༄༅།། མིག་བརྟག་ཤེལ་གྱི་མེ་ལོང་།

འཇམ་དབྱངས་རྒྱ་མཚོ། པདྨ་ཚེ་རིང་། རྩོམ་སྒྲིག་པ།ཡོང་ཁུངས།ཀྲུང་གོའི་བོད་རིག་པ། སྤེལ་དུས། 12-03


 འཇམ་དབྱངས་རྒྱ་མཚོ། པདྨ་ཚེ་རིང་།

དང་པོ།  སྔོན་འགྲོ་བཤད་པ།
            ཇི་སྐད་དུ། ངོས་བཟུང་རྟགས་ལ་བསླབ་པ་ནི།  །མེ་དང་དུ་བ་ཇི་བཞིན་དུ། ། ནད་ཀྱི་ངོས་ནི་རྟགས་ལ་བཟུང་། ཞེས་པ་དང་། ། བརྟག་ཐབས་མི་ཤེས་སྨན་པ་དེ། ། གཉེན་མེད་བྱེས་སུ་འཁྱམས་པ་འདྲ། ། ནད་ངོ་ཤེས་པ་གཅིག་མི་འབྱུང་། ། ཞེས་བསྟན་པ་ལྟར་ངོས་བཟུང་རྟགས་ཀྱིས་ནད་ངོས་ཇི་བཞིན་མ་ཟིན་ན་གསོ་བྱེད་ཐབས་གནད་ལ་མི་འཁེལ་བ་མ་ཟད།  འགྲོ་བའི་སྲོག་གི་གཤེད་མར་འགྱུར་བས་བརྟག་ཐབས་འདི་གལ་ཆེ་བར་གདམས་པ་ཡིན་ནོ། །  དེ་བཞིན་དུ་ནད་ལ་བལྟ་རེག་དྲི་བས་ཡོངས་ཤེས་བྱ་ཞེས་རང་ཅག་བོད་ཀྱི་གསོ་བ་རིག་པའི་དགོངས་དོན་ལྟར་ན་ནད་རིགས་ཡོད་དོ་ཅོག་ངོས་འཛིན་བྱེད་པའི་བརྟག་ཐབས་ཀྱི་རྩ་བ་གསུམ་ནི། མིག་གིས་བལྟ་བ་དང་སོར་མོས་རེག་པ།  ངག་གིས་དྲི་བ་བཅས་གསུམ་དུ་བསྡུས་ནས་བསྟན་ཡོད་ལ།  འདིར་སྐབས་སུ་བབ་པ་ནི་མིག་གིས་བལྟ་བའི་བརྟག་ཐབས་སྐོར་གླེང་བར་བྱ་བ་ཡིན་ཞིང་།  དཔལ་ལྡན་རྒྱུད་བཞི་རུ།  མིག་གིས་བལྟ་བ་ལྕེ་དང་ཆུ་ལ་བརྟག    བརྟག་པ་འདི་ནི་མཐོང་བ་ཡུལ་རིག་ཡིན།།  ཞེས་དང་།  བལྟ་བ་མིག་ཡུལ་བོངས་དབྱིབས་ཁ་དོག་བརྟག   ཁྱད་པར་ལྕེ་དང་ཆུ་ལ་བརྟག་པར་བྱ། །  ཞེས་མིག་གིས་བལྟ་བའི་བརྟག་ཐབས་གཙོ་ཆེ་བ་ལྕེ་ཆུ་གཉིས་ཡིན་ལ།  དེ་ལས་བྱེ་བྲག་ཏུ་བརྟག་ཡུལ་དབང་བོ་ལྔ་དང་དེའི་ཡུལ་ལྔ།  དྲི་མ་ལྔ་དང་བོངས་དབྱིབས་ཁ་དོག་སོགས་ལ་བརྟག་ཚུལ་རྣམས་ཀུན་གྱིས་ལག་ལེན་ཁྲོད་དེ་འདྲའི་དོ་སྣང་དང་གལ་ཆེན་བྱེད་ཀྱིན་མེད་པས་སྐབས་ཐོབ་དབང་ལྔའི་དྭངས་མ་མིག་གི་བརྟག་ཐབས་ཅུང་ཙམ་རྒྱས་བར་འཆད་འདོད་ལ།  སྤྱིར་མིག་ལ་བརྟག་ནས་ནད་ངོས་འཛིན་པ་ནི་གནའ་དེང་གསོ་རིག་གི་ཐུན་མོང་གི་ཁྱད་ཆོས་གཙོ་བོ་ཞིག་ཡིན་དུ་ཟིན་ཀྱང་། རྒྱུན་པར་མིག་སྤྲིན་གྱི་ཁ་དོག་ལ་བལྟ་བ་དང་། མིག་སྤྲིན་སྟེང་གི་རྩ་རིས་ལ་བརྟག་པ།  མིག་གི་རྒྱལ་མོའི་ཆེ་ཆུང་ལ་དཔྱད་པ།  མིག་གི་གྲོ་མོ་ལ་བརྟག་པ་སོགས་ཕྲ་ཞིང་ཞིབ་རྒྱས་ཀྱི་བརྟག་ཐབས་དེ་རིགས་ནི་དར་སོ་དེ་ཙམ་ལས་མེད་པ་དང་། སྒོས་སུ་དེའི་སྐོར་གྱི་ལག་ལེན་དང་དཔྱད་གཞིའི་ཡིག་ཆ་ཧ་ཅང་དཀོན་པར་འདུག་མོད།  རྗེ་ཟུར་མཁར་མཉམ་ཉིད་རྡོ་རྗེའི་ཞལ་ནས།  མི་ལུས་འདོམ་གང་གྲུ་བཞི་ལ། །མེ་ཏོག་དབང་པོ་རྣམ་པ་ལྔ། །དབང་པོའི་དྭངས་མ་མིག་ཉིད་ལ། ། མན་ངག་གནད་ཀྱིས་བརྟག་ནུས་ན། ། ལུས་སྤྱིའི་ནད་ཀྱང་གསལ་པོར་རྟོགས། ། ཞེས་སྔོན་བྱོན་མེས་པོ་དམ་པ་གང་མང་གི་གཞུང་ལུགས་དྲི་མ་མེད་པའི་གདམས་པ་དང་།  དེང་རབས་ཀྱི་མིག་བརྟག་རིག་པའི་ཆེད་མཁས་སྟེ་ཨ་རིའི་སྨན་པ་Jen   Sen ལགས་ཀྱི་མིག་གི་གྲོ་མོའི་བརྟག་ཐབས།  ཀྲུང་ལུགས་སྨན་པ་སྐུ་ཞབས་དབྱང་ལྦན་ཧི་བཅས་ཀྱིས་མཐོང་བ་བརྒྱུད་པའི་ལག་ལེན་གང་མང་ཞིག་དཔྱད་གཞི་དང་རྒྱབ་རྟེན་དུ་བཅོལ་ནས།  ཕྲན་གྱིས་ཀྱང་ནད་ཐོག་དངོས་ཁྲོད་ནད་པ་མི་ཉུང་བ་ཞིག་ལ་ཚོད་ལྟ་དང་བརྟག་དཔྱད་བྱས་པ་བརྒྱུད་བློ་བསྐྱེད་ལེགས་པོ་དང་ཉམས་མྱོང་གསར་པ་དག་དཔེ་མཁྱུད་མེད་པར་ཀུན་ལ་དཔྱད་གཞིའི་ཚུལ་དུ་བཏོན་པ་ཡིན་ནོ།།
གཉིས་པ།  དངོས་གཞི་བསྟན་པ་ལ།
གཅིག  མིག་གི་གྲུབ་ཚུལ་ལམ་གནས་ལུགས་སྤྱི་རུ་བསྟན་པ་དང་མིག་གི་དབྱེ་བ་བཤད་པ།
            བོད་ལུགས་གསོ་རིག་ལས་བཤད་པའི་ཟར་མའི་མེ་ཏོག་དང་འདྲ་བའི་མིག་དབང་འདི་ཉིད་མིག་གེ་ཤེས་པ་དང་།  མཁྲིས་པ་མཐོང་བྱེད་ཀྱི་བྱེད་ལས་ལ་བརྟེན་ནས་ཁ་དོག་དང་དབྱིབས་རིགས་སྣ་ཚོགས་ཀྱིས་བསྡུས་པའི་གཟུགས་ཆེ་ཕྲ་ཐམས་ཅད་མཐོང་བར་དབང་བྱེད་པས་ན་མིག་གི་དབང་པོ་ཞེས་བཏགས་ལ། ཇི་སྐད་དུ།  མེ་ལས་དྲོད་དང་མདོག་གསལ་མིག་གཟུགས་སྐྱེད་ཅེས་པ་ལྟར་དབང་བོ་འདི་འབྱུང་བ་མེ་ཁམས་ཤས་ཆེ་བར་འདོད་དོ། །
