ཡུལ་ཤུལ་ཁུལ་གྱི་སྐྱེ་ཁམས་འཛུགས་སྐྲུན་གྱི་མཐོང་ཐོས་བཀོད་པ།
ཡུལ་ཤུལ་ལ་གཙང་གསུམ་འགོ་ཁུངས་ཞེས་འབོད། དེ་ནི་རྨ་རྫ་འབྲི་གསུམ་གྱི་འགོ་ཁུངས་འབབ་རྒྱུད་ཀྱིས་ཡུལ་ཤུལ་སྤྱིའི་རྒྱ་ཁྱོན་གྱི་བཅུ་ཆའི་དགུ་ཙམ་ཟིན་ཡོད་པས་ཡིན། གཙང་གསུམ་འགོ་ཁུངས་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་གཞིའི་ཚོད་ལྟ་ཁུལ་དུ། འབྲི་ཆུའི་ཆུ་འགོ་ཁུལ་དང་རྫ་ཆུའི་ཆུ་འགོ་ཁུལ་གྱི་ས་ཁོངས་ཀྱི85%ཡུལ་ཤུལ་ཁོངས་སུ་ཡོད་པ་དང་། དེ་བས་ཡུལ་ཤུལ་ནི་རྒྱལ་ཁབ་ཀྱི་ཆེས་གལ་འགངས་ཆེ་བའི་སྐྱེ་ཁམས་བདེ་འཇགས་སྲུང་ཡུལ་ཡིན་པ་སྨོས་ཅི་དགོས་ལ། སྐྱེ་ཁམས་སྲུང་སྐྱོང་དང་འཛུགས་སྐྲུན་ནི་ཡུལ་ཤུལ་བའི་འཚོ་བའི་ཁྲོད་ཀྱི་དོན་ཆེན་ཨང་དང་པོ་རེད།
ཉེ་བའི་ལོ་ཤས་རིང་། ཡུལ་ཤུལ་ཁུལ་གྱིས་སྐྱེ་ཁམས་འཛུགས་སྐྲུན་དང་སྲུང་སྐྱོང་བྱ་རྒྱུ་དེ་རྒྱལ་ཁབ་དང་རྒྱལ་ཡོངས་མི་དམངས་ལ་བཞག་པའི་མཛད་རྗེས་ཆེ་ཤོས་དང་དྲིན་ཚོར་ཟབ་ཤོས་སུ་བརྩི་བཞིན་ཡོད་ལ། ཁུལ་ཡོངས་ཀྱི་གོང་འོག་ཚང་མས་སྐྱེ་ཁམས་སྲུང་སྐྱོང་དེ་ཁུལ་འཛུགས་པའི་གནད་འགག་ལ་བརྩི་བཞིན་ཡོད། སྐྱེ་ཁམས་སྔོན་ཐོན་འདུ་ཤེས་ཀྱིས་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་སྣེ་ཁྲིད་དེ་སྐྱེ་ཁམས་ཁོར་ཡུག་དང་དཔལ་འབྱོར་སྤྱི་ཚོགས། དམངས་འཚོ་བདེ་སྐྱིད་བཅས་མཐུན་སྦྱོར་ངང་འཕེལ་རྒྱས་ཀྱི་ལྗང་མདོག་འཕེལ་ལམ་ཞིག་བཏོད་བྱུང་ལ། ལྗང་མདོག་ཅན་གྱི་ཆེས་སྣང་བརྙན་ལེགས་པོ་མངོན་བྱུང་།
ད་སྐབས། ལྗང་མདོག་གིས་དྲིན་ཚོར་བ། སྐྱེ་ཁམས་ཀྱིས་དྲིན་འཇལ་བ། ཡུལ་ཤུལ་གྱི་ཆེས་འོད་དུ་འཚེར་བའི་མིང་བྱང་དུ་གྱུར་ཡོད།
གནས་འདི་ནས། ལྗང་མདོག་གི་ངོ་མཚར་དཔང་ལ་འཇོག
ཡུལ་འདིར་ལོ་རྒྱུས་ཀྱི་རྒྱུན་རིང་ཞིང་རིག་གནས་ཀྱི་གཏིང་ཟབ་པ་དང་། ཡུལ་འདིར་མི་རིགས་མང་པོའི་རིག་གནས་ཞི་མཐུན་མཉམ་གནས་བྱས་ཡོད་ལ། ཡུལ་འདི་ནི་མཆོག་གྱུར་ཡོན་ཏན་དུ་མའི་དཔལ་མངའ་བའི་གནས་མཆོག་ཡུལ་ཤུལ་རེད།
