱང་རྐྱང་གིས་གྲུབ་ཡོད་དེ།   གོང་དུ་སྒྲུབ་གཞི་རྫས་དང་སྣོད་ཀྱི་དབྱེ་བའི་སྐབས་སུ་དྲངས་ཟིན་པ་ལྟར། བྲ་བོ་དང་དན་རོགས་སོགས་ནད་མེད་པར་ནད་བཟོ་བའི་བཤལ་སྨན་སྐྱུག་སྨན་གྱི་རིགས་དང་།  ཁྱུང་སྡེར་དང་བཙན་དུག་ལ་སོགས་སྲོག་ལ་ཉེ་བར་འཚེ་བའི་གནོད་བྱེད་དུག་རིས་ཀྱི་སྐོར།  སེམས་ཅན་གྱི་བདེ་ཐང་ལ་གནོད་པའི་རྫས་འགྱུར་གྱི་རྒྱུ་ཀི་(镉)དང་ཆེན་(铅)ཞིན་(锌)ཧྲིན་(砷)ཀོང་(汞)བཅས་དང་ལྡན་པའི་ལྕགས་དང་ཞ་ཉེའི་རིགས་སོགས་ཆེད་དུ་བཀག་ཡོད་ལ།  དེ་དག་ས་ལ་གཏུམ་པའམ་ཆུ་ལ་འཐིམས་པར་བྱས་ཚེ་སྐྱེས་དངོས་ཀྱི་རིགས་སྲོག་ཆགས་དང་རྩི་ཤིང་ལ་སོགས་ཀྱི་སྐྱེས་འཕེལ་སྙོམས་སྒྲིག་དང་ས་ཆུའི་བཅུད་འཛིན་ཀུན་ལ་གནོད་བྱེད་དུ་འགྱུར་བ་དང་། ཁོར་ཡུག་སྲུང་སྐྱོང་ལ་མི་ཕན་པས། ཆེད་དུ་ནས་འབྲས་གྲོ་སོགས་སྐྱེས་འཕེལ་གྱི་རང་བཞིན་དང་ལྡན་ཞིང་འགྲོ་བ་ཀུན་གྱི་ཞལ་ཟས་སུ་རུང་བའི་འབྲུ་སྣ་དང་།  དར་ཟབ་སོགས་ཚི་སྣ་(纤维)མ་འདྲེས་པའི་གོས་སྣ།  མནོལ་བཙོག་མ་ཤོར་བའི་ས་སྣ། ཆེན་(铅)སོགས་གནོད་རྫས་ཀྱིས་མ་བསླད་པའི་རང་བྱུང་གི་ཆུ་སྣ།   རྒྱ་མཚོར་གནས་པའི་སྲོག་ཆགས་ཀྱི་རིགས་ལ་ཕན་པའི་ཀླུ་སྨན།  ཀེ་(钙)ཡི་བཅུད་མ་ཤོར་བའི་བ་རའི་འོ་མ་སོགས་གཅེས་སུ་འཛིན་ལ།  དེ་དག་ལའང་ཆོ་ག་ལྟར་སྔགས་ཀྱིས་སྒྲུབ།  བྱིན་རླབས་རྒྱབ།  རབ་གནས་བྱས་ཏེ། ཀུན་ལ་ཕན་པའི་སྨོན་ལམ་རྒྱག་གོ ། རྫས་འགྱུར་གྱི་རྒྱུའི་ཆ་ནས་གཏེར་རྫས་སུ་རུང་བ་འདི་དག་ནི་མི་དང་སྐྱེས་དངོས། སྲོག་ཆགས་ཀྱི་གྲུབ་རྫས་སུ་གྱུར་བའི་རྫས་འགྱུར་གྱི་རྒྱུ་དང་ཡོངས་སུ་འཕྲོད་ལ།  ལྷག་པར་དུ་རྙིང་འདོར་གསར་ལེན་གྱི་རྣམ་པའི་སྒོ་ནས་མཐུན་པར་སྦྱར་ཡོད་པས།  ཁོར་ཡུག་གི་སྐྱེས་འཕེལ་གྱི་ཆོས་ཉིད་དང་མཐུན་ལ།  ཁོར་ཡུག་སྲུང་སྐྱོང་གི་ཐད་དུ་གཏེར་རྫས་རང་ངོས་ནས་ས་གཤིས་སྙོམས་སྒྲིག་དང་ས་ཆུའི་བཅུད་འཛིན་གྱི་བྱེད་ནུས་བཟང་པོ་འདོན་བཞིན་ཡོད་དོ ། །  