            འདིར་མིག་གི་གནས་ལུགས་སྤྱིར་བསྟན་པ་ལ།  མི་ཏྲ་ཛོ་ཀིའི་ལག་ལེན་ཟབ་བསྡུས་ལས།  རྟེན་པ་རུས་པའི་འཁོར་ལོ།  བྱ་བ་ཤ་ཡི་འཁོར་ལོ། མིག་སྤྲིན་ཚིལ་བུའི་འཁོར་ལོ།  རྒྱལ་མོ་ཆུ་ཡི་འཁོར་ལོ་བཅས་འཁོར་ལོ་བཞིར་དབྱེ་ནས་བཤད་ཡོད་པ་དང་།  ཡང་རྣམ་བཤད་བདེ་བའི་འདོད་འཇོ་ལས། སྤྱིར་མིག་ལ་ཕྱི་རུས་པའི་ཁྱིམ།  ནང་ཚིལ་བུའི་ཁྱིམ།  དབུས་ཆུའི་ཁྱིམ།  མཐོང་བྱེད་རྒྱལ་མོའི་ཁྱིམ་བཞིར་ངེས་ལ་ཞེས་པ་ལྟར་སྐབས་འདིར་གཞུང་དེ་གཉིས་ཀྱི་མདོ་དོན་ཧྲིལ་གྱིས་དྲིལ་ནས་བཤད་ན། རྟེན་པ་རུས་པའི་འཁོར་ལོའམ་ཕྱི་རུས་པའི་ཁྱིམ། བྱ་བ་ཤ་པགས་ཀྱི་འཁོར་ལོ། མིག་སྤྲིན་ཚིལ་བུའི་འཁོར་ལོའམ་ནང་ཚིལ་བུའི་ཁྱིམ།  མཐོང་བྱེད་རྒྱལ་མོའི་ཁྱིམ། རྒྱལ་མོ་ཆུ་ཡི་འཁོར་ལོའམ་དབུས་ཆུའི་ཁྱིམ་བཅས་རྣམ་གྲངས་ལྔར་དབྱེ་བར་འདོད་ལ།   
            1.རྟེན་པ་རུས་པའི་འཁོར་ལོའམ་ཕྱི་རུས་པའི་ཁྱིམ་ཞེས་པ་ནི། དཔྲལ་བའི་མིག་རུས་ནང་མ་དང་།ཡ་མགལ་མིག་རུས་ངོས།  ཟངས་ཚགས་མིག་རུས་ནང་མ། མིག་ཆུའི་རུས་པ། མུར་གོང་རུས་པ་སོགས་ལས་གྲུབ་པའི་རུས་སྒྲོམ་ཞིག་སྟེ།  རུས་ཁྱིམ་དེ་ལ་ཡས་མས་དང་གཡས་གཡོན་སྟེ་ཟུར་བཞི། སྟེང་འོག་དང་ཕྱི་ནང་ཀི་ལོགས་བཞི།  ཁྱིམ་དབུས་ཀྱི་གཏིང་ཟབ་ཤོས་དེར་ཀླད་རྩ་མིག་བསྲུང་རྒྱུ་བའི་བུ་ག་དང་བཅས་ལ་ཆེ་ཆུང་ཕལ་ཆེར་བྱ་ཕུག་རོན་གྱི་སྒོ་ང་ཤོང་བའི་ཚད་ཙམ་ཡིན་པར་བཤད།   འདི་ལ་མི་ཏྲ་ཛོ་ཀིའི་ལག་ལེན་ཟབ་བསྡུས་ལས། རྟེན་པ་རུས་པའི་འཁོར་ལོ་ཞེས་བྱ་བ། །དབྱིབས་ནི་ལ་ཕུག་བཏོན་རྗེས་འདྲ་བ་ལ། །  ཆེ་ཆུང་ཚད་ནི་ཕུག་རོན་སྒོ་ང་ཙམ།  རུས་པ་མཐུག་པ་སོར་རེ་ཙམ།  འབྲིང་པོ་ནས་ཙམ།  སྲབ་པ་སྒོང་ཤུན་ཙམ།  ཞེས་གསུངས་པ་ལྟར་རོ། །  
            2.བྱ་བ་ཤ་པགས་ཀྱི་འཁོར་ལོའམ་མིག་གི་ཤ་པགས་ཀྱི་གནས་ལུགས་བསྟན་པ་ལ་ནང་གསེས་བཞི་རུ་དབྱེ་ནས་བཤད།  མིག་ལྕིབས་དང་མིག་གི་ནང་སྐྱི།  མིག་ཆུའི་གནས། མིག་ཀི་གྲིམས་ཤ་སྟེ་བཞི་ཡོད་པ་ལས།
            (l)མིག་ལྕིབས་ནི།  མིག་མཆུ་ཞེས་ཀྱང་བྱ་ལ་མིག་གི་འབྲས་བུའི་སྟེང་འོག་ནས་སྐྱོབ་པར་བྱེད་པའི་ཚུལ་དུ་གནས་པའི་ཤ་པགས་དེ་ལ་བྱ་ཞིང་དེས་མིག་གི་འབྲས་བུ་ཉིད་སྲུང་སྐྱོབ་བྱེད་པའི་ནུས་པ་ཐོན་བཞིན་ཡོད། དེ་ལ་དབྱེ་ན་ཡས་ལྕིབས་དང་མས་ལྕིབས་གཉིས་ཡོད་ཅིང་།  ཡས་ལྕིབས་ཀྱི་མཐའ་ལ་གནས་པའི་པགས་པ་གཉེར་མ་ཅན་དེ་ལ་མིག་གི་ཀྲི་ག་ཞེས་སྨན་དཔྱད་ཟླ་རྒྱལ་དུ་གསུངས་ཡོད།  མིག་གི་ཡས་ལྕིབས་དང་མས་ལྕིབས་གཉིས་ཀྱི་མཐའ་རུ་སྐྱེས་ཡོད་པའི་སྤུ་དེ་ལ་རྫི་མ་ཞེས་བྱ་ཞིང་དེས་མིག་ནང་དུ་བཙོག་རྡུལ་མི་འགྲོ་བ་དང་ཉི་འོད་དང་གློག་འོད་སོགས་ཀྱི་ཟེར་དྲག་པོ་ཐད་ཀར་ཕོག་ཏུ་མི་འཇུག་པའི་ནུས་པ་ཐོན་བཞིན་ཡོད།
            (2)མིག་གི་སྐྱི་མོའམ་ནང་སྐྱི་ཞེས་པ་ནི་འཇམ་ཞིང་སྲབ་ལ། ཕྱི་གསལ་ནང་གསལ་གྱི་སྐྱི་པགས་ཤིག་སྟེ།   དེ་ཉིད་ཀྱིས་མིག་འབྲས་ཀྱི་མདུན་ངོས་དང་མིག་ལྕིབས་ཀྱི་ནང་ངོས་སུ་ལེགས་པར་གཡོགས་ཡོད་ཅིང་ནང་དུ་ཁྲག་རྩ་ཡང་ཧ་ཅང་མང་པོར་གྱེས་ཡོད།  འདི་ལ་མིག་ལྕིབས་ནང་སྐྱི་དང་མིག་འབྲས་ཕྱི་སྐྱི།  ཁུག་མཚམས་ནང་སྐྱི་སྟེ་གསུམ་དུ་དབྱེ་ནས་བཤད་ཆོག  
            (3)མིག་ཆུའི་གནས་བསྟན་པ་ལ་ནང་གསེས་མིག་ལྕིབས་རྨེན་བུ་དང་མིག་ཆུའི་བུ་ག་གཉིས་ལས་དང་པོ་ནི་མིག་ལྕིབས་ཀྱི་ཕྱི་ཟུར་དུ་གནས་པའི་རྨེན་བུ་ཞིག་སྟེ།  རྨེན་བུ་དེ་ལ་བརྟེན་ནས་བད་ཀན་ནམ་མིག་ཆུ་འབྱུང་ཞིང་། བད་ཀན་ལས་བསྐྱེད་པའི་མིག་ཆུ་དེ་དག་བུ་ག་ཕྲ་མོ་བརྒྱུད་ནས་མིག་གི་ཁུག་མཚམས་ནང་སྐྱིའི་ཕྱི་ཟུར་དུ་འབབ་ཅིང་།  མིག་འབྱེད་འཛུམ་བྱེད་སྐབས་བད་ཀན་རང་བཞིན་གྱི་མིག་ཆུ་དག་མིག་འབྲས་ནག་པོའི་སྟེང་དུ་ཁྱབ་པས་དེ་ཡིས་མིག་ནད་སྤྱི་དང་ཁྱད་པར་ཏུ་སྐམ་ཚག་གི་ནད་འགོག་ཅིང་སེལ་བའི་ནུས་པ་ཐོན་པ་མ་ཟད།  