སྤྱི་ཟླ་བརྒྱད་པར། འབྲི་ཆུའི་འགྲམ་ངོགས་སུ་གསར་དུ་བཙུགས་པའི་ལྕང་སྡོང་གི་མགོ་ལྕོག་ལྡེམ་ལྡེམ་དུ་གཡོས་ནས་ལྗང་མདོག་གི་ཞིང་ཁམས་སུ་རྒྱང་རིང་ནས་ཕེབས་པའི་སྐུ་མགྲོན་ལ་བསུ་མ་ཞུས་བྱུང་། རྫ་ཆུའི་འགྲམ་ངོགས་སུ། རྒྱ་ལྕང་གསེར་པོའི་མཛེས་པའི་འཕྱོར་སྒེག་སྟོན། ཡུལ་ཤུལ་མཐོ་སྒང་མུའུ་སྟོང་གི་སྡོང་ཕྲུག་གསོ་སྤེལ་ཚོད་ལྟའི་རྟེན་གཞི་ཁུལ་དུ། གསོམ་ཤིང་རྐང་ཁྲི27དང་ཧུའུ་པའེ་ལྕང་མ་རྐང་ཁྲི3དང་། བོད་ལྕང་རྐང་ཁྲི་40ལ་ལྗང་མདོག་གི་གསོན་ཤུགས་རབ་ཏུ་རྒྱས་ཡོད།
ནགས་ཚལ་སྟུག་པོ་གཡུ་ལོ་སྔོ་སངས་སངས། སྤང་ལྗོངས་སྔོན་པོ་ངོ་མཚར་མཛེས་ཉམས་ལྡན། ཞེས་པ་ལྟར། ཡུལ་ཤུལ་ཁུལ་ནགས་ལས་ཅུས་ཀྱི་ཅུས་ཀྲང་དབང་རྒྱལ་རྡོ་རྗེ་ལགས་ཀྱིས་བློ་ཡིད་ཚིམ་པའི་ངང་བཤད་རྒྱུར། ལྕང་མ་འདི་དག་ང་ཚོས་བྱིས་པ་ནང་བཞིན་གཅེས་སྐྱོང་བྱས། སྡོམ་རྩིས་བྱས་པར་གཞིགས་ན། ལོ་འདི་འགའི་རིང་ཡུལ་ཤུལ་ཁུལ་གྱི་སྔོ་ཁེབས་ཚད་མུའུ་ཁྲི་9.6ཡིན་པ་དང་། ཡུལ་ཤུལ་ས་ཡོམ་སྔོན་གྱི་ལྗང་སྒྱུར་རྒྱ་ཁྱོན་གྱི་སྤྱི་བསྡོམས་ལས་བརྒལ་ཡོད་ལ། སྡོང་ཕྲུག་སྣ་ཚོགས་རྐང་ཁྲི་1217.85བཏབ་པ་དང་། 2018ལོའི་སྡོང་འཛུགས་ཁོ་ན་མུའུ་ཁྲི་5.2རེད།
2015ལོའི་ཟླ་3པར། ཡུལ་ཤུལ་ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་དུས་བབ་དང་བསྟུན་ཏེ། རང་འགུལ་གྱིས་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་གི་གལ་ཆེ་ས་ལ་འགན་ཁུར་ཏེ། ཧུར་ཐག་གིས་སྐྱེ་ཁམས་སྲུང་སྐྱོང་བྱེད་པའི་ཆབ་སྲིད་ཀྱི་འགན་འཁྲི་འཁུར་པ་དང་། ནགས་ཤིང་རྒྱུད་བཟང་གསོ་སྤེལ་ཐོན་ལས་ཅན་གྱི་འཕེལ་རིམ་སྐུལ་འདེད་ཇེ་མགྱོགས་སུ་བཏང་།
