༄༅།། མདོ་སྨད་ཁྲི་ཀའི་རྫོང་མགོའི་གནའ་བོའི་བྲག་བརྐོས་རི་མོ་ལ་ཐོག་མར་དཔྱད་པ།

སྒོ་མེ་མགོན་པོ་ཚེ་རིང་། རྩོམ་སྒྲིག་པ།ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། སྤེལ་དུས། 12-03


སྒོ་མེ་མགོན་པོ་ཚེ་རིང་།

           ནང་དོན་གནད་བསྡུས། མདོ་སྨད་ཁྲི་ཀའི་ཡུལ་གྱི་རྨ་ཆུའི་ནུབ་བྱང་གི་ཕྱོགས་ནས་ཉེ་སྔོན་གནའ་བོའི་བྲག་བརྐོས་རི་མོ་འབོར་ཆེན་ཁག་ཅིག་གསར་དུ་རྙེད་པ་དང་། རིག་དངོས་དེ་དག་ནི་སྒོ་མེ་ས་ཁུལ་གྱི་རྫོང་མགོ་སྡེ་བ་ནས་ཐོན་པས་རྫོང་མགོའི་བྲག་བརྐོས་རི་མོ་ཞེས་གསོལ། རྩོམ་འདིར་རིག་དངོས་རྩ་ཆེན་ཁག་དེ་ཐོག་མར་ཇི་ལྟར་རྙེད་པ་དང་། ཐོན་ཡུལ་གྱི་ཁྱད་ཆོས། རི་མོའི་རིགས་གང་དག་འཛོམས་པ། དེར་ཐུན་མིན་གྱི་ཁྱད་ཆོས་གང་དག་ཡོད་པ་བཅས་ངོ་སྤྲོད་བྱས་ཡོད།
           བརྡ་ཆད་གཙོ་བོ།       བྲག་བརྐོས་རི་མོ།      རྫོང་མགོ      གསར་རྙེད།
           བྲག་བརྐོས་རི་མོ་ནི་གནའ་མིའི་བློ་གྲོས་ཀྱི་རྩལ་ལས་ཐོན་པའི་ཤེས་རིག་གི་ཉིང་བཅུད་ཡིན་ལ། དེ་ནི་ཡི་གེ་མ་བྱུང་པའི་ཡར་སྔོན་དུ་ང་ཚོའི་མེས་པོ་དག་གིས་འཇིག་རྟེན་ཁམས་ལ་ངོས་འཛིན་བྱས་པའི་གནས་ཚུལ་ཞིབ་ཕྲ་བྲག་ངོས་སུ་བཀོད་པ་དེར་ཟེར་ཞིང། ཁོ་ཚོའི་ཤེས་བྱ་སྣ་ཚོགས་དང་ཡིད་ཀྱི་དྲན་སྣང་ཡོད་ཚད་རང་བྱུང་གི་བྲག་རྡོའི་ངོས་སུ་བརྐོས་པ་ཡིན་ཕྱིན། ཡི་གེ་མ་བྱུང་པའི་ཡར་སྔོན་གྱི་འགྲོ་བ་མིའི་རིགས་ཀྱི་བསམ་བློའི་རིག་གནས་མཚོན་བྱེད་ཀྱི་ཡི་གེ་ལྟ་བུར་ངོས་འཛིན་བྱས་ཆོག་པ་དང་། བཟོ་བཅོས་ཀྱི་སླད་སྐྱོན་མ་འདྲེས་པའི་གདོད་མའི་རྣམ་པ་ཅན་ཡིན་པས། གནའ་བོའི་ཤེས་རིག་གི་མཚོན་བྱེད་གཙོ་བོར་ངོས་འཛིན་བཞིན་ཡོད། མདོ་དབུས་མཐོ་སྒང་གི་གནའ་བོའི་བྲག་བརྐོས་རི་མོ་ལ་གྲུབ་ཆ་ཆེན་པོ་གསུམ་ཡོད་པ་སྟེ། མཚོ་སྔོན་གྱི་བྲག་བརྐོས་རི་མོ་དང་། བོད་ལྗོངས་བྱང་ཁུལ་གྱི་བྲག་བརྐོས་རི་མོ། བོད་ལྗོངས་ནུབ་ཁུལ་གྱི་བྲག་བརྐོས་རི་མོ་བཅས་ཡིན།   
           རྫོང་མགོའི་བྲག་བརྐོས་རི་མོ་ནི་དེའི་ཁྲོད་ཀྱི་མཚོ་སྔོན་གྱི་བྲག་བརྐོས་རི་མོའི་གྲས་སུ་གཏོགས་པ་གདོན་མི་ཟ་ལ། ད་སྔ་སུས་ཀྱང་མཐོང་མྱོང་མེད་པའི་རྨ་ཆུའི་འགྲམ་རྒྱུད་ཀྱི་བྲག་བརྐོས་རི་མོ་ཁག་ཅིག་ཡིན་པས་ཞིབ་འཇུག་གི་རིན་ཐང་ཆེན་པོ་ལྡན། རྫོང་མགོའི་བྲག་བརྐོས་རི་མོ་ལ་སྤྱིའི་ཆ་ནས་མདོ་དབུས་མཐོ་སྒང་གི་བྲག་བརྐོས་རི་མོའི་ཁྱད་ཆོས་ལྡན་ལ། བྱེ་བྲག་གིས་གཟུགས་རིས་འདྲ་མིན་དང་། ཐོན་ཡུལ་ཁྱད་པར་བ་ཡིན་པ། ཁྱབ་སྟངས་ཚགས་དམ་པ་སོགས་ཐུན་མིན་གྱི་ཁྱད་ཆོས་ཀྱང་མང་དུ་མཆིས་པས། འདིར་དེ་དག་གི་གནས་ཚུལ་ཐོག་མའི་ངོ་སྤྲོད་ཙམ་དུ་ཤེས་ལྡན་དག་གི་སྤྱན་ལམ་དུ་འགོད་པར་ཞུ།