ཐལ་རྡུལ་སོགས་ཀྱང་མིག་ནང་དུ་གནས་སུ་མི་འཇུག་པར་སེལ་བར་བྱེད་དོ། ། རྒྱུ་མཚན་དེའི་ཕྱིར་བཤད་རྒྱུད་ལས།  མིག་ནི་མེ་ཡི་རང་བཞིན་བད་ཀན་འཇིག ། མཆི་མ་འཛག་ཕྱིར་མིག་སྨན་སྐྱེར་ཁན་དྲ། །རྟག་ཏུ་ཞག་བདུན་ལོན་ཚེ་ཉིན་རེ་བླུག ། ཅེས་གསུངས་པ་ཡིན།  མིག་ཆུའི་བུ་ག་ཞེས་པ་ནི་ཡས་ལྕིབས་དང་མས་ལྕིབས་གཉིས་ཀྱི་ནང་ཟུར་གྱི་མིག་ཆུའི་སྒོ་དང་།  འོག་གི་མིག་ཆུའི་བུག་ཆུང་།  དེའི་འོག་གི་མིག་གི་ཆུ་རྐྱལ། དེའི་འོག་གི་མིག་སྣའི་བུ་ག་སོགས་ལ་བྱ་ཞིང་།  མིག་གི་བད་ཀན་ལྷག་མ་རྣམས་མིག་ཆུའི་མཚེའུ་ནང་དུ་འཁྱིལ་ཞིང་རིམ་བཞིན་བརྒྱུད་ནས་མཐར་སྣ་སྦུབས་སུ་འབབ་པར་བྱེད་དོ། །  
            (4)མིག་གི་ཤ་གྲིམས་བསྟན་པ་ལ་དབྱེ་བ་ཕྱེ་ན་ཡས་ལྕིབས་འདེགས་ཤ་དང་། རྒྱལ་མོའི་སྟེང་ཤ རྒྱལ་མོའི་ནང་ཤ  རྒྱལ་མོའི་ཐུར་གསེག་ཤ་སོགས་ཡོད་པ་ལས།  ཡས་ལྕིབས་འདེགས་ཤ་ནི་མིག་གི་ཡས་ལྕིབས་གྱེན་དུ་འདེགས་པར་བྱེད་པའི་ཤ་གནད་ཅིག་སྟེ། མན་རྒྱུད་དུ། ཤ་འགྲམས་ལྟག་པར་ཟུག་དང་མིག་མི་ཐེག།   ལུས་རྔུལ་མགོ་ལྕི་རབ་རིབ་མཆི་མ་མང་། ། ཞེས་པ་ལྟར་ཤ་དེ་ཉིད་བསྣད་པའམ་འགྲམས་པར་གྱུར་བས་ན་མིག་ལྕིབས་གྱེན་དུ་འདེགས་མི་ཐུབ་ཅིང་།  མིག་གི་འབྱེད་འཛུམ་གྱི་བྱེད་ལས་ཉམས་པར་འགྱུར་རོ།  །མིག་གི་རྒྱལ་མོའི་ཤ་གནད་དྲུག་པོ་དེ་དག་ནི་མིག་འབྲས་སྟེང་འོག་དང་གཡས་གཡོན་སོགས་སུ་འཁོར་བར་བྱེད་པའི་ནུས་པ་ཐོན་བཞིན་པའི་ཤ་གནད་ཡིན་སྟབས།  ཤ་གནད་དེ་རིགས་གང་རུང་ལ་ཕོག་ཐུག་བཏང་ན་རྒྱལ་མོ་ཉིད་གཡས་གཡོན་དང་སྟེང་འོག་གང་རུང་དུ་ཡོ་ནས་མིག་གཟི་ལོག་ཅེས་པར་འགྱུར་རོ། །  
            3.མིག་སྤྲིན་ཚིལ་བུའི་འཁོར་ལོའམ་ནང་ཚིལ་བུའི་ཁྱིམ་བསྟན་པ་ནི་མིག་འབྲས་དང་མིག་གི་ཤ  ཕྱི་རུས་པའི་ཁྱིམ་དག་གི་དབར་དུ་གནས་པའི་ཚིལ་བུ་ཟན་གྱི་གར་སླ་ཙམ་ཡོད་པ་དེ་དག་ལ་བྱ་སྟེ། ཚིལ་བུ་དེ་རིགས་ནི་གཙོ་ཆེར་མིག་གི་རྒྱབ་ངོས་སུ་ཡོད་པའི་ཆུ་རྩ་དང་ཤ་གནད་དབར་ལ་གནས་ཤིང་།  དེ་ཡིས་མིག་གི་འབྲས་བུ་ཉིད་གཞི་དེར་གནས་པའི་རྟེན་བྱེད་ཅིང་མིག་འབྲས་སྲུང་ཞིང་སྐྱོབ་པར་བྱེད་པའི་ནུས་པ་འདོན་གྱིན་ཡོད།  མིག་གི་ཚིལ་བུ་དང་མིག་འབྲས་ཀྱི་དབར་ནི་ཚིགས་ཀྱི་འབྲེལ་མཚམས་ལྟ་བུ་ཞིག་ཡིན་པས་མིག་འབྲས་ཕྱོགས་བཞི་ཀུན་ཏུ་འགུལ་སྐྱོད་བྱེད་པའི་གྲོགས་ཀྱང་བྱེད་བཞིན་ཡོད།  ཚིལ་བུ་དེའི་ནང་ངོས་དང་མིག་འབྲས་བར་དུ་གནས་པའི་པགས་པ་སྲབ་མཐུག་གླ་ཧེལ་ཙམ་ཡོད་པ་དེ་ལ་མིག་འབྲས་སྐྱི་རིམ་ཞེས་བྱ་སྟེ།  དེ་ཡིས་མིག་འབྲས་ཕལ་མོ་ཆེ་འཐུམས་པར་བྱས་ཤིང་མདུན་ངོས་མིག་འབྲས་དཀར་ནག་འབྲེལ་མཚམས་ཀྱི་ཕྱི་རོལ་ཙམ་ན་མིག་སྤྲིན་དཀར་པོ་དང་ལྷན་ཅིག་འདྲེས་ཡོད།  རྒྱབ་ངོས་སུ་ཀླད་རྩ་མིག་བསྲུང་ཕྱི་པགས་དང་ལྷན་ཅིག་ཏུ་འདྲེས་ཏེ་གནས་སོ། །  
            4.མཐོང་བྱེད་རྒྱལ་མོའི་ཁྱིམ་བསྟན་པ་ནི་གཟུགས་མཐོང་བར་བྱེད་པའི་མིག་འབྲས་དངོས་ལ་བྱ་ཞིང་སྐྱི་པགས་རིམ་པ་གསུམ་གྱིས་དབྱེ་ན་ཕྱི་སྐྱི་དང་བར་སྐྱི། ནང་སྐྱི་གསུམ་ཡོད།  
            (l)ཕྱི་སྐྱི་ནི་སྲ་མཁྲེགས་དང་ལྡན་པའི་རིམ་པ་ཞིག་ཡིན་ལ།  དེའང་མིག་འབྲས་དཀར་ནག་གཉིས་“་ཡོད་པའི་དཀར་པོ་ལ་མིག་སྤྲིན་ཞེས་ཀྱང་བྱ་ལ་འོ་མའི་མདོག་དང་འདྲ་བའི་པགས་རིམ་སྲ་མཁྲེགས་ཅན་ཞིག་སྟེ། དེས་ཕྱི་སྐྱིའི་དྲུག་ཆ་ལྔ་ཙམ་ཟིན་ཡོད་པ་ཡིན། དེ་ཉིད་མདུན་ངོས་ནས་མིག་འབྲས་ནག་པོ་དང་འབྲེལ་ཞིང་རྒྱབ་ངོས་སུ་ཀླད་རྩ་མིག་བསྲུང་ལ་འབྲེལ་ནས་གནས་ཡོད། གཞན་མིག་འབྲས་ནང་གི་ཕྱི་སྐྱི་ནི་པགས་པ་ཕྱི་དྭངས་ནང་གསལ་བ་ཞིག་སྟེ།  དེར་ཁྲག་རྩ་མེད་ཀྱང་འདོམ་རྩ་སུམ་མདོ་རིས་ལས་གྱེས་པའི་རྩ་དཀར་པོ་མང་དུ་གྱེས་ཡོད།  འདིས་ཕྱི་ཡི་སྐྱི་རིམ་ནང་ནས་དྲུག་ཆ་གཅིག་ཙམ་ལོན་ཞིང་ཕྱི་འབུར་ལ་ནང་ཀོང་ཀོང་དུ་ཆགས་པ་ཞིག་གོ །   