གསར་འགོད་པ་ཡུལ་ཤུལ་མཐོ་སྒང་མུའུ་སྟོང་གི་སྡོང་ཕྲུག་གསོ་སྤེལ་ཚོད་ལྟའི་རྟེན་གཞི་ཁུལ་དུ་སླེབས་ཙ་ན། ལས་བྱེད་མི་སྣས་ང་ཚོར་བཤད་རྒྱུར། གནས་འདི་ནི་སྔོན་ཆད་གེགས་རྗེས་བསྐྱར་སྐྲུན་སྐབས་ཁུལ་ཏང་སྲིད་ལས་ཁུངས་ཀྱི་གནས་སྐབས་གཞུང་དོན་བསྒྲུབ་གནས་དང་གེགས་ཁུལ་མང་ཚོགས་བཀོད་སྒྲིག་བྱ་ཡུལ་ཡིན་ལ། བསྐྱར་སྐྲུན་འགྲུབ་ནས་མི་རྣམས་ཕྱིར་ལོག་རྗེས་ཨར་འདམ་དང་བྱེ་རིལ་མང་བོ་ཤུལ་དུ་བསྐྱུར་ཡོད། ཡང་ཞིག་རོ་གཙང་བཤེར་དང་། ས་འདམ་བརྗེ་བ། ལུད་རྒྱག་པ། འདེབས་འཛུགས། ཆུ་འདྲེན་པ་སོགས་ནགས་ལས་ལས་ཁུངས་ཀྱི་དཀའ་ལས་གསོ་སྐྱོང་འོག ལྗང་མྱུག་རྟེན་གཞིའི་རྒྱ་ཁྱོན་མུའུ་2000དང་གཅིག་སྡུད་མུ་སྦྲེལ་གྱི་མུའུ་1200བསྐྲུན་ཟིན་ལ། གནས་འདི་སྔོ་ཐིང་ཐིང་དུ་གྱུར་ཡོད། ཚོད་ལྟའི་རྟེན་གཞི་འདི་འཛུགས་སྐྲུན་ལེགས་གྲུབ་བྱུང་བས། ཡུལ་ཤུལ་གྱི་ནགས་འཛུགས་སྔོ་འགྱུར་ལ་འཚམ་པའི་སྤུས་ལེགས་སྡོང་ཕྲུག་མཁོ་འདོན་བྱས་ལ། སྡོང་ཕྲུག་གི་མ་གནས་ཇེ་དམའ་དང་སྡོང་ཕྲུག་གི་གསོན་ཚད་ཇེ་མཐོར་བཏང་ཞིང་། དེ་ནི་ཡུལ་ཤུལ་གྱི་ནགས་ལས་འཕེལ་རྒྱས་ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་མོའི་ཁྲོད་འཕོ་འགྱུར་ཐེངས་ཤིག་ཡིན་ལ། ཡུལ་ཤུལ་གྱི་ནགས་ལས་པའི་ང་རྒྱལ་སྐྱེས་ཆོག་པ་དང་གཟི་བརྗིད་དུ་འདོད་ཆོག་པའི་སྔོ་ལྗང་གི་བྱས་རྗེས་ངོ་མཚར་བ་ཞིག་གོ།
གནས་འདི་ནས། ལྗང་མདོག་གི་དཔལ་ལ་རོལ།
རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་འགོ་ཁུངས་སུ་བསྔགས་པའི་ཡུལ་ཤུལ་ཁུལ་ནི་རྒྱ་ཁྱོན་གྱི་ཁུལ་ཆེན་དང་མི་འབོར་གྱི་ཁུལ་ཆུང་ཞིག་སྟེ། རི་རྒོད་ལྗང་བསྒྱུར་དང་བྱེ་ཐང་ལྗང་བསྒྱུར། ས་ནག་ལྗང་བསྒྱུར་སོགས། སྲིད་གཞུང་ལས་ཁུངས་ཡིན་ནའང་འདྲ། སྤྱིར་བཏང་གི་མང་ཚོགས་ཡིན་ནའང་འདྲ། ཚང་མས་ལྗང་མདོག་གི་བྱ་གཞག་ལ་བླ་ན་མེད་པའི་བྱས་རྗེས་བཞག་ལ། གནའ་གྲོང་ཡུལ་ཤུལ་ལ་ལྗང་མདོག་འཕེལ་རྒྱས་ཀྱི་དཔལ་ཡོན་གསར་བ་ཤར།