           དང་པོ། ཐོག་མའི་ངོ་སྤྲོད།
           རྫོང་མགོ་ནི་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཁྲི་ཀ་རྫོང་ལ་སེ་བ་གྲོང་རྡལ་གྱི་ཁུངས་སུ་གཏོགས་པའི་གྲོང་ཚོ་ཆུང་ཆུང་ཞིག་ཡིན། འདིར་བཀོད་པའི་བྲག་བརྐོས་རི་མོ་དག་ནི་ཉེ་བའི་ཆར་གྲོང་ཚོ་དེའི་ས་ཁོངས་ནས་གསར་རྙེད་བྱུང་པ་ཡིན་པས་རྫོང་མགོའི་གནའ་བོའི་བྲག་བརྐོས་རི་མོ་ཞེས་མིང་བཏགས་པ་ཡིན། ཡུལ་འདི་ནི་ཁྲི་ཀའི་རྨ་ཆུའི་འབབ་ཡུལ་གྱི་ནུབ་བྱང་གི་སྣེ་མཐའ་རུ་ཡོད་ཅིང་། གྲོང་ཚོ་གནས་ཡུལ་གྱི་ལུང་པའི་མིང་ལ་རྡོ་ར་ལུང་པ་ཟེར་པས་གྲོང་ཚོ་འདིའི་མིང་གཞན་ལ་རྡོ་ར་རྫོང་མགོ་ཡང་ཟེར། གྲོང་ཚོའི་འདབས་རོལ་གྱི་ཐང་སྐྱ་རིལ་ཁུག་ན་གནའ་བོའི་རྫོང་མཁར་ཤིན་ཏུ་རྙིང་པ་ཞིག་ཡོད་པས། མཁར་རྫོང་དེའི་གོང་ན་ཡོད་པའི་གྲོང་ཚོའི་མིང་ལ་རྫོང་མགོ་ཐོགས། ཡུལ་འདི་ནི་ཞིང་ཕྱུགས་མཉམ་གཉེར་གྱི་ཡུལ་གྲུ་འབྱོར་ཕྱུག་ལྡན་པ་ཞིག་ཡིན་ལ། མདོ་སྨད་འདིར་འབངས་མིའི་འཚོ་ཚིས་ཀྱི་དབང་གིས་ཡུལ་གྲུ་རྣམས་རོང་འབྲོག་འཇམ་གསུམ་དུ་བགར་བའི་སྲོལ་ཡོད་པས་གྲོང་ཚོ་འདི་ནི་འཇམ་པའི་གྲས་སུ་གཏོགས། ལུང་མཐིལ་དུ་རྫོང་མགོ་གྲམ་པའི་གཞུང་ཆུ་ལྷང་ལྷུང་དུ་འབབ་གྱིན་ཡོད་ཅིང་། ཆུ་བོའི་འགྲམ་ངོགས་གཉིས་ནི་ཁ་ཞེང་ཆེ་ལ་ཁོད་སྙོངས་པའི་ཞིང་ས་གཤིན་པོ་ཡིན། དེར་ནམ་ཟླ་དང་བསྟུན་ནས་གྲོ་ནས་སྲན་གསུམ་དང་སྔོ་ཚོད་ཀྱི་རིགས་སྣ་ཚོགས་འདེབ་པ་དང་། ཞིང་བར་གྱི་ཆུ་རྐའི་ངོགས་ཀུན་ཏུ་ཤིང་སྡོང་གི་རིགས་ལྕང་མ་དང་། དབྱར་སྡོང་། མ་གལ་སོགས་འཛུགས་པ་དང་། གྲོང་གི་བར་གསེང་དང་ཞིང་བར་རྣམས་སུ་སིལ་སྡོང་གི་རིགས་ཚོམ་བུ་ཚོམ་བུར་བཀོད་ནས་བཙུགས་ཡོད་པས། ཡུལ་འདི་ནི་རོང་ཟས་སྣ་ཚོགས་ཀྱི་བང་མཛོད་ལྟ་བུ་ཞིག་ཡིན། གྲོང་ཚོ་འདིའི་གཡས་གཡོན་གཉིས་ནི་རི་ཚོགས་ཀྱི་མུ་ཁྱུད་མཐོན་པོས་སྦྲེལ་ནས་ཡོད་ཅིང་། སྒང་རྒྱུད་དེ་དག་གི་སྲུབ་ངོས་རྣམས་ནི་ར་ལུག་འཚོ་སའི་རྩྭ་ས་བཟང་པོ་ཡིན་པར་མ་ཟད། རྣ་བ་དང་གླ་བ། ཝ། ཅེ་སྤྱང་སོགས་རི་དྭགས་སྣ་ཚོགས་བག་ཡངས་སུ་རྒྱུ་སའི་གནས་ཀྱང་ཡིན། གྲོང་ཚོའི་གོང་སྟོད་ཐམས་ཅད་ནི་གནག་ཕྱུགས་ཀྱི་རིགས་འབྲི་གཡག་དང་། ར་ལུག་བ་གསུམ། རྟ་བོང་དྲེལ་གསུམ་སོགས་འཚོ་སྐྱོང་བྱེད་སའི་རྩྭ་ས་ཡིན། 