            (2)བར་གྱི་སྐྱི་རིམ་བསྟན་པ་ལ་མདུན་ནས་རྒྱབ་བར་ཤ་པགས་ཀྱི་རིམ་པ་མི་འདྲ་བ་གསུམ་ཡོད་པ་རེ་རེ་བཞིན་བརྗོད་པ་ལ།  
            ①ཐོག་མར་གྲོ་མོ་འམ་འཇའ་སྐྱི་ཞེས་པའི་གནས་ལུགས་བཤད་པར་འདོད་ལ།  འདི་ཉིད་ནུབ་ཕྱོགས་གསོ་རིག་གི་གཤག་ལས་རིག་པ་ལྟར་ན་མིག་གི་འཇའ་སྐྱིའི་གྲུབ་ཚུལ་ནི་མིག་གི་རྭ་སྐྱིའམ་སྦྱིན་སྐྱིའི(眼角膜)རྒྱབ་ཕྱོགས་དང་། ཆུ་ཤེལ་གཟུགས་སམ་དྭངས་གསལ་གཟུགས(晶状体)ཟེར་བ་དེའི་མདུན་ངོས། མིག་གི་རྒྱལ་མོ་འམ་མིག་རྣོའི་ཁུང་བུའི(瞳孔)མཐའ་འཁོར་གྱི་སྒོར་མོ་སྨུག་ནག་སྡེར་དབྱིབས་ཅན་སྟེ་ང་ཚོས་དུས་རྒྱུན་བཤད་པའི་མིག་རྡོག་ནག་པོ་ཞེས་པ་དེ་རེད། རིས་དབྱིབས་ཅན་གྱི་སྐྱི་པགས་འདིར་གཉེར་མ་མང་ཞིང་འབུར་གཤོང་ཆ་མི་སྙོམ་ལ།  སུལ་མོ་མང་པོ་འོད་འཕྲོ་བའི་གཟུགས་སུ་བསྟར་ཡོད་པས་མིག་གི་རྒྱལ་མོའི་མཐའ་ལ་ཉེ་བའི་ཕྱོགས་སུ་གཉེར་མ་ལྷག་པར་གསལ་ལ་འཁོར་ལོ་སྒོར་མོ་སོ་ཅན་གྱི་དབྱིབས་དང་མཚུངས་པས་མིང་ལའང་འཇའ་སྐྱིའི་བསྒྲིལ་བསྡུས་འཁོར་ལོའམ་བསྡུས་བསྒྲིལ་སུལ་མོ་ཟེར།  མིག་གི་འཇའ་སྐྱི་ཞེས་པ་འདི་ཉིད་བརྩེགས་རིམ་ལྔ་ཡིས་གྲུབ་ཡོད་པའི་དང་པོ་ནང་སྐྱི་ཕྲ་ཕུང་། གཉིས་པ་སྔོན་ཁམས་སྐྱི་མོ། གསུམ་པ་དངོས་གཞི་རིམ་པ། བཞི་པ་ཤ་གནད་རིམ་པ།  ལྔ་པ་མདོག་རྒྱུའི་སྟེང་ལྤགས་བཅས་ལྔའོ། ། དེ་ལ་བཞི་པ་ཤ་གནད་རིམ་པ་ལའང་བདེ་འཇམ་ཤ་གནད(平滑肌)གཉིས་སུ་དབྱེ་བ་ཕྱེ་ཡོད་པ་ནི།  མིག་རྣོའམ་མིག་གི་རྒྱལ་མོ་སྡོམ་བྱེད་ཤ་གནད་དང་བསྐྱེད་བྱེད་ཤ་གནད་གཉིས་སོ། ། དེའི་བྱེད་ལས་གཙོ་བོ་མིག་གི་རྒྱལ་མོ་ཆེ་རུ་བསྐྱེད་པ་དང་ཆུང་དུ་སྡོམ་པར་བྱེད་པའི་ནུས་པ་ཐོན་བཞིན་པས་ཕྱི་རོལ་གྱི་འོད་ཆེ་ཆུང་ངམ་གསལ་ཞན་ལྟར་དུ་མིག་གི་རྒྱལ་མོའམ་མིག་རྣོའི་ཆེ་ཆུང་ལེགས་བསྒྱུར་བྱེད་ཐུབ་བོ་ཞེས་བཤད་ཡོད།  ཡང་ཅིག་བོད་ལུགས་གསོ་རིག་གི་དགོངས་པ་ལྟར་བཤད་ན།  མཐོང་བྱེད་རྒྱལ་མོའི་ཁྱིམ་ལས་བར་གྱི་སྐྱི་རིམ་གྱི་ཤ་པགས་རིམ་པ་མི་འདྲ་བ་གསུམ་ཡོད་པ་ལས་གྲོ་མོ་ཞེས་པ་ནི།  རྒྱལ་མོའི་མཐའ་རུ་ཁོ་ར་ཁོར་ཡུག་ཏུ་བསྐོར་ནས་གནས་ལ་དབྱིབས་འཁོར་ལོ་སྒོར་མོ་ཞིག་དང་འདྲ་ཞིང་དབུས་སུ་བུ་ག་ཡོད་པ་ཞིག་སྟེ། དེ་ལ་མིག་གི་རྒྱལ་མོ་ཞེས་བཤད།  འདི་ལ་འཆི་མེད་བདུད་རྩི་བུམ་བཟང་ལས།  དེ་ཡང་རྣོ་མིག་གི་གཡོག་མ་ནི་སྦྲང་གཤོག་ཙམ་ཟེར་བས་སྲབ་ལ་དྭངས་པ་ཡོད།  དེའི་ཚས་མིག་གི་འབྲིའུ་འམ་གྲོ་མོ་ཡིན་ཏེ། རྒྱ་དར་བཟང་པོ་ཙམ། ཞེས་དང་། ཡང་དེ་ཉིད་ལས། ནད་གཞི་རྡོལ་བས་འོ་ལྟར་བོ་བ་དང་། གྲོ་མོ་རལ་བ་དང་།  རྒྱལ་མོ་འཁྱོགས་པ་དང་ཞེས་སོགས་ལྟར་རོ། །  དེ་ཡང་རྒྱལ་མོའི་མཐའ་རུ་བསྐོར་ཞིང་གྲོ་མོའི་དབུས་སུ་གནས་པའི་ཤ་གྲིམས་དེ་དག་གིས་རྒྱལ་མོ་ཆེ་རུ་གཏོང་བར་བྱེད་དོ། ། འདི་ལ་མི་རིགས་ཐ་དད་སྣ་ཚོགས་ལས་གྱུར་པའི་རིགས་རྒྱུད་ཀྱི་ཁ་དོག་ལྟར་གྲོ་མོའི་ཁ་དོག་ཀྱང་དཀར་སེར་དང་སྔོན་པོ།  ནག་པོ་སོགས་མི་འདྲ་བ་འབྱུང་བ་བཞིན་མིག་གི་ཁ་དོག་ཀྱང་དེ་ལྟར་དུ་སྣང་ངོ་། །དེ་བས་ནུབ་ཕྱོགས་གསོ་རིག་གམ་དེང་རབས་གསོ་རིག་གིས་བཏགས་པའི་འཇའ་སྐྱི་ཞེས་པ་འདི་མིག་ནང་དུ་འཇའ་ཚོན་གྱི་རི་མོ་ལྟར་མངོན་པའི་བར་གྱི་སྐྱི་པགས་རིམ་པ་དེ་ལ་བལྟོས་ནས་བཏགས་པའི་ཐ་སྙད་ཞིག་ཡིན་པ་མ་གཏོགས། འདིའི་གྲུབ་ཚུལ་དང་བྱེད་ལས།  གཟུགས་དབྱིབས་སོགས་ཕྱོགས་གང་ནས་དཔྱད་ཀྱང་ཐ་སྙད་ཀྱི་འདོགས་སྟངས་དང་བརྗོད་ཚུལ་ཙམ་ལས།  སྲོལ་རྒྱུན་བོད་ལུགས་གསོ་རིག་ལས་བཤད་པའི་གྲོ་མོ་ཞེས་པ་འདི་དང་གཉིས་སུ་མེད་པས་རང་ལུགས་དེ་ལྟར་དུ་འཐད་དོ། །  
            ②ཁྱིམ་ཆུའི་འབྱུང་རྟེན་ཞེས་པ་ནི་ཁྱིམ་ཆུ་སྐྱེ་ཞིང་འཕེལ་བའི་གནས་ཁྱད་པར་ཅན་ཡིན་ལ།  རྒྱལ་མོའི་བར་གྱི་སྐྱི་རིམ་ལས་མཐུག་ཤོས་ཡིན་ཞིང་དེ་ཉིད་གྲོ་མོའི་ནང་ངོས་སུ་ཆགས་ཡོད།  དེ་ཡི་རྒྱབ་ངོས་སྙོམས་པའི་གནས་དེ་ལ་ཁྱིམ་ཆུའི་འབྱུང་རྟེན་འཁོར་ལོ་དང་མདུན་ངོས་སུ་གནས་ཤིང་ནང་དུ་ཅུང་ཟད་འབུར་ལ་ཤ་སོ་གདུགས་ཀྱི་རྩིབས་ལྟར་གྱེས་པའི་གཉེར་མ་ཅན་དེ་ལ་ཁྱིམ་ཆུའི་འབྱུང་རྟེན་ནུ་འབུར་ཞེས་བྱའོ། །
            ③བར་གྱི་པགས་རིམ་གསུམ་ལས་རྩ་ཡི་དྲ་སྐྱི་ཞེས་པ་ནི་ངོས་འཇམ་ལ་ཁྲག་རྩའི་ཡལ་ཕྲན་དུ་མས་ཁྱབ་ཅིང་མཉེན་ཆ་དང་ལྡན་པ་མ་ཟད།  མདུན་ངོས་ཅུང་སྲབ་ཅིང་རྒྱབ་ངོས་མཐུག་ཙམ་འདུག་ལ་བར་གྱི་སྐྱི་རིམ་གྱི་སུམ་ཆ་གཉིས་ཙམ་ཟིན་ཡོད།  
            (3)ནང་གི་སྐྱི་རིམ་ནི་མཐོང་བྱེད་རྩ་ཡི་འཁོར་ལོ་ཞེས་བརྗོད་པར་ནང་གསེས་པགས་རིམ་གཉིས་ཡོད་ཅིང་དེ་ཉིད་གནས་ཀྱི་དབང་དུ་བྱས་ན་གྲོ་མོའི་ཐད་ཀྱི་རྩ་ཡི་འཁོར་ལོ་དང་།  མིག་ཆུའི་འབྱུང་རྟེན་ཐད་ཀྱི་རྩ་ཡི་འཁོར་ལོ།  དྲ་སྐྱིའི་ཐད་ཀྱི་རྩ་ཡི་འཁོར་ལོ་དང་གསུམ་ཡོད་པ་ལས། སྔ་མ་གཉིས་ལ་གཟུགས་དངོས་སུ་མཐོང་བར་བྱེད་པའི་ནུས་པ་དབེན་ཞིང་ཕྱི་མ་དྲ་སྐྱིའི་ཐད་ཀྱི་རྩ་ཡི་འཁོར་ལོ་ནི་གཟུགས་དངོས་སུ་མཐོང་བར་བྱེད་པའི་རྩ་འཁོར་ཞིག་ཡིན།   དེ་ཡི་ནང་ཀི་མིག་བསྲུང་གྱེས་སའི་གཞི་རུ་གྱུར་པའི་གནས་དེ་ལ་སྦྲ་ཆེན་འཛིན་ཞེས་བཤད་ལ།  དེའི་ཕྱི་ཟུར་དུ་ཁ་དོག་དམར་ལ་འོད་དང་ལྡན་པ།  དབུས་ཀོང་ཀོང་དུ་གྱུར་པ་ཞིག་ཡོད་པ་དེ་ལ་མཁྲིས་པ་མཐོང་བྱེད་དུ་ངོས་འཛིན་མཁན་རེ་འགའ་འདུག་པས་དཔྱད་དགོས་ཞིང་།  མཐོང་བྱེད་རྩ་ཡི་འཁོར་ལོའི་ནང་ནས་ཚོར་བ་རྣོ་ཤོས་ཀྱི་གནས་ཤིག་ཀྱང་ཡིན་ནོ། །  འདི་ལ་མི་ཏྲ་ཛོ་ཀིའི་ལག་ལེན་ཟབ་བསྡུས་ལས། དེ་དབུས་མཐོང་བྱེད་རྩ་ཡི་འཁོར་ལོ་ནི། །   ཕྱི་ཡི་པགས་པ་སྦྲང་མའི་གཤོག་པ་ཙམ། །མཐོང་བྱེད་རྩ་ནི་གཏིང་ན་གནས་པ་སྟེ། ། རྩེ་མོ་སྦོམ་པ་ཕྱི་ལ་ཁ་ཡང་གདང་། ། མིང་ནི་སྦྲ་ཆེན་འཛིན་ཞེས་བཤད་པ་ཡིན། ཞེས་པ་ངེས་པ་དོན་ལ་གནས་སོ། །  
            5.དབུས་ཆུའི་ཁྱིམ་བསྟན་པ་ལ་དབྱེ་བ་གསུམ་དུ་བྱས་ནས་བཤད་ན་མིག་ཆུའི་མཚོ་དང་རྒྱལ་མོ་ཆུ་ཡི་འཁོར་ལོ་།  མཐོང་བྱེད་མཚོ་སྟེ་རིགས་གསུམ་ཡོད་པ་ལས།  
            (1)མིག་ཆུའི་མཚོ་ནི་མིག་འབྲས་ནག་པོ་དང་རྒྱལ་མོ་ཆུ་ཡི་འཁོར་ལོ།  མིག་ཆུའི་འབྱུང་རྟེན་བཅས་ཀྱི་དབར་དུ་གནས་ཤིང་།  དེ་ཉིད་གྲོ་མོས་བར་དུ་བཅད་ནས་མིག་ཆུའི་མཚོ་ཕྱི་མ་དང་ནང་མ་གཉིས་སུ་དབྱེ་ཞིང་།  མཚོ་ཕྱི་ནང་གཉིས་པོ་དེ་རྒྱལ་མོ་ལ་བརྟེན་ནས་ཕན་ཚུན་འབྲེལ་ནས་གནས་ཡོད།   
            (2)རྒྱལ་མོ་ཆུ་ཡི་འཁོར་ལོ་ནི་ཕྱི་དྭངས་ནང་གསལ་ལ་དབྱིབས་ཉ་གང་གི་ཟླ་བ་དང་འདྲ་ཞིང་མཉེན་ཆ་ལྡན་པ།  རྩ་དཀར་ནག་གིས་དབེན་པ་ཞིག་སྟེ།  དབུས་འབུར་དུ་དོད་ལ་མཐའ་སྲབ་པ། དེ་ཡི་ཕྱི་ནས་སྐྱི་པགས་སྲབ་མོ་ཞིག་གིས་གཡོགས་ཡོད།  དེའི་མཐའ་འཁོར་ལ་རྒྱལ་མོའི་སྒྲོའམ་ཆུ་བའི་འཛིན་ཐག་ཅེས་པའི་ཆུ་བ་ཞིག་ཡོད།  ནད་ཐོག་སྐབས་སུ་གལ་ཏེ་ཆུ་ཡི་འཁོར་ལོ་དེ་ཉིད་ཉོག་པོར་གྱུར་ན་མིག་ནད་བར་འགྲིབ་ཅེས་པར་འགྱུར་ངེས་སོ། ། འདིར་ཡང་མི་ཏྲ་ཛོ་ཀིའི་ལག་ལེན་ཟབ་བསྡུས་ལས།  ལྔ་པ་རྒྱལ་མོ་ཆུ་ཡི་འཁོར་ལོ་ནི། ། པགས་པ་རྒྱ་དར་གསུམ་སྟབས་ཙམ་པ་ལ། །ནང་གི་ཆུ་ནི་དྲ་སྦྱིན་དྭངས་མ་འདྲ། ། མང་ཉུང་བྱེའུ་ཅོ་གའི་སྒོ་ང་གང་།   ཞེས་པ་ལྟར་རོ། །  
            (3)མཐོང་བྱེད་མཚོ་ཞེས་པ་ནི་གསལ་ལ་དྭངས་ཤིང་ཤེལ་གཟུགས་དང་འདྲ་ལ། གར་སླ་འབྲི་ཞོ་ལེགས་པ་ཙམ་སྟེ།  དེའི་ཕྱི་ལ་སྐྱི་པགས་སྲབ་མོ་ཞིག་གིས་གཡོགས་ཡོད།   དེ་ནི་རྒྱལ་མོ་ཆུ་ཡི་འཁོར་ལོ་ནས་མཐོང་བྱེད་འཁོར་ལོའི་བར་དུ་གནས་པ་ཞིག་སྟེ།    དེ་ཡིས་མིག་འབྲས་ནང་གི་ལྔ་ཆ་བཞི་ཙམ་ཟིན་ཡོད་དོ།།  