རི་ལྗང་ཆུ་དྭངས་གསེར་རི་དངུལ་རི་ཡིན། ཞེས་པ་ལྟར། གཡའ་དག་པའི་ནམ་མཁའ་དང་དྭངས་བསིལ་གྱི་ཆུ་བོ། མཛེས་སྡུག་ལྡན་པའི་རི་ཀླུང་ཐམས་ཅད་ལ་སྲུང་སྐྱོང་བྱེད་པ་དང་ཆབས་ཅིག ཡུལ་ཤུལ་ཁུལ་གྱིས་རྩྭ་ས་བྱེ་འགྱུར་འགོག་བཅོས་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱས་ཤིང་། མིས་བཟོས་ཐབས་ལ་བརྟེན་ནས་སྔོ་ཁེབས་སླར་གསོ་དང་འགོག་གསོ་བདག་སྐྱོང་སོགས་ཀྱི་ནུས་ལྡན་བྱེད་ཐབས་སྤྱད་དེ། སྡོང་འཛུགས་དང་སྡོང་སྲུང་གི་ཧུར་སེམས་ཆེ་རུ་བསྐྱེད་ལ། སྤྱི་ཚོགས་ཀྱི་ཕན་འབྲས་དང་དཔལ་འབྱོར་གྱི་ཕན་འབྲས། སྐྱེ་ཁམས་ཀྱི་ཕན་འབྲས་ལེགས་པོ་ལྡན་ཞིང་། དེ་མིན་གྲོང་ཁྱེར་གྱི་མིའི་འཚོ་སྡོད་ཁོར་ཡུག་ཇེ་ལེགས་དང་། སྡོད་དམངས་ཀྱི་འཚོ་བའི་སྤུས་ཚད་མཐོར་འདེགས་དང་ལྗང་མདོག་གི་ཡུལ་ཤུལ་གྱི་ཡུལ་རྣམ་པ་གསར་བ་བསྐྲུན་པར་དོན་སྙིང་གལ་ཆེན་ལྡན།
གནས་འདི་ནས། ལྗང་མདོག་གི་འཚོ་བ་ལོངས་སུ་སྤྱོད།
ཁྲུང་ཁྲུང་སྐེ་ནག་གི་ཕ་སར་འབོད་པའི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ཁུལ་རིང་བོ་ཐང་དུ། འདབ་ཆགས་རིགས་ཁྱུའི་གྲངས་འབོར་ལོ་རེར་བཞིན་དུ་འཕར་བྱུང་། ཁྲུང་ཁྲུང་མགོ་ཁྲ་དང་ཁྲུང་ཁྲུང་མགོ་ནག ངང་སེར་དང་བྱ་ངང་བ་སོགས་མཚོ་དང་མཚེའུ་ནང་བག་གཡེང་དུ་རྒྱུ་ཞིང་། འདབ་ཆགས་ལ་འཚེ་བ་མེད་པའི་མཛེས་རྣམ་ཞིག་མངོན་པར་གྲུབ་ཡོད།
གཙང་གསུམ་འབྱུང་ཁུངས་སྲུང་སྐྱོང་གི་ལྟེ་བའི་ཁུལ་གྱི་ཡུལ་ཤུལ་ནི་རང་རྒྱལ་གྱི་སྐྱེ་ཁམས་བདེ་འཇགས་ཀྱི་སྲུང་ཡོལ་འགངས་ཆེན་ཞིག་རེད་ལ། རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་སྐྱོང་ཁྲོད་འཐབ་ཇུས་ཀྱི་གོ་གནས་གལ་ཆེན་བཟུང་ཡོད། ཀྲུང་ཧྭ་ཆུ་མཛོད་ཀྱི་སྐྱེ་ཁམས་བདེ་འཇགས་ལ་སྲུང་སྐྱོང་ལེགས་པོ་བྱེད་རྒྱུ་ནི་ཡུལ་ཤུལ་ཁུལ་གྱི་དུས་རབས་གསར་བའི་འགན་འཁྲི་གལ་ཆེ་ཤོས་ཡིན། ཉེ་བའི་ལོ་འགའི་རིང་། ཡུལ་ཤུལ་མི་དམངས་ཀྱིས་དཀའ་སྤྱད་འབད་བརྩོན་བྱས་མཐར། གྲུབ་འབྲས་གཡུར་དུ་ཟ་བ་སྤྲད་བྱུང་ལ། ཡུལ་ཤུལ་མཐོ་སྒང་མུའུ་སྟོང་གི་སྡོང་ཕྲུག་གསོ་སྤེལ་ཚོད་ལྟའི་རྟེན་གཞི་ཁུལ་བཙུགས་པ་ནས་རྒྱལ་ལམ214ཡི་ལེ་དབར་བརྒྱ་ཕྲག་མའི་སྔོ་ཁེབས་ཁྱམས་རིང་བསྐྲུན་པ་དང་། དཔལ་ཐང་འདམ་རའི་སྤྱི་གླིང་ནས་པེ་ཅིང་སྤྱི་གླིང་དང་སྐྱེ་དགུ་མདོ་སྤྱི་གླིང་དང། ལྷོ་བྱང་རི་བོའི་ཤིང་འཛུགས་སྔོ་འགྱུར་ནས་གྲོང་ཁྱེར་གྱི་ཚད་གཞི་མཐོ་བའི་ཡུལ་ལྗོངས་མཐོར་འདེགས་དང་། ཉེ་འགྲམ་ཁོར་ཡུག་ལྗང་བསྒྱུར་ནས་རི་རྒོད་ནགས་འདེབས། གཙང་གསུམ་འབྱུང་ཁུངས་དྲན་གསོའི་རྡོ་རིང་མཐའ་འཁོར་གྱི་ཡུལ་ལྗོངས་མཐོར་འདེགས་ནས་ཡུལ་ཤུལ་གྱི་ནང་འདྲེན་ནགས་ཚལ་འདེབས་འཛུགས་གླིང་བསྐྲུན་ཚར་པ་དང་། ས་རྒོད་བཅོས་སྐྱོང་ནས་ཞིང་བསྐྱུར་ནགས་འདེབས་དང་ཕྱུགས་བསྐྱུར་བརླན་རྒྱས་དང་། གཙང་གསུམ་ཆུ་འགོའི་དུས་ཐེངས་དང་པོ་དང་དུས་ཐེངས་གཉིས་པའི་ལས་གཞི་ལག་བསྟར་ནས་རིང་པོ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ཁུལ་གྱི་འཛུགས་བསྐྲུན་སོགས་ལས། ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་སྐྱེ་ཁམས་སྲུང་སྐྱོང་བྱེད་པའི་ཡིད་ཆེས་དང་ཆོད་སེམས་མངོན་ཡོད་ལ། ཁུལ་ཡོངས་ཀྱི་མི་དམངས་ཀྱིས་གཙང་གསུམ་ཆུ་འགོ་སྲུང་སྐྱོང་དང་ཀྲུང་ཧྭའི་ཆུ་མཛོད་སྲུང་སྐྱོང་། རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་ཇེ་བརྟན་དུ་གཏོང་བའི་ཐད་བྱས་རྗེས་བླ་མེད་བཞག་པ་མངོན་ཡོད་དོ།།
གནས་འདི་ནས། གཙང་གསུམ་འགོ་ཁུངས་རང་བྱུང་སྲུང་སྐྱོབ་ཁུལ་གྱི་མ་ལག་འཛུགས་སྐྲུན་གྱི་གོམ་སྒྲ་ལ་རྣ་བ་གཏད་དེ་ཉན།