           གྲོང་ཚོ་འདི་ནི་བོད་བརྒྱུད་ནང་བསྟན་ལ་དད་ཞེན་ཆེ་བའི་ཡུལ་ལུང་ཞིག་ཡིན་ཏེ། སྡེ་བ་འདིའི་སྒོམ་མཁན་ཁུག་ན་ཡོད་པའི་རྫོང་མགོ་སྔགས་ཁང་དགེ་འདུན་ཆོས་འཕེལ་གླིང་ནི་ལོ་རེ་བཞིན་སྡེ་བའི་ཆོས་ལུགས་ཀྱི་བྱེད་སྒོ་སྤེལ་ས་གཙོ་བོ་ཡིན་ཞིང་། སྡེ་ཁོངས་སུ་ད་དུང་གནའ་བོའི་ཆོས་ལུགས་རིག་གནས་ཀྱི་རྗེས་ཤུལ་ཀྱང་མི་ཉུང་པ་ཞིག་ཡོད་དེ། དེ་སྔོན་གྱི་དགོན་ཤུལ་རྙིང་པ་རྡོ་རའི་གྲྭ་ཚང་གི་ཤུལ་དང་། ཨ་འཛི་སྒར་གྱི་དགོན་ཤུལ། ལྷ་ཁང་རྩའི་དགོན་ཤུལ། གསེར་ཁང་ཁུག་གི་དགོན་ཤུལ། ལྷོ་བའི་སྒར་གྱི་དགོན་ཤུལ། སིལ་རའི་སྐེའི་དགོན་ཤུལ། ཁ་གཞུག་དགོན་ཤུལ། གཞུང་གི་སྤྱི་ཁང་གི་དགོན་ཤུལ་སོགས་ད་ལྟ་དངོས་སུ་ངོས་འཛིན་ཐུབ་པའི་དགོན་ཤུལ་ཁོ་ནའང་བརྒྱད་ཙམ་ཡོད་ཅིང་། དེ་མིན་ལུང་པ་འདིར་ད་དུང་མ་ཅ་ཡོའི་གནའ་བོའི་རིག་གནས་ཀྱི་རྗེས་ཤུལ་ཏུ་གཏོགས་པའི་ཐང་སྐྱ་རིལ་གནའ་ཤུལ་དང་དཀར་བརྗིད་ཞིང་རྒན་གནའ་ཤུལ་སོགས་རིག་རྫས་གནའ་ཤུལ་དང་། ཐང་སྐྱ་རིལ་རྫོང་མཁར་ལས་ཐོན་པའི་གནའ་བོའི་ལྕགས་ཁྲབ་ད་ལྟ་མཚོ་ལྷོ་ཁུལ་གནའ་རྫས་རྟེན་མཛོད་ཁང་དུ་ཉར་ཡོད་པ་སོགས་གནའ་བོའི་རིགས་གནས་སྣ་ཚོགས་ཀྱི་ཤུལ་རྟེན་མང་པོ་ཡོད་པས། ལུང་ཁོག་འདི་ནི་གནའ་བོའི་རིག་གནས་ཤིན་ཏུ་དར་ཆེ་བའི་ས་གནས་ཞིག་ཡིན་པ་ཤེས་ཐུབ། 
           རྫོང་མགོ་སྡེ་བ་ནི་དེ་སྔོན༼ མདོ་སྨད་ཆོས་འབྱུང ༽སོགས་སུ་འཁོད་པའི་རྨ་ཆུའི་བྱང་རྒྱུད་ཀྱི་བོད་ཀྱི་ཚོ་བ་ཆེན་པོ་སྟེ་སྒོ་མེ་ཚོ་བའི་གྲས་སུ་གཏོགས་ལ། ཚོ་ཤོག་ཆེན་པོ་འདིར་གོང་ཞོལ་བར་གསུམ་ཡོད་པ་ལས་གྲོང་ཚོ་འདི་ནི་སྒོ་མེ་བར་མའི་ཆར་གཏོགས་ཤིང་། གནས་ཡུལ་ལ་མཚོན་ན་མདོ་སྨད་ཀྱི་གནས་རི་གྲགས་ཅན་ཨ་མ་ཟོ་དགུ་ཟེར་བ་རྨ་ཆེན་སྦོམ་རའི་སྲས་མོ་བཞི་བར་གྲགས་པའི་གཞི་བདག་ཤྭ་བ་ཡུ་མོར་བཅིབས་པ་ཞིག་ཡོད་པ་དེའི་མདུན་རོལ་ན་བྲག་དཀར་བཀྲ་ཤིས་དོན་གྲུབ་ཟེར་བའི་གནས་རི་བྱིན་ཅན་མཚམས་ཁང་སོགས་ཡོད་པ་ཞིག་ཡོད་ཅིང་། བྲག་དཀར་རྫའི་མདུན་ངོས་ནས་རྨ་ཆུ་ཁའི་བར་དུ་ཟུག་པའི་ལུང་རྒྱུད་རིང་མོ་སྟེ། གནའ་མི་དག་གིས་རྡོ་རའི་གྲམ་རིང་ནང་ཟེར་བའི་ལུང་པ་གྲགས་ཅན། སྔ་དུས་སུ་ལྷོ་རྒྱུད་འབའ་ཙེ་ཕྱོགས་ཀྱི་འབྲོག་པའི་ཚོ་ཤོག་རྣམས་སྐུ་འབུམ་དང་ཟི་ལིང་སོགས་སུ་བགྲོད་སའི་བཞུད་ལམ་གྲགས་ཅན་དེ་ཡིན་ཞིང་། ལུང་པ་འདིའི་སྟོད་དུ་སྒོ་མེ་ཚོ་བཞིའི་སྡེ་ཤོག་རྡོ་ར་སྡེ་བ་དང་། ལུང་སྨད་རྨ་ཆུའི་ཁར་ཚོ་བཞིའི་ནང་ཚན་སྣེའུ་སྣ་སྡེ་བ་ཆགས་འདུག