དེ་ལྟར་མིག་གི་གྲུབ་ཚུལ་འཁོར་ལོ་བཞི་ལྡན་གྱི་ཚུལ་ལམ་ཁྱིམ་ལྔ་རུ་དབྱེ་ནས་རགས་ཙམ་བརྗོད་པའི་རྗེས་སུ་ད་དུང་མིག་གི་ཁ་དོག་དང་ཆེ་ཆུང་གཟུགས་དབྱིབས་མི་འདྲ་བ་དུ་མར་བརྟེན་ནས་དབྱེ་བ་བཤད་པ་ནི། མིག་འབྱེད་གསལ་བའི་སྒྲོན་མེ་ལས། ལྷ་མིག་དཀར་ལ་དཀྱུས་རིང་ཞིང་། ། ལུག་མིག་སེར་པོ་ཕྱི་ལ་འབུར། ། ར་མིག་ཆུང་ལ་སེར་བ་ཡིན། ། བོང་མིག་དཀར་ལ་མཐུག་པ་སྟེ། ། ཁྱི་མིག་སེར་ལ་བཀྲག་པ་ཡིན།།ཕག་མིག་ནག་ལ་ཆུང་བ་རྣམས། ། འབྱེད་པ་རབ་འབྲིང་ཐ་མ་ཡིན། ། ཞེས་གསུངས་པ་ལྟར་དབྱེ་བ་རྣམས་གྲངས་དྲུག་ཏུ་བཤད་དོ། །   
            གཉིས། མིག་གི་དབང་བོ་དང་ནང་དོན་སྣོད་སོགས་ཀྱི་འབྲེལ་བ།
            གཡུ་ཐོག་ཤོག་དྲིལ་སྐོར་གསུམ་ལས་མིག་མཐོང་རྟེན་གྱི་རྩ་སྙིང་ནས་བརྒྱུད་པ་ཤིན་ཏུ་ཕྲ་བའི་བུ་ག་སྟོང་སེང་གི་རྩེར་དབང་བོ་ཟར་མའི་མེ་ཏོག་ལྟ་བུ་ཤིན་ཏུ་དྭངས་པའི་རྡུལ་ཕྲན་འོད་ལྟར་གནས་པ་དེར་ཞེས་གསུངས་པ་དང་།  བཀྲ་འབུམ་དཀའ་འགྲེལ་ལས་མཆིན་པས་ཁ་ཟས་ཀྱི་དྭངས་མ་རྣམས་རང་གི་གནས་སུ་དྲངས་ནས་ཁྲག་གི་རྟེན་བྱེད་པ་དང་།    མིག་གི་གཟུགས་མཐོང་བའི་རྟེན་བྱེད་པ་ཡིན་ནོ། །  ཞེས་བསྟན་ཡོད་ལ།  དཔལ་སྤུངས་དཀའ་འགྲེལ་ལས་མིག་གི་རྒྱལ་མོ་ནི།  མིག་འབྲས་ཀྱི་དབུས་སུ་དབྱིབས་སྒོར་ཞིང་མདོག་སྔོ་ནག་ཅན་སྲན་ཆུང་ཙམ་ཡོད་པ་ལ་ཟེར་ཏེ།  དེའི་མར་སྣ་མཆིན་རྩ་རྡོ་རྗེ་ཅན་དང་འབྲེལ་ཞིང་།  ཡར་སྣ་ཀླད་པའི་འཁྱིལ་བ་ཞེས་པ་དང་འབྲེལ་བ་དེས་མིག་གི་མདངས་དང་ཟུངས་སྐྱེད་ཅིང་ཕྱི་རོལ་གྱི་བལྟ་བ་ལ་དབང་ངོ་ཞེས་དང་།  དེ་བཞིན་ཟླ་རྒྱལ་ལས། ཀླད་པའི་དབང་པོ་དག་དང་འབྲེལ། ། ལུས་ལ་དབང་བས་ལུས་དབང་ངོ་། ། ཀླད་པ་དང་ནི་ཀླད་སྙིང་ངོ་། ། ཀླད་སྙིང་རྟ་རྨིག་ཕྱེད་པོ་འདྲ།། མིག་དང་རྣ་བ་སྣ་དང་ལྕེ།།རྩ་རྒྱུད་ཆུང་བ་དེ་དང་འབྲེལ། ། ཞེས་གསུངས་པ་དང་།  གནའ་བོའི་རྒྱ་དཔེ་རྣམ་གནད་འཁྲུལ་ཆེན་སྨྲ་བ་ལས།དོན་ལྔ་སྣོད་དྲུག་དག་གི་མདངས་བཅུད་དེ། ། ཡོད་ཚད་ཡར་གྱི་མཚོན་རྟགས་མིག་ལ་གསལ། །ཞེས་པ་དང་།རྒྱ་དཔེ་རྣམ་གནད་འདྲི་དེབ་ལས།  མིག་ནི་སྤྱི་རྩའི་འདུས་མདོ་དང་། ། སྟོད་གཤེར་ཆུ་ཡི་རྒྱུ་ལམ་མོ། ། ཞེས་བསྟན་ཡོད་ལ།  སྤྱིར་དོན་ལྔ་སྣོད་དྲུག་གི་རྩ་མིག་དང་འབྲེལ་ནས་ཡོད་ཀྱང་ཐད་ཀར་རང་རང་རྟེན་དང་བརྟེན་པའི་ཆོས་ཉིད་དུ་གྱུར་པའི་ཆ་ནས་མཆིན་པའི་འབྲས་བུའམ་མེ་ཏོག་ལྟ་བུ་མིག་ཡིན་པ་ཕྱི་རྒྱུད་དུ།   མཆིན་རྩ་མ་ཚང་མི་ལྡོག་སྨིན་མ་ཚོམ་ལྟ་བུ་དང་། ཡང་ན་ཀྲུང་ལུགས་ཀྱི་རྩ་ལམ་བཅུ་གཉིས་ཀྱི་ནང་དུ།  སྙིང་དང་མཆིན་པ། ཕོ་བ། མཁྲིས་པ། གྲེ་བྲང་གསུས་གསུམ།   ལྒང་ཕུག་རྒྱུ་མ་བཅས་བདུན་པོའི་རྩ་ལམ་ལུས་ལ་སྐོར་བསྐྱོད་ཀྱི་ཚུལ་དུ་བརྒྱུད་ནས་མིག་གི་དབང་བོར་འབྲེལ་ཡོད་པར་བཤད་ལ། དེ་མིན་མཚར་ལམ་རྩ་བརྒྱད་ཅེས་པའང་མིག་དང་འབྲེལ་ཡོད་པའི་ཁུངས་ལུང་ཚད་ལྡན་འདི་དག་ལས་མིག་ནི་ནང་དོན་སྣོད་དང་ཕྱི་ཤ་ལྤགས།  བར་རྩ་རྒྱུས་ཀུན་གྱི་འབྲས་བུའི་ཚུལ་དུ་གནས་ཡོད་པའི་སྐར་ཁུང་ལྟ་བུ་ཡིན་པ་ར་སྤྲོད་བྱས་ཡོད་ལ། དེའི་ཕྱིར་དབང་བོ་མིག་འདི་ལ་བརྟག་ནས་ལུས་ཡོངས་ཀྱི་ཆ་ཤས་དག་གི་རྣམ་གྱུར་ནད་ཀྱི་མངོན་རྟགས་གང་མང་ཞིག་བརྟག་ཐུབ་པ་བྱེད་རྒྱུ་གནད་ཆེའོ། །   
            གསུམ།   མིག་ལ་བརྟག་ནས་ནད་ངོས་འཛིན་ཚུལ་སྤྱི་རུ་བཤད་པ།
            མིག་ལ་བརྟག་ནས་ནད་ངོས་འཛིན་པའི་ཐབས་ལམ་འདི་ནི་བོད་ཀྱི་གསོ་བ་རིག་པའི་ནད་གཞི་ངོས་འཛིན་བྱེད་པའི་བརྟག་ཐབས་གཙོ་བོ་ཞིག་ཡིན་ཞིང་།  དེ་ལ་སྔར་བྱུང་རྒྱུད་འགྲེལ་དང་ཉམས་ཡིག་ཁག་ཏུ་དགོངས་ཚུལ་དུ་མ་ཞིག་སྣང་ཡང་། སྨན་བསྡུས་ཨེ་ལས།  མིག་གི་སྒོ་ནས་ནད་བརྟག་པ། ། ཡར་གྱི་མིག་སྤྲིན་དཀར་པོ་ལ། ། ཁྲག་ཐིག་གློ་དང་ཤེ་རུལ་ཡོད། ། མར་གྱི་མིག་སྤྲིན་ཁྲག་ཐིག་ནི། །  མཆིན་པ་ལ་ནི་ཁྲག་རེག་ཡོད། ། སྣ་ངོས་སྤྲིན་ལ་སེར་ནག་ཐིག་ལེ་བྱུང་། །མཁལ་མར་ཤེ་རུལ་ཆུ་སེར་ཡོད། ། མིག་ནི་འོ་མ་ལྟ་བུ་བད་ཀན་དཀར། ། ཁུག་རྣ་ལྟ་བུ་བད་ཀན་སྨུག ། མིག་སྤྲིན་སེར་ལྗང་བད་ཀན་སེར། ། ཞེས་དང་། རྗེ་གཡུ་ཐོག་པས།  