ཟླ་5བའི་ཚེས་13ཉིན། ཡུལ་ཤུལ་ཁུལ་རྫ་སྟོད་རྫོང་རྣམ་སྲས་ཡུལ་ཚོ་གནས་མདོ་སྡེ་བ་གྲོང་ཁུལ་གཉིས་པའི་སྐྱེ་ཁམས་བདག་སྐྱོང་བ་ཕུན་ཚོགས་རབ་རྒྱས་དང་ནུ་བོ་རྒྱལ་མཚན་བཟང་པོ་གཉིས་ཀྱིས་དབྱར་རྩྭ་དགུན་འབུ་བཏུས་ནས་ཕྱིར་ལོག་པའི་ལམ་བར་དུ། གཟིག་ཁྲ་ཁྲ་ཞིག་མཐོང་བྱུང་ལ། ཁོ་གཉིས་ཀྱིས་གཟིག་ལ་འགྲོགས་མི་བསླངས་ཆེད། རླངས་འཁོར་ཁ་ཐག་རིང་སར་བསྐོར་ནས། གཟིག་དེ་ནགས་གསེབ་ཏུ་འཛུལ་རག་བར་དུ་སྒུག
རྨ་འབྲི་རྫ་གསུམ་འདྲེས་ཡུལ་གྱི་ཡུལ་ཤུལ་ཁུལ་ནི་གཅན་གཟན་གསའ་དང་ཆུ་སྲམ་སོགས་རྩ་ཆེའི་སྲོག་ཆགས་འཚོ་གནས་ཀྱི་དགའ་ཚལ་ཡིན། རང་བྱུང་ལ་བརྩི་འཇོག་དང་རང་བྱུང་དང་བསྟུན་པ། རང་བྱུང་ལ་སྲུང་སྐྱོང་བྱེད་པ་སོགས། མཛེས་སྡུག་ལྡན་པའི་གཙང་གསུམ་ཆུ་འགོའི་ཡུལ་ལ་བགྲོད་སྐབས། དུས་དང་རྣམ་པ་ཀུན་ཏུ་ཡུལ་ཤུལ་བའི་བསམ་པའི་འདུ་ཤེས་ཕྱི་ཡི་སྤྱོད་ཚུལ་ལས་གསལ་བོར་ཚོར་ཐུབ། ཁོ་ཚོས་ལྗང་མདོག་དང་སྐྱེ་ཁམས་ལ་བརྟེན་ནས་རྒྱལ་ཁབ་ལ་དྲིན་ལན་གཞལ་བའི་འདུ་ཤེས་རང་རྒྱུད་ལ་བཅངས་ཡོད་དེ། ལྗང་མདོག་ཁྱིམ་གཞིས་བསྐྲུན་པར་ནུས་ཤུགས་ཡོད་རྒུ་འདོན་བཞིན་ཡོད།
དེ་ཡང་རྒྱལ་ཁབ་གློག་དྲ་ཡུལ་ཤུལ་གློག་འདོན་ཀུང་སིས་གཙང་གསུམ་ཆུ་འགོའི་ཁོར་ཡུག་སྲུང་སྐྱོང་གི་བྱེད་སྒོ་སྟེ་འདབ་ཆགས་འཕུར་དུ་བཅུག་ཅེས་པའི་སྤྱི་ཕན་ལས་གཞི་ལག་བསྟར་བྱས་ལ། འདབ་ཆགས་སྲུང་སྐྱོང་གི་སྒྲིག་ཆས་སྒྲིག་སྦྱོར་བྱེད་ཐབས་སྤྱད་དེ་བྱ་རིགས་གློག་འཁྱུད་ནས་ཤི་རྐྱེན་འབྱུང་བའི་སྣང་ཚུལ་ནུས་ལྡན་ཐག་གཅོད་བྱས།
ཟླ་8པའི་ཚེས་2ཉིན། འབྲི་ཆུའི་ཆུ་འགོ་རྫོང་དང་པོར་འབོད་པའི་འབྲི་སྟོད་རྫོང་དུ་མི་ཁྲིས་དང་བླངས་ཀྱི་ཁོར་ཡུག་སྲུང་སྐྱོབ་བྱེད་སྒོ་སྤེལ་འགོ་ཚུགས་པ་རེད་ལ། མི་རྣམས་ཀྱིས་གད་སྙིགས་རིགས་བགོས་བྱས་ཏེ། འགྱིག་སྣོད་དང་འགྱིག་ཁུག་མི་སྤྱོད་པར། མི་དང་སྲོག་ཆགས་འདྲ་མཉམ་འཚོ་གནས་ཀྱི་འདུ་ཤེས་ཧུར་ཐག་གིས་ལག་ལེན་དངོས་སུ་བྱས།