རྨ་ཆུ་ཁ་ནས་རྫོང་མགོ་སྡེ་བའི་དབར་དུ་ལེའུ་བར་དྲུག་ཙམ་ཡོད་ཅིང་། རྫོང་མགོའི་བྲག་བརྐོས་རི་མོ་རྙེད་ཡུལ་ནི་སྡེ་བ་འདིའི་བེའུ་ཐང་ཁུག སྡོམ་འཚེར། ཤྭ་རོང་ཁུག གསེར་ཁང་ཁུག ཝོ་རིས་ཁུག ཨ་བསེ་ཁུག་བཅས་ཡིན་ལ། གནས་འདི་དག་ནི་རྫོང་མགོ་སྡེ་བའི་གྲོང་ཁྱིམ་ཆགས་ཡུལ་གྱི་ཉེ་འཁོར་སྟེ་སྤྱིའི་རིང་ཐུང་ལ་སྤྱི་ལེ་བཅུ་ཙམ་གྱིས་ཆོད་པའི་ནང་རོལ་ཡིན་ཞིང་། ཕན་ཚུན་བར་དུ་སྤྱི་ལེ་གཉིས་གསུམ་དང་ཡང་ན་དྲུག་བདུན་ཙམ་གྱི་བར་ཆོད་ལས་མེད། བྲག་བརྐོས་རི་མོ་ཡོད་སའི་གནས་འདི་དག་ནི་ལུང་མཐིལ་གྱི་ཆུ་ངོས་ལས་རྨི༥༠༠ཡས་མས་ཀྱིས་མཐོ་བའི་རི་ཐང་མཚམས་སུ་ཡོད་ཅིང་། ཆ་སྙོམས་ཀྱི་མཐོ་ཚད་ལ་མཚོ་ངོས་ལས་རྨི༢༦༠༠ཡོད་པ་དང་། འཕྲེད་ཐིག༡༠༡ཚེག༡དང་། གཞུང་ཐིག༣༦ཚེག༡གི་མཚམས་སུ་ཡོད། སྔར་ལུང་རྒྱུད་ཐམས་ཅད་བྲག་བརྐོས་རི་མོས་ཁེངས་ནས་ཡོད་པ་གདོན་མི་ཟ་མོད། ལུང་པའི་ཕུ་ཐག་རིང་ཞིང་དབྱར་དུས་སུ་ཤྭ་འོད་རྒོལ་བས་ལུང་གཞུང་ཐམས་ཅད་ཆུས་དྲུས་ནས་བདེ་ཐང་ཐམས་ཅད་ལེབ་མོར་བཅད་ཟིན་པའི་ཤུལ་ན་ལུས་པའི་ཐང་ཁུག་རེ་རེའི་ངོས་སུ་མིག་སྔར་གསར་རྙེད་བྱུང་པའི་ལྷག་ལུས་ཀྱི་བྲག་བརྐོས་རི་མོ་དག་མཐོང་ཐུབ། ཡིན་ནའང་གནས་འདི་ནི་ད་ལྟ་ད་དུང་ལྟ་ན་སྡུག་ཅིང་ཕུན་སུམ་ཚོགས་པའི་གནའ་བོའི་བྲག་བརྐོས་རི་མོ་བརྒྱ་ཕྲག་ལས་བརྒལ་བའི་བང་མཛོད་ཆེན་པོ་ཞིག་ཡིན།
           གཉིས་པ། འཚོལ་ཞིབ་ཀྱི་བརྒྱུད་རིམ།
           རྫོང་མགོའི་བྲག་བརྐོས་རི་མོ་ནི༢༠༡༤ལོའི་ལོ་གསར་སྐབས་སུ་ཁོ་བོས་ཡུལ་མི་ཚོ་དང་ཁ་བརྡ་བྱེད་པའི་ཞོར་ནས་ཐོག་མར་དེའི་སྐོར་གོ་ཐོས་བྱུང་པ་ཡིན། ཁོ་ཚོ་ནམ་རྒྱུན་རི་ལ་ཕྱུགས་འཚོ་རུ་འགྲོ་བ་དང་ཞིང་ལ་ཆུ་འདྲེན་པ་སོགས་ཀྱི་སྐབས་སུ་གྲོང་ཚོའི་ཉེ་འཁོར་གྱི་རྡོ་ཕ་བོང་སོགས་ཀྱི་ངོས་ལ་བརྐོས་པའི་རི་མོ་འདྲ་མིན་སྣ་ཚོགས་མཐོང་མྱོང་པའི་ལབ་གླེང་བྱེད་བཞིན་འདུག་པས། ཁོ་བོ་དེར་སྤྲོ་བ་ཆེན་པོ་སྐྱེས་ནས་ངེས་པར་དུ་གང་ན་ཡོད་ཚུལ་དོ་སྣང་བྱ་དགོས་པའི་རེ་ཞུ་ནན་མོ་ཞུས་ཤིང་། ལོ་དེའི་ཟླ༧པར་ཐེངས་དང་པོར་ཡུལ་མི་དག