             2.མཚོ་གཏེར་ལས་ཐོན་པའི་ཕན་ཡོན། ཁོར་ཡུག་སྲུང་སྐྱོང་གི་ཆེད་ལས་མཁས་པ་དག་གིས་སྡོམ་ཚིག་བཀོད་པ་ལྟར་ན།  ས་གཞིའི་བརྒྱ་ཆ་71རྒྱ་མཚོས་ཟིན་ཞིང་།  བོངས་ཚད་ལ་སྤྱི་ལེ་གྲུ་བཞི་མ་137000ཡོད།   འོན་ཀྱང་མིའི་རིགས་ཀྱིས་བཏུང་རུང་བའི་ཚྭ་མེད་ཆུས་བརྒྱ་ཆ་1མ་གཏོགས་མི་ཟིན་ལ། དེའི་ས་ཁོངས་ཀྱི་ཁྱབ་ཡུལ་ཡང་དོ་མི་མཉམ།  བཟོ་ལས་དང་ཞིང་ལས་ཀྱི་ཆུའི་མཁོ་ཚད་ཇེ་མང་དུ་འགྲོ་བཞིན་པའི་ཁར། ཆུ་སྣ་མང་པོར་སྦགས་བཙོག་ཐེབས་པས།  མིའི་རིགས་ལ་མཚོན་ན་ཆུ་ནི་ཧ་ཅང་དཀོན་པོར་འགྱུར་བཞིན་ཡོད།    ད་དུང་རྒྱ་མཚོས་སའི་གོ་ལའི་སྟེང་གི་བརྒྱ་ཆ་80ཡན་གྱི་སྐྱེས་དངོས་ཀྱི་ཐོན་ཁུངས་ཟིན་ཞིང་།  དེ་ལས་སྲོག་ཆགས་ཀྱི་རིགས་l80000དང་། རྩི་ཤིང་གི་རིགས་20000ཡོད་པར་གསུངས།  དེ་དག་སྲུང་སྐྱོབ་བྱེད་པར་ཁྲིམས་ལུགས་དང་སྲིད་འཛིན་བྱེད་ཐབས་ཁོ་ནས་གནད་དོན་ཡོད་ཚད་ཐག་གཅོད་པ་ཤིན་ཏུ་དཀའ།   ཁོར་ཡུག་ངན་འགྱུར་གྱི་རྒྱུ་རྐྱེན་གཙོ་བོ་ཞིག་ནི་མི་རྣམས་ཀྱི་བློ་ངོར་ད་དུང་དེང་རབས་བཟོ་ལས་ཚན་རྩལ་གྱི་སྤྱི་ཚོགས་དང་འཚམས་པའི་མི་ཆོས་ཀྱི་ལྟ་བ་གསར་པ་ཞིག་གྲུབ་མེད་པའི་སྐྱོན་ཡིན།  ཁོར་ཡུག་སྲུང་སྐྱོང་གི་རང་རྟོགས་རང་བཞིན་ནི་ཁོར་ཡུག་གི་རིན་ཐང་ལྟ་ཚུལ་གྱི་རྨང་གཞིའི་སྟེང་བྱུང་ཞིང་།  ཁོར་ཡུག་གི་ཀུན་སྤྱོད་འདུ་ཤེས་ཀྱི་རྣམ་པ་ཞིག་ཡིན།  མི་དང་རང་བྱུང་ཁམས་གཅིག་གྱུར།  མི་དང་འགྲོ་བ་རིགས་དྲུག་འདྲ་མཉམ་གྱི་བསམ་བློའི་སྦྱངས་པ་ཡོད་པ་ཞིག་ཡིན་གཤིས།   ད་གཟོད་ཁོར་ཡུག་སྲུང་སྐྱོབ་བྱེད་པ་ནི་དོན་དམ་པར་མིའི་རིགས་ཀྱི་བདེ་འཇགས་སྲུང་བཞིན་པའི་གནས་ལུགས་དེ་རྟོགས་ཐུབ།  