མིག་གི་དཀར་པོའི་སྟེང་གི་རྩ་རིགས་ལ་བརྟག་པ་དེ་ལ་མི་གནོད་པའི་རྩ་ནི་སྤྱིར་མིག་བཀྲག་ལེགས།  ལྷག་པར་མིག་རྩ་དམར་སེར་ངེ་བ་སྟེང་དུ་དོན་པ། མིག་མདངས་ལོག་པ་མི་འོང་བའོ། ། གནོད་རྩ་ནི་སྤྱིར་མིག་མདངས་ཉམས། མཆི་མ་འཛག མེ་ཉིའི་འོད་མི་ཐུབ།  ལྷག་པར་རྩ་དམར་ནག་གམ་སྨུག་ནག་གཏིང་དུ་བྱིང་བ། རྩེ་མོ་གུག་པ། ཐིག་ལེ་ནག་པོའམ་ནོག་པོ་བཀལ་བ་རྒྱལ་མོ་ལ་ཁ་བལྟས་པའོ། །དེ་མིན་གདོན་རིགས་བརྟག་པ་དང་། ནད་འཇུག་ཚུལ་གང་ཡིན་བརྟག་པ། ནད་དེ་བཅོས་ཐུབ་མིན་བརྟག་པ་སོགས་རྒྱས་པར་གསུངས་འདུག་གོ ། དེ་བཞིན་སྨན་དཔྱད་ཟླ་བའི་རྒྱལ་པོ་ལས།  མིག་མདངས་དཀར་ལ་སྐད་ཕྲ་བ། །  སྐད་གདངས་ཆག་ཅིང་མིག་མདངས་དཀར། ། ཕོ་བ་དག་ལ་སྐྲན་ཡོད་པའོ། ། མིག་རྩ་དམར་ལ་འཛུམ་ནའང་། ། མཆིན་པ་མིག་དཀར་རླུང་ཡིན་ཏེ།   ངོ་སྣུམ་མིག་སྤྲིན་དཀར་བ་དང་། ། སྤྲིན་པ་ཅུང་ཞིག་ཆུང་ན་ཁྲག།  མིག་སེར་ལྕེ་སེར་མཆིན་མཁྲིས་ལ།། གཉིད་ལོག་མིག་འཛུམ་མིག་ལྡོག་འཆི། །ཞེས་སྙིང་ནད། གློ་ནད། མཆིན་ནད་སོགས་ཀྱི་མཚན་ཉིད་བསྟན་པའི་ནང་དུའང་མིག་ཏུ་མངོན་པའི་ནད་རྟགས་ཧ་ཅང་མང་པོ་བཀོད་ཡོད་པ་ལྟར་དང། ཁམས་གཙང་འབྲུག་རྒྱལ་གྱི《གསོ་རིག་མྱོང་བང་ཕན་བདེའི་སྙེ་མ》ལས།  མིག་ནི་ཧ་རེར་འབུར་ཚུགས་བལྟ། ། རླུང་ངམ་ཀླད་པར་སྐྱོན་ཡོད་རྟགས། ། མིག་སྤྲིན་དམར་རམ་སེར་པོར་འདུག ། ཚད་པ་ཁྲག་མཁྲིས་འཁྲུགས་རྟགས་ཡིན། ། མིག་ལྕིབས་ནང་ཤ་དཀར་པོར་སོང་། ། ཁྲག་ཤེད་ཉུང་ངམ་ཟུངས་ཟད་ཡིན། ། མིག་རྩ་དམར་ནག་འཁྲུགས་ཤིང་རྒྱས། ། གཉན་རིམས་སིབ་བུ་ཀླད་ཚད་དང་། ། ཁྲག་མཐོ་ཁྲག་ངན་རྒྱས་སོགས་ཡིན། ། རྒྱལ་མོ་འདལ་བ་དུག་གི་རྟགས། ། ཀླད་སྐྱོན་སོང་བའང་དེ་འབྱུང་སྲིད། ། མིག་ལྕིབས་སྐྲངས་གཡོ་ཆུ་ནད་དང་། །མཁལ་མ་ནད་ཡོད་རྟགས་མཚན་ནོ། ། བྱིས་པའི་མིག་གྱེན་བལྟ་བ་ཡང་། ། ནད་གཞི་མཆིན་པར་བབས་པའོ།།  ཞེས་གསུངས་པ་དང་།  ཡོངས་གྲགས་ཀྱི་བརྟག་ཚུལ་ལྟར་ན་མིག་སྤྲིན་སྟེང་སྔོ་ཐིག་དང་ནག་ཐིག་དོད་ན་རྒྱུ་སྲིན་སོགས་ཁོང་སྲིན་ཡོད་པར་བཤད་ལ། དེ་ལྟར་ལུང་དང་རིག་པ་མང་པོས་བསྒྲུབ་ནས་བསྟན་ཡོད་པ་རེ་རེ་བཞིན་ཡིག་ཚོགས་ལ་འཛེམ་ནས་མ་བཀོད་དོ། །   
            བཞི།  ལུས་ལ་རྣམ་གྱུར་ནད་ཀྱིས་གཙེས་སྐབས་མིག་གི་གྲོ་མོར་མངོན་པའི་འགྱུར་ལྡོག་རི་མོ་བྱེ་བྲག་ཏུ་བཤད་པ།
            ང་ཚོས་བརྟག་ཐབས་ལག་ལེན་དངོས་ཀྱི་ཁྲོད་དུ་མིག་བརྟག་ཆེད་མཁས་Jen  sen ལགས་ཀྱི་རིགས་པའི་གཞུང་ལུགས་ནང་དུ་མིག་གི་གྲོ་མོའི་གནས་ཡུལ་གཏན་འཁེལ་བྱས་པ་ནང་བཞིན།  ནད་པ་མི་གྲངས་809ཙམ་ལ་བརྟག་དཔྱད་བྱས་པའི་མྱོང་ཚོར་བཀོད་པ་ཡིན་ཏེ།  འདིར་ཆེད་དུ་གསལ་བཤད་དགོས་པ་ནི་ཕྱི་གླིང་གི་མི་རྒྱུད་དཀར་པོའི་རིགས་ཀྱི་མིག་གི་གྲོ་མོ་དཀར་པོའམ་དཀར་སྐྱ་ཡིན་པས་ནད་འགྱུར་བྱུང་བའི་གནས་ཡུལ་ཁག་གི་གཟུགས་དབྱིབས་དང་ཁ་དོག་གསལ་པོར་མཐོང་ཐུབ་ལ། རྒྱ་བོད་སོགས་མི་རྒྱུད་སེར་པོའི་རིགས་ཀྱི་མིག་རྡོག་གི་ནང་དུ་མདོག་རྒྱུ(色素)སྟུག་པའི་དབང་གིས་མིག་གི་གྲོ་མོའི་མདོག་ཕལ་ཆེར་ནག་པོ་ཁོ་ན་ཡིན།  དེའི་ཕྱིར་ནག་མདོག་གི་མཐུག་སྲབ་དང་གཟུགས་དབྱིབས་ལ་བརྟག་པ་ཙམ་ལས་ཚོན་མདངས་རི་མོ་གཞན་དག་ཉི་འོད་དང་གློག་འོད་ཀྱི་འོག་ཏུ་ཞིབ་མོར་མ་བརྟག་ན་གསལ་པོ་མཐོང་མི་ཐུབ་པས་ནད་རིགས་ཀྱི་དབྱེ་བ་དང་ལྕི་ཡང་རྟོགས་པར་དཀའ་ཁག་ངེས་ཅན་ཞིག་ཡོད་ལ། མིག་སྔར་ཤེས་རྟོགས་བྱུང་བའི་མིག་གི་གྲོ་མོ་ལས་གསལ་བའི་རྒྱུན་ལྡན་མ་ཡིན་པའི་འགྱུར་ལྡོག་རི་མོ་གཤམ་གསལ་དག་གིས་མཚོན་པ་ཡིན་ནོ། །   
            .ནག་ཐིག(黑点)ཅན་ནི་གྲོ་མོའི་སྟེང་གི་གནས་གང་དང་གང་ནས་ཀྱང་མཐོང་ཐུབ་ལ། དབྱིབས་དང་ཆེ་ཆུང་དང་གཏིང་སྲབ་ལ་ངེས་གཏན་མེད་པས་མི་འདྲ་བ་འབྱུང་སྲིད་དོ། ། དཔེར་ན་སྙིང་གཟེར་དང་སྙིང་གི་སྲིན་བུའི་ནད་སོགས་སྙིང་ནད་རིགས་ལ་གྲོ་མོའི་སྙིང་གི་གནས་ཡུལ་ཏུ་ནག་ཐིག་མཐོང་ཐུབ་པ་དང་།  གྲེ་བའི་གཤེར་རྨེན་ནམ་ལྐོག་རྨེན(扁桃体)ལ་གཉན་ཚད་རྒྱས་དུས་དེ་ཡི་གནས་ཡུལ་དུ་ནག་ཐིག་འབྱུང་ངོ་། ། མཁལ་མ་དང་ལྒང་ཕུག་ཏུ་ནད་འགྱུར་བྱུང་ཚེ་དེ་བཞིན་ནག་ཐིག་འབྱུང་བ་སོགས་ཀྱི་རྟགས་ཡོད་དོ། །   