་གི་རོགས་རམ་ལ་བརྟེན་ནས་ཨོ་རིས་ཁུག་ན་ཡོད་པའི་བྲག་བརྐོས་རི་མོ་རེ་གཉིས་དངོས་སུ་མཐོང་། དེ་ནི་ངག་རྒྱུན་ལ་ཡུལ་འདིའི་སྒོ་སྲུང་གི་གཞི་བདག་ཨ་མ་ཧོར་མོ་ཟེར་བ་ཞིག་ཡོད་པ་དེའི་མགུལ་རྒྱན་ཡིན་ཟེར་པའི་རྡོ་ཕ་བོང་ཆེན་པོ་ཞིག་ཡོད་པ་དེའི་ངོས་ཀྱི་བརྐོས་རིས་དག་ཡིན་ལ། དེར་གཡུང་དྲུང་གི་དབྱིབས་དང་ཡལ་གའི་དབྱིབས་སོགས་གསལ་བོར་ཡོད་ཅིང་། དེ་མིན་ཉེ་འཁོར་གྱི་རྡོ་རེ་གཉིས་ཀྱི་སྟེང་དུ་ཤྭ་ཁྱིའི་གཟུགས་དང་ཤྭ་བའི་གཟུགས། རྣ་བའི་གཟུགས་སོགས་ཡོད་པ་རྙེད། ༢༠༡༥ལོའི་ཟླ༨པར་ཡང་སྐྱར་ཡུལ་དངོས་སུ་སོང་ནས་ཝོ་རིས་ཁུག་ལས་གཞན། དེའི་གོང་གི་གསེར་ཁང་ཁུག་དང་། ཤྭ་རོང་ཁུག སྡོམ་འཚེར། བེའུ་ཐང་ཁུག་བཅས་སུ་ཕྱིན་པ་དང་། གནས་ཡུལ་དེ་དག་ལ་རྟོགས་དཔྱོད་བྱས་པ་བརྒྱུད་ནས་རྫོང་མགོའི་བྲག་བརྐོས་རི་མོ་དེ་ནི་ཧ་ཅང་ཁྱབ་རྒྱ་ཆེ་ཞིང་ཕུན་སུམ་ཚོགས་པ་ཞིག་ཡིན་པ་རྟོགས། བསྟུད་མར་ཉིན་བཅུ་ལྷག་གི་རིང་ལ་རྟོགས་དཔྱོད་བྱས་ཤིང་རི་མོ་རྣམས་ཅི་ནུས་ཀྱིས་ངོས་འཛིན་བྱས་པ་དང་། མཐོང་ཡུལ་དུ་གྱུར་པའི་རི་མོ་སོ་སོར་ཨང་རིམ་བསྒྲིགས་པ་དང་སྤྱིའི་གནས་ཡུལ་གྱི་ས་བཀྲའི་རི་མོ་རགས་རིམ་ཙམ་བཀོད་པ་ཡིན་ལ། རི་མོ་རེ་རེར་པར་ཡང་བརྒྱབ། སྐབས་དེར་སྤྱི་བསྡོམས་པས་བེའུ་ཐང་ཁུག་ནས་རི་མོ་ཅན་གྱི་རྡོ༣༣དང་། སྡོམ་འཚེར་ནས༤། ཤྭ་རོང་ཁུག་ནས༡༥། གསེར་ཁང་ཁུག་ནས༡། ཝོ་རིས་ཁུག་ནས༥བཅས་བསྡོམས་པསརྡོ་ཕ་བོང་མི་འདྲ་བ༥༨ཙམ་གྱི་སྟེང་དུ་གནའ་བོའི་རི་མོ་ཡོད་པ་གསར་རྙེད་བྱུང་། ༢༠༡༦ལོའི་ཟླ༨པར་ཡང་བསྐྱར་ཡུལ་དངོས་སུ་བསྐྱོད་དེ་བསྐྱར་དཔྱོད་བྱས་པ་ན་རི་མོ་ཅན་གྱི་རྡོ་ཕ་བོང་དེ་ལས་མང་ཞིང་། རི་མོ་རྩ་ཆེན་དཔེར་ན་ཤ་ཁྱི་བདུན་གྱིས་ཤྭ་བོ་རྭ་བརྒྱད་ཅན་ཞིག་བསྐོར་འདུག་པ་ལྟ་བུའི་གཟུགས་བརྙན་མང་པོ་ཞིག་གསར་བརྙེད་བྱུང་ལ། ཉེ་འཁོར་ཐམས་ཅད་བྲག་བརྐོས་རི་མོའི་བང་མཛོད་ཡིན་པའི་ངེས་ཤེས་སྐྱེས་ཤིང་། ཨ་བསེ་ཁུག་ནའང་དེ་མཚུངས་ཀྱི་རྡོ་བརྐོས་རི་མོ་ཡོད་པ་ཤེས། དེ་མུར་བོད་ལྗོངས་སློབ་གྲྭ་ཆེན་མོའི་ཆེད་མཁས་ཤ་བོ་མཁའ་བྱམས་དང་སྒོ་མེ་ཚེ་དབང་རྣམ་རྒྱལ། སི་ཁྲོན་སློབ་གྲྭ་ཆེན་མོའི་ཆེད་མཁས་ལིས་ཡོན་ཞན་སོགས་འབྲེལ་ཡོད་མཁས་པ་དག་ལ་རྫོང་མགོའི་བྲག་བརྐོས་རི་མོའི་སྤྱིའི་གནས་ཚུལ་ཡར་ཞུ་དང་ལོ་ཚིགས་སོགས་ཀྱི་སྐོར་བཀའ་འདྲི་ཞུས་པ་ཡིན། ༢༠༡༧ལོའི་ལོ་མགོ་ནས་བཟུང་རྫོང་མགོའི་བྲག་བརྐོས་རི་མོའི་ཞིབ་འཇུག་ཚན་ཆུང་རྩ་འཛུགས་བྱས་ནས་དངོས་སུ་ཁྱོན་ཡོངས་ནས་ཞིབ་འཇུག་བྱེད་པའི་མགོ་ཚུགས་པ་ཡིན།
           གསུམ་པ། བྲག་བརྐོས་རི་མོའི་ནང་དོན།
           རྫོང་མགོའི་བྲག་བརྐོས་རི་མོ་ནི་མདོ་དབུས་མཐོ་སྒང་གི་གནའ་བོའི་བྲག་བརྐོས་རི་མོའི་བྱེ་བྲག་ཅིག་ཡིན་པས། བརྐོས་རིས་གཟུགས་བརྙན་གྱི་ཆ་ནས་བོད་ཡུལ་གྱི་བྲག་བརྐོས་རི་མོ་གཞན་དག་དང་ཕལ་ཆེར་འདྲ་བར་སྣང་སྟེ། མིག་སྔར་གསར་རྙེད་བྱུང་བའི་བརྐོས་རིས་ཚང་མ་ཕྱོགས་བསྡོམས་རགས་རིམ་ཙམ་བྱས་ན་ཕལ་ཆེར་རིགས་གསུམ་ཙམ་ལ་འདུ་བར་འདོད། 
           དང་པོ་ནི་སྲོག་ཆགས་ཀྱི་རིགས་ཡིན་ལ། དེ་ཡང་འབྲོང་གཡག་དང་ཤྭ་བ། རྣ་བ་སོགས་རི་དྭགས་ཀྱི་གྲས་སུ་གཏོགས་པའི་རིགས་དང་། སྟག་དང་སྤྱང་ཁུ་སོགས་གཅན་གཟན་གྱི་རིགས། ས་འབྲུག་གི་གཟུགས་རིས་དང་། གཡུ་འབྲུག་སྔོན་མོའི་དབྱིབས་ལྟ་བུའི་ཆུ་དང་རྒྱ་མཚོ་ལ་འབྲེལ་ཆེ་བའི་སྲོག་ཆགས་ཀྱི་རིགས། གཞན་ཡང་སྦྲུལ་ལྟ་བུའི་སྐམ་སའི་ནུར་འགྲོའི་སྲོག་ཆགས་ཀྱི་རིགས། བྱ་ལྟ་བུའི་མཁའ་ལ་འཕུར་བའི་འདབ་ཆགས་ཀྱི་རིགས་བཅས་ཕྱོགས་ལྔ་ཙམ་དུ་འདུ། 
           གཉིས་པ་ནི་འགྲོ་བ་མིའི་རིགས་ཀྱི་གཟུགས་དབྱིབས་སྣ་ཚོགས་པ་སྟེ། དེའི་ནང་གསེས་སུ་རི་དྭགས་བཤོར་བ་དང་། བྲོ་འཁྲབ་པ། འགྲོ་རྒྱུགས་བྱེད་པ། རྟར་ཞོན་པ་སོགས་སྤྱི་ཚོགས་འཚོ་བ་མཚོན་པའི་རིགས་དང་། ཆོས་ལུགས་ཀྱི་ཆོ་ག་སྒྲུབ་པའི་སྲོལ་མཚོན་པའི་རིགས་གཉིས་སུ་འདུ། 
           གསུམ་པ་ནི་གནའ་བོའི་ཆོས་ལུགས་སོགས་ཀྱི་དོན་སྙིང་ལྡན་པའི་མཚོན་བྱེད་རི་མོ་སྣ་ཚོགས་སྟེ། དཔེར་ན། ཉི་མ། ཟླ་བ། གཡུང་དྲུང་། རླུང་འཁོར། ཤིང་སྡོང་གི་ཡལ་ག འཕང་ཤིང་ལྟ་བུ་རེད།
           གོང་གསལ་རིགས་གསུམ་པོ་འདི་དག་ནི་མདོ་དབུས་མཐོ་སྒང་གི་ཡུལ་གྲུ་ཁག་ནས་ཐོན་པའི་བྲག་བརྐོས་རི་མོ་རྣམས་དང་ཕལ་ཆེར་མཐུན་པར་སྣང་ཡང་། རྫོང་མགོའི་བྲག་བརྐོས་རི་མོ་ལ་མཚོན་ན་དེ་དག་གི་ཁྲོད་ནས་ནམ་རྒྱུན་མཐོང་དཀོན་པའི་རི་མོ་ཁ་ཤས་ཀྱང་ཡོད་པ་སྟེ། དཔེར་ན་ས་འབྲུག་གི་གཟུགས་རིས་དང་གཡུ་འབྲུག་སྔོན་མོའི་གཟུགས་རིས་ལྟ་བུ་ནི་དེ་སྔོན་མདོ་དབུས་མཐོ་སྒང་ནས་རྙེད་པའི་བྲག་བརྐོས་རི་མོ་དག་གི་ཁྲོད་ནས་མཐོང་དཀོན་པ་དང་། གཞན་ཡང་འཁོར་ལོའི་རིགས་ལྟ་བུར་མཚོན་ན་སྔ་རབས་མཁས་པ་དག་གིས་གནའ་བོའི་འདྲུད་འཁོར་གྱི་རིགས་ཡིན་པར་འདོད་མོད། ཁོ་བོའི་རྨོངས་ཚོད་ལ་འབྱུང་བ་རླུང་གི་མཚོན་དོན་ཡིན་པར་སེམས་པས། རྫོང་མགོའི་བྲག་བརྐོས་རི་མོའི་མཚོན་དོན་སོགས་ལ་རྟོགས་དཔྱོད་མཐའ་འཁྱོལ་བ་གནང་རྒྱུ་ནི་ང་ཚོའི་མདུན་དུ་ལྷག་པའི་འོས་བབ་ཀྱི་གནད་ཆེན་པོ་ཞིག་རེད། 