             བོད་རིགས་ཀྱིས་མིའི་རིགས་ནི་རང་བྱུང་ཁམས་ཆེན་པོར་འཚོ་བའི་འགྲོ་བ་མཐའ་དག་གི་བྱེ་བྲག་ཅིག་ཡིན་ཞིང་།  དེ་དག་ཐམས་ཅད་ཕན་ཚུན་འདྲ་མཉམ་ཡིན་པས།  ཀུན་གྱི་འཚོ་རྟེན་དུ་གྱུར་བའི་ཁོར་ཡུག་ལ་གནོད་སྐྱེལ་བ་ནི་འོས་མ་ཡིན་ལ།  དེ་ལ་གཏོར་བརླག་བཟོ་བ་ནི་བྱས་བསགས་ཀྱི་ལས་ཆེན་པོ་ཞིག་ཏུ་འགྱུར་བར་བསམ། དེ་བས་སྣང་སྲིད་ཀུན་ན་འཚོ་བའི་སེམས་ཅན་ཐམས་ཅད་དང་སྐྱེས་དངོས་ཀྱི་རིགས་ཀུན་མཉམ་གནས་དང་མཐུན་འགྲིག་བདེ་འཇགས་བཅས་ཡོང་བའི་སླད་དུ་ཆུ་དང་མཚོ་ལ་གཏེར་རྒྱག་པའི་སྲོལ་ཀ་འདི་སྤེལ་ཏེ།  དེར་གནས་པའི་སེམས་ཅན་ཀུན་ལ་མཆོད་སྦྱིན་མཛད་ཐོག  ཁོར་ཡུག་བདེ་འཇགས་དང་སེམས་ཅན་བདེ་སྐྱིད་ཡོང་བར་སྨོན་ལམ་འདེབས་ལ། དེ་ལྟར་གྲུབ་ཟིན་པའི་རྗེས་སུའང་བསྐལ་པ་ནས་བསྐལ་པའི་བར་གནས་དེའི་ཆུ་མི་ཟག་མི་དཀྲུགས།  ཉ་མི་བཟུང་།  མནོལ་བཙོག་མི་བཟོ།  སྐྱེས་དངོས་ཀྱི་རིགས་ལ་གནོད་མི་སྐྱེལ་ཞིང་།  ཚེས་བཟང་དུས་བཟང་ལ་དེར་ཕྱག་དང་བསྐོར་བ་མཛད་དེ་མཆོད་བཀུར་བླ་མེད་དུ་བྱེད་པའི་སྲོལ་ད་དུང་མ་ཉམས་པར་ཡོད་དེ།  བོད་ལྗོངས་སུ་མ་ཕམ་གཡུ་མཚོ་དང་ལྷ་མོ་བླ་མཚོའི་འགྲམ་རྒྱུད་དུ་མཚོ་བཀུར་གྱི་ཆོ་ག་ཇི་ལྟར་ཡོད་པ་ད་ལྟ་ད་དུང་མཐོང་ལམ་དུ་སྣང་བ་དེ་བཞིན་ནོ། །   