མིག་ལ་གཅེས་པ་ལྟར་སྐྱེ་ཁམས་ཁོར་ཡུག་སྲུང་། སྲོག་ལ་གཅེས་པ་ལྟར་སྐྱེ་ཁམས་ཁོར་ཡུག་སྲུང་།
རྨས་སྐྱོན་ཕོག་པའི་གསའ་སྲུང་སྐྱོབ་དང་། ཤྭ་བ་མཆུ་དཀར་སྲུང་སྐྱོབ་དང་། གཡི་དབྱི་སྲུང་སྐྱོབ་སོགས། ཡ་རབས་སྲོལ་བཟང་གི་ཡུལ་འདིར་ཉིན་རྒྱུན་མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཀྱི་མི་སེམས་འགུལ་བའི་གཏམ་རྒྱུད་འབྱུང་དང་བྱུང་བཞིན་ཡོད།
སྐྱེ་ཁམས་འཕེལ་ན་ཤེས་རིག་དར། རྒྱལ་ཁབ་གཙང་གསུམ་འབྱུང་ཡུལ་སྲུང་སྐྱོབ་ཁུལ་གྱི་ལྟེ་གནས་ཡིན་པའི་ཆ་ནས། ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་གྱིས་ལོ་ངོ་དུ་མའི་རིང་ལ། སྐྱེ་ཁམས་ཁུལ་འཛུགས་སྐྲུན་འབད་ཐབས་བྱས་པས། གྲུབ་འབྲས་མངོན་གསལ་བླངས་བྱུང་ལ། ཡུལ་ཤུལ་བ་ལ་རེ་བ་དང་སྤོབས་པས་ཁེངས་ཤིང་། གནའ་གྲོང་ཡུལ་ཤུལ་དུ་ལྗང་མདོག་གི་མཛེས་སྡུག་རབ་ཏུ་བཀྲ།
ཁུལ་ཨུའི་སྐབས་བཅུ་གཅིག་པའི་ཚང་འཛོམ་གྲོས་ཚོགས་ཐེངས་ལྔ་བའི་ཐོག རྒྱལ་ཁབ་ཀྱི་སྐྱེ་ཁམས་འཛུགས་སྐྲུན་དཔེ་སྟོན་ཁུལ་མགྱོགས་པོར་བཙུགས་ཏེ། སྐྱེ་ཁམས་མཛེས་སྡུག་གི་ཁྱིམ་གཞིས་འཛུགས་སྐྲུན་གྱི་འབོད་སྐུལ་བཏང་བས། རང་ཁུལ་གྱི་ཞུགས་ཀྱི་སྐྱེ་ཁམས་འཛུགས་སྐྲུན་ལ་ཁ་ཕྱོགས་གསལ་བོ་བསྟན། ང་ཚོས་ཡུལ་ཤུལ་གྱི་བྱེད་ཐབས་དང་ལག་ལེན་ཁྲོད་ཀྱི་དགེ་མཚན་ལས། སྐྱེ་ཁམས་སྲུང་སྐྱོབ་ཀྱི་ཟབ་དོན་རྟོགས་དགོས་ལ། མིག་ལ་གཅེས་པ་ལྟར་སྐྱེ་ཁམས་ཁོར་ཡུག་སྲུང་བ་དང་སྲོག་ལ་གཅེས་པ་ལྟར་སྐྱེ་ཁམས་ཁོར་ཡུག་སྲུང་ནས། སི་ཁྲོན་ནུབ་བྱང་གི་རྔ་བའི་སྐྱེ་ཁམས་དཔེ་སྟོན་ཁུལ་འཛུགས་བསྐྲུན་བྱེད་རྒྱུ་དེ་འཕེལ་ལམ་དང་གནད་འབིགས་སར་བཟུང་ནས། བློ་ཐག་རྦད་ཆོད་ཀྱིས་ལྗང་མདོག་གི་འཕེལ་ལམ་འཚོལ་ཏེ། རྒྱལ་ཡོངས་དང་ཞིང་ཆེན་ཡོངས་ཀྱི་སྐྱེ་ཁམས་རིག་གནས་འཛུགས་སྐྲུན་ཐད་བྱས་རྗེས་འཇོག་པའོ།།