           བཞི་བ། རིག་དངོས་རྟོགས་དཔྱོད་ཀྱི་རིན་ཐང་།
           རྫོང་མགོའི་བྲག་བརྐོས་རི་མོ་གསར་དུ་རྙེད་པ་དེས་མདོ་དབུས་མཐོ་སྒང་གི་གནའ་བོའི་བྲག་བརྐོས་རི་མོའི་ཁྱབ་ཁོངས་རྒྱ་བསྐྱེད་པ་དང་། གནའ་བོའི་བོད་པའི་རིག་གནས་ཀྱི་འཚོལ་ཞིབ་དང་ཤུལ་རྫས་གསོག་འཇོག་ཐད་ལ་རིན་ཐང་ཆེན་པོ་ལྡན་པར་མ་ཟད། གདོད་མའི་དད་མོས་དང་ཐོན་སྐྱེད་འཚོ་བའི་གནས་སྟངས་སོགས་ཀྱི་ཞིབ་འཇུག་ལ་རིན་ཐང་བྲལ་བའི་རྒྱུ་ཆ་མཁོ་སྤྲོད་བྱས་པ་རེད།  དེ་བས་རྫོང་མགོའི་བྲག་བརྐོས་རི་མོར་ཁྱད་ཆོས་འདི་དག་ལྡན་པར་འདོད་དེ། གཅིག་ནས་རྙེད་སའི་ས་ཁུལ་ལ་ཁྱད་ཆོས་ལྡན་པ་སྟེ། རྫོང་མགོའི་བྲག་བརྐོས་རི་མོ་ཐོན་ཡུལ་ནི་དེ་སྔོན་གནའ་བོའི་བྲག་བརྐོས་རི་མོ་ཐོན་མ་མྱོང་པའི་ས་ཁུལ་གྱི་གྲས་སུ་གཏོགས་པ་སྟེ། དེ་སྔོན་མཚོ་སྔོན་གྱི་ཡུལ་གྲུ་བཅུ་གསུམ ཙམ་ནས་གནའ་བོའི་བྲག་བརྐོས་རི་མོ་རྙེད་པ་ཐམས་ཅད་མཚོ་སྔོན་པའི་མཐའ་འཁོར་གྱི་འབྲོག་ཁུལ་དུ་གཏོགས་པ་རེད། དཔེར་ན་མཚོ་སྔོན་པོའི་བྱང་རྒྱུད་ཀྱི་རྐང་ཚ་རྫོང་དང་། ཐེམ་ཆེན་རྫོང་། ནུབ་རྒྱུད་ཀྱི་དབུས་ལམ་རྫོང་དང་། དུར་ལམ་རྫོང་། ན་གོར་མོ་གྲོང་ཁྱེར། དེ་མིན་ལྷོ་རྒྱུད་ཀྱི་གུང་ཧོ་རྫོང་བཅས་འབྲོག་ཁུལ་དུ་གཏོགས་པའི་ས་བབ་མཐོ་བའི་རྩྭ་ཐང་ཆེན་པོ་དག་ལས་ཐོན་པ་མ་གཏོགས། རྨ་ཆུ་དང་འབྲི་ཆུའི་འགྲམ་རྒྱུད་ཀྱི་ས་བབ་ཅུང་དམའ་བའི་གཞུང་ཁུག་དང་ལུང་རྒྱུད་དག་ནས་རྙེད་མ་མྱོང་པས།  ཐོན་ཡུལ་གྱི་ཆ་ནས་གཞན་ལས་ཁྱད་དུ་འཕགས་པ་རེད། གཉིས་ནས་རི་མོའི་གཟུགས་བརྙན་ཕུན་སུམ་ཚོགས་པ་སྟེ། རི་དྭགས་དང་གཅན་གཟན་གྱི་རིགས་ཡོད་པར་མ་ཟད། ཆུ་ལ་གནས་པའི་ས་འབྲུག་སོགས་ཀྱི་གཟུགས་བརྙན་ཡང་མཐོང་ཐུབ་ལ། དེ་མིན་མིའི་གཟུགས་དབྱིབས་ལ་མཚོན་ན་ཡང་སྐྱ་མི་དང་རྔོན་པ། ཆོ་ག་པ་སོགས་ཀྱི་སྣང་བརྙན་སྣ་ཚོགས་ཡོད། གཞན་ཡང་ཉི་ཟླ་དང་གཡུང་དྲུང་། སྡོང་བོའི་ཡལ་ག