             3. ས་གཏེར་གྱི་ཐད་ནས་ཐོན་པའི་ཕན་ཡོན།ས་གཏེར་ནི་སྐམ་སའི་སྟེང་དུ་འདེབས་པའི་ཆོ་གའི་རིགས་ལ་བྱ།  འདི་ལའང་གོང་དང་མཚུངས་པར་ཁྱད་དུ་འཕགས་པའི་ཁྱད་ཆོས་དང་བླ་ན་མེད་པའི་དགེ་མཚན་ལྡན།  སྐམ་ས་མེད་པར་སྐྱེས་དངོས་ཀྱི་རིགས་གནས་ཐབས་མེད་ལ། སྒོས་སུ་སྐམ་སའི་སྲོག་ཆགས་ཀྱི་འཚོ་རྟེན་སྐོར་གླེང་ཐབས་མེད། སྐམ་སའི་ཁོར་ཡུག་ལ་གནོད་སྐྱོན་ཐེབས་པས་ས་ཞིང་བྱེར་འགྱུར་དང་།ཆུ་ཤོར་བ།  སྐྱེས་ཁམས་ཉམས་པ་སོགས་ལྟས་ངན་པ་སྣ་ཚོགས་འབྱུང་བ་ཆོས་ཉིད་དེ།  དཔེར་ན་རྩྭ་ཐང་སྨི་གྲུ་བཞི་མ་l00ཡིས་ཆུ་ཚོད་10ལ་ཡཱང་གཉིས་ཐན་འགྱུར་(二氧化碳)ཁེ་1500ལེན་པ་དང་། ཡཱང་དབུགས་(氧气)ཁེ་100ཕྱིར་གཏོང་བ་མ་ཟད།  རླུང་ཁམས་ཆེན་པོའི་དྲོད་ཚད་དང་བརླན་ཚད་སྙོམས་སྒྲིག་བྱེད།  མི་དར་མ་ཞིག་ལ་ཉིན་གཅིག་ལ་ཡཱང་དབུགས་སྤྱི་རྒྱ་0.75དགོས་པ་དང་། ཡཱང་གཉིས་ཐན་འགྱུར་སྤྱི་རྒྱ་1ཕྱིར་གཏོང་དགོས།  དེ་ལྟར་ན་ནགས་ཚལ་ལམ་རྩ་ཐང་སྨི་གྲུ་བཞི་མ.10ཡིས་ཡཱང་དབུགས་འདོན་སྤྲོད་བྱེད་དགོས་པས།   ཁོར་ཡུག་གི་རྩྭ་ལྗང་མྱུ་གུ་དང་ནགས་ཚལ་སོགས་ལ་སྲུང་སྐྱོང་བྱེད་དགོས་པ་གནས་ལུགས་ཀྱིས་གཏན་ལ་ཕབ་ཡོད།  
             བོད་ཁམས་སུ་ས་གཏེར་བརྒྱབ་པའི་ཡུལ་དེར་སྲོག་ལ་མི་འཚེ།  ས་མི་བརྐོ།  རྡོ་མི་སློག  རྩྭ་མི་འབྲེག    ནགས་མི་གཅོད་པ་མ་ཟད།  དེར་ས་གཡང་འགུག      དག་གཙང་བྱེད། གནོད་འཚེ་སེལ་ལ།  ཐོག་ཐག་ཏུ་སྐྱེས་དངོས་ཡོད་དོ་ཅོག་དང་འགྲོ་བ་སེམས་ཅན་ཐམས་ཅད་ཀྱི་སླད་དུ།  འཚོ་བཞིའི་མཐུན་རྐྱེན་གང་ལེགས་བསྐྲུན་བཞིན་ཡོད་ལ།  ཁོར་ཡུག་གི་སྐྱེས་ཁམས་དོ་མཉམ་དགོས་པའི་སྐོར་གྱི་ཁ་ཏ་བསླབ་བ་དང་ལེགས་བཤད་སོགས་སྒྲུང་གི་ཚུལ་གྱིས་མི་རབས་ནས་མི་རབས་བར་བརྒྱུད་ཅིང་མཆིས།  དེ་བས་ཟས་གོས་ངན་ངོན་ཙམ་ལ་བརྟེན་པའི་ཡུལ་གྱར་བ་ཞིག་ཡིན་ཡང་སློང་མོའི་ལས་ཀྱིས་འཚོ་ཐབས་བྱེད་པ་ལས།  རི་སྐྱེས་ཀྱི་རིགས་རྔོན་པ་དང་གཞན་གྱི་སྲོག་ལ་འཚེ་བ།  འཕྲོག་པ།  བཅོམ་པ་སོགས་ཀྱི་ལས་མི་བགྱིས་པ་སྤྱི་གཤིས་ཡིན།  