འཁོར་ལོ། འཕང་ཤིང་སོགས་གནའ་བོའི་ཤེས་རིག་གི་མཚོན་བྱེད་དུ་གྱུར་པའི་རི་མོའང་སྣ་ཚོགས་ཡོད་པས། བྲག་བརྐོས་རི་མོའི་རྣམ་གྲངས་ཧ་ཅང་ཕུན་སུམ་ཚོགས་པ་རེད། གསུམ་ནས་ཁྱབ་ཚུལ་ཁྱད་པར་བ་ཡིན་པ་སྟེ། ལུང་གཞུང་གཅིག་གི་ནང་ཁུལ་གྱི་ལེའུ་བཅུ་ཙམ་གྱི་ནང་རོལ་དུ་བྲག་བརྐོས་རི་མོ་རྣམས་གནས་དྲུག་ཙམ་གྱི་ཐང་ཁུག་ལ་བྱུར་བུར་སྤུངས་ནས་ཡོད་པ་རེད། བཞི་ནས་བརྐོས་གཟུགས་རེ་རེ་བཞིན་རྡོ་ཕ་བོང་ཁེར་རྐྱང་གི་ངོས་སུ་བཀྲ་བ་དང་། དེ་ཡང་རྐོ་ཡུལ་གྱི་རྡོ་བ་ལ་ཆེ་ཆུང་གི་ཁྱད་པར་མེད་ཅིང་། ཆེ་བ་ཕ་བོང་གི་ངོས་དང་ཆུང་བ་སྲིད་ཞེང་ལ་ཁྲི་གང་ལས་ལྷག་པ་ཙམ་གྱི་རྡོ་ངོས་སུའང་རི་མོ་བརྐོས་ཡོད་པས། སྐབས་དེའི་མི་རྣས་ཀྱིས་རང་གིས་མཐོང་ཚད་ཀྱི་རྡོ་ངོས་སུ་རི་མོ་བརྐོ་བའི་སྲོལ་རྒྱུན་ཡོད་པ་ལྟ་བུའི་སྣང་བ་བཅོས་མིན་དུ་ཤར་འོངས། 
           མདོར་ན་རྫོང་མགོའི་གནའ་བོའི་བྲག་བརྐོས་རི་མོ་ནི་མདོ་དབུས་མཐོང་སྒང་གི་ཤར་མཐའི་རྨ་ཆུ་འབབ་ཡུལ་གྱི་ལུང་ཁུལ་ནས་གསར་དུ་རྙེད་པའི་བྲག་བརྐོས་རི་མོའི་སྐོར་ཚོམ་ཆེན་པོ་ཞིག་ཡིན་ལ། གནས་འདིའི་མཐོ་ཚད་ལ་མཚོ་ངོས་ལས་རྨི༢༦༠༠ཙམ་ལས་མེད་པས་ད་སྔ་རྙེད་པའི་མདོ་དབུས་མཐོ་སྒང་གི་གནའ་བོའི་བྲག་བརྐོས་རི་མོའི་ཁྲོད་ནས་ཐོན་ཡུལ་ཆེས་དམའ་བའི་གྲས་སུ་གཏོགས་ཤིང་། རི་མོའི་ཁྱབ་ཡུལ་གྱི་ཆ་ནས་གཟུགས་དབྱིབས་སྣ་ཚོགས་རྡོ་ང་ཁེར་རྐྱང་གི་ངོས་སུ་སྤྱི་འདུས་ཀྱིས་སྤུངས་ནས་ཡོད་པ་སོགས་ཀྱི་ཁྱད་ཆོས་མངོན་པར་གསལ་བ་ཞིག་ཡིན་ནོ།།
           ཟུར་ལྟའི་དཔྱད་གཞི། 
           1 汤惠生 张文华 《青海岩画》 科学出版社 2001年
           2 张亚莎 《西藏的岩画》 青海人民出版社 2006年
           3 青海省艺术研究所编 《青海艺术史》 青海人民出版社 2015年
           4 赵生琛等  《青海古代文化》 青海人民出版社 1986年
           5 王昱等 《青海简史》 青海人民出版社 1992年
           《宗果古代岩画初探》公保才让
          རྫོང་མགོའི་གནའ་བོའི་བྲག་བརྐོས་རི་མོ་དང་འབྲེལ་ཡོད་པར་རིས།

 

ལས་ཀའི་པར་རིས།

གཡག

འབྲོང་རྒོད་དར་མ།

ཤྭ་ཁྱི་བདུན་གྱིས་བསྐོར་བའི་ཤྭ་བོ་ར་བརྒྱད།

ཤྭ་བ།

གནའ་བ།

བ་གླང་།

ས་འབྲུག

ཁྱུང་།

སྦྲུལ།

ངོས་མི་ཟིན་པའི་རི་དྭགས།

མདའ་པ།

མཆོངས་ལྡིང་པ།

ལྷ་པ།

གཡུང་དྲུང་།      ཁྱི།

ཉི་ཟླའི་རི་མོ།

གཡག  ཤྭ་བ། འཕང་།

འཁོར་ལོ།

            སྒོ་མེ་མགོན་པོ་ཚེ་རིང་། མཚོ་སྔོན་དགེ་འོས་སློབ་ཆེན་མི་རིགས་དགེ་འོས་སློབ་གླིང་དུ་སློབ་ཁྲིད་ཀྱི་བྱ་བ་གཉེར་བཞིན་ཡོད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1