             སྐམ་ས་ཆེན་པོ་འདི་རང་བྱུང་གི་ཤུགས་ཀྱི་བྱེད་ནུས་འོག  ཆ་སྙོམས་ཀྱིས་ལོ1000གི་ནང་དུ་ད་གཟོད་ལིས་མི་(厘米)loཡི་མཐུག་ཚད་ཀྱི་ས་ཤུན་རིམ་པ་ཞིག་ཆགས་ལ།  ལོ་རེའི་ཆགས་ཚད་ཤོག་སྐྱ་ལས་ཀྱང་སྲབ་པ་ཡིག་ཚང་ལས་མཐོང་ཐུབ། བོད་ཀྱིས་ས་གཏེར་རྒྱག་པའི་སྲོལ་ཀ་འདི་ལས་ཁོར་ཡུག་སྲུང་སྐྱོང་གི་ཀུན་སྤྱོད་སྐོར་གྱི་བསླབ་བྱ་དང་ལེགས་ཆ་མང་པོ་ཡོད་པར་བསམ།   ཁོར་ཡུག་ཀུན་སྤྱོད་འདུ་ཤེས་ནི་ཕྱི་རོལ་གྱི་གནོན་ཤུགས་དང་འབྲུད་ཤུགས་སོགས་ཤུགས་རྐྱེན་ཅི་ཡང་མེད་པའི་གནས་ཚུལ་འོག  ཁོར་ཡུག་སྲུང་སྐྱོབ་ཀྱི་བླངས་བྱ་དང་འཚམ་པར་མི་རྣམས་ལ་རང་གཤིས་སུ་གྲུབ་པའི་རང་རྟོགས་རང་འཐད་ཀྱི་སྤྱོད་པའི་འདུ་ཤེས་དང་སྤྱོད་པའི་གོམས་སྲོལ་ལ་བྱ་ཞིང་།  ཁོར་ཡུག་ཀུན་སྤྱོད་ཀྱི་འདུ་ཤེས་བཟང་པོ་ནི་ཁོར་ཡུག་འདུ་ཤེས་ཀྱི་ཆེས་བླ་ན་མཐོ་བའི་དམིགས་སྒོའོ། ། དེ་ལྟ་བུའི་ཁོར་ཡུག་ཀུན་སྤྱོད་ཀྱི་འདུ་ཤེས་བཟང་པོ་ཐོག་མ་ནས་རྒྱུད་ལ་གོམས་པའི་བོད་རིགས་དམངས་ཁྲོད་དུའང་ས་འོག་གཏེར་གྱིས་བཀང་ན།   ས་ཐོག་གཡང་གིས་བཀང་ཞེས་པའི་ཁ་དཔེ་ཡོད།  དེ་ལས་ས་གཏེར་རྒྱག་པ་འདི་ནི་ཕྱིའི་སྣོད་ཀྱི་འཇིག་རྟེན་དང་ནང་བཅུད་ཀྱི་སེམས་ཅན་ཐམས་ཅད་ཀྱི་འཕྲིན་ལས་ལ་དམིགས་པའི་ཁོར་ཡུག་ཀུན་སྤྱོད་ཀྱི་རྣམ་པའི་མཚོན་སྟངས་ཁྱད་འཕགས་ཅན་ཞིག་ཡིན་པ་གསལ་པོར་རྟོགས་ཐུབ་བོ། །  
ཚེ་བརྟན་རྡོ་རྗེ།  ད་ལྟ་མཚོ་སྔོན་ཞིང་ཆེན་ཏང་གི་སློབ་གྲྭའི་《རྩེར་བསྙེགས》རྩོམ་སྒྲིག་ཁང་དུ་རྩོམ་སྒྲིག་གི་ཕྱག་ལས་གནང་བཞིན་ཡོད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1