            .ནག་ཤར(黑线)ཅན་ནི་རི་མོའི་སྦོམ་ཕྲ་དང་སྣ་རིང་ཐུང་མདོག་གི་གཏིང་སྲབ་འདྲ་མིན་འབྱུང་ལ།  
            རྟགས་འདི་ནི་དཔེར་ན་གློ་བའི་སྟོད་གནས་སུ་ཡོད་ན་གློ་ཡུའི་ཚ་ནད་དང་གློ་བུའི་སྨད་གནས་སུ་ཡོད་ན་གློ་བའི་མ་བུ་དག་ལ་གཉན་ཚད་རྒྱས་པའི་རྟགས།  སྒལ་གཞུང་གི་གནས་སུ་ཡོད་ཚེ་སྐལ་ཚིགས་ལ་ནད་ཡོད་པའི་རྟགས།  པུས་མོར་ཚིགས་ནད་ཡོད་པ་ལ་རྐང་པའི་གནས་སུ་ནག་ཤར་ཡོད་དོ། །  
            . ཆ་མི་ཚང་བ(缺损)ཅན་ནི་མིག་གི་གྲོ་མོའི་སྟེང་དུ་ཆ་མི་ཚང་བའི་རི་མོ་མང་པོ་མཐོང་རྒྱུ་ཡོད་ལ་དཔེར་ན་མགོ་བོར་རྨས་སྐྱོན་ཕོག་པ་དང་ཀླད་ཁྲག་ཞན་པ་སོགས་ཀྱི་ནད་པར་རྟགས་འདི་མཐོང་རྒྱུ་མང་ངོ་།   
            .སྐྱ་ཐིག(苍白)ཅན་ནི་ནད་པ་ཁ་ཤས་ལ་གྲོ་མོའི་སྟེང་དུ་དབྱིབས་ཆེ་ཆུང་མི་འདྲ་བའི་སྐྱ་ཐིག་གམ་སྔོ་ཐིག་འབྱུང་སྲིད་ལ།  དེ་ནི་མྱུར་བའི་རང་བཞིན་གྱི་གཉན་ཚད་རྒྱས་པའི་རྟགས་མཚན་ཡིན།  དཔེར་ན་ལྒང་ཕུག་དང་གཅིན་ལམ་ཁུལ་དུ་ཡོད་ན་གནས་དེ་རུ་གཉན་ཚད་རྒྱས་པ་དང་།  གྲོ་མོའི་མཐའ་སྐོར་དུ་མངོན་ན་ལུས་ཀྱི་རྩ་དཀར་དག་ལ་གཉན་ཚད་ཞུགས་ཡོད་པའི་རྟགས་ཡིན་ནོ། །  
             .གཤོང་དོང(窝孔)ཅན་ནི་མིག་གི་གྲོ་མོའི་སྟེང་གི་གནས་གང་རུང་དུ་གཟུགས་དབྱིབས་མི་འདྲ་ཞིང་ཆེ་ཆུང་མི་སྙོམ་པའི་གཤོང་དོང་གི་རྣམ་པ་མཐོང་རྒྱུ་ཡོད་པས།  དེ་ནི་ཕལ་ཆེར་ནང་དོན་སྣོད་དག་ལ་ནད་ཀྱིས་ཡུན་རིང་མནར་བ་དང་།  དལ་བའི་རང་བཞིན་གྱི་ཁྲག་ཉམས་ཞན་དུ་སོང་བའི་ནད་པར་མཐོང་རྒྱུ་མང་ངོ་།།   
            .བསྒྲིལ་བསྡུས་འཁོར་ལོ(卷缩轮)ཅན་ནི་ཐ་མལ་ནད་མེད་ཀྱི་སྐབས་སུ་མིའི་མིག་རྣོའི་ཉེ་འཁོར་དུ་ཡོད་ལ་སྟེང་དུ་ཕྲ་ཞིང་མཉམ་པའི་རི་མོ་གསལ།  ནད་འགྱུར་གྱི་དུས་སུ་རི་མོ་ཇེ་སྦོམ་དུ་འགྲོ་ལ་རྒྱ་ཆེར་བསྐྱེད་ཅིང་།  དབྱིབས་དྲང་སྲོང་མེ་ཏོག་གི་འདབ་མ་དང་མཚུངས་པས་འདི་ལ་མེ་ཏོག་འདབ་མ་རྒྱ་བསྐྱེད་གྱུར་བའང་ཟེར་རོ། །  དེ་ནི་དུག་ལྡན་དངོས་རྫས་ཀྱིས་ཤུགས་རྐྱེན་ཐེབས་པ་དང་། གསུས་ཁོག་གི་གཉན་ཚད།  མཆིན་པའི་ཚ་ནད་དང་ཕོ་རྒྱུའི་ཚད་པ་ལ་རྟགས་འདི་མང་བ་མ་ཟད།  ཕོ་བའི་ཟངས་ཚགས་ཀྱི་གནས་སུ་ཚི་སྣ(纤维)ཇེ་མཐུག་དུ་སོང་བ་དང་ལོང་སྟོད་ལུ་གུའི་མགོ་ཁུལ་དུ་རྨ་རལ་བྱུང་བ་ལའང་མངོན་རྟགས་འདི་ཡོད།   
            .བསྡུས་བསྐུམ་སྒོར་མོའམ་དབང་རྩའི་སྒོར་མོ་ནི་(收缩圈)ནད་པ་ཁ་ཤས་ཀྱི་མིག་གི་གྲོ་མོའི་མཐའ་སྐོར་དུ་ཆ་མི་ཚང་བའི་སྒོར་མོ་དཀར་སྐྱ་ཅན་གཅིག་གཉིས་ཙམ་ཡོད་ལ།  དེ་ནི་གཡང་ལ་ལྷུང་བ་སོགས་ཀྱིས་སར་བརྡབ་ནས་རྨས་སྐྱོན་ཕོག་པ་དང་འཇིགས་སྐྲག་བྱུང་བ།  སེམས་ལས་མང་པོ་བྱས་པ་དག་ལས་བྱུང་བའི་ནད་པར་མངོན་པས་དེ་ལ་དངངས་སྐྲག་སྒོར་མོའང་ཟེར་རོ།།   
            .ཨ་ལོང་དཀར་པོ(白环)ཅན་ནི་ན་སོ་བགྲེས་པོ་དག་གི་གྲོ་མོའི་མཐའ་འཁོར་དུ་མདོག་དཀར་སྐྱའམ་ཐལ་མདོག་ཅན་གྱི་ཨ་ལོང་སྒོར་མོ་མཐོང་རྒྱུ་ཡོད་པས་དེ་ལ་བགྲེས་སོང་ཨ་ལོང་ཡང་ཟེར།  རི་མོ་དེ་གྲོ་མོའི་ཀླད་པའི་གནས་ཡུལ་དུ་ཡོད་ན་དེ་ནི་ཀླད་པར་ཁྲག་གི་མཁོ་སྤྲོད་མི་ལེགས་པའི་ནད་འགྱུར་ཏེ། ཁྲག་ཤེད་མཐོ་བ་དང་ཞན་པ།  འཕར་རྩ་སྲ་འགྱུར་བྱུང་བར་རྟགས་འདི་མངོན་སྲིད་དོ། །  
            གོང་གསལ་འདི་དག་ཆེད་ལས་མཁས་དབང་མི་ཉུང་བ་ཞིག་གིས་དཔྱད་པ་ལྟར་ན་མིག་གི་གྲོ་མོ་ནི་ཕལ་ཆེར་ཁྲག་རྩའི་ཕུང་གྲུབ་ཁོ་ན་ཞིག་ཡིན་ལ།  ཁྲག་རྩ་མང་ཆེ་ཤོས་ཀྱི་རྣམ་པ་འོད་འཕྲོའི་དབྱིབས་སུ་བསྟར་ཡོད་པས་གྲོ་མོའི་ངོས་སུ་འབུར་མ་འོད་འཕྲོའི་དབྱིབས་སུ་བསྒྲིགས་ཡོད་པའི་ཕུང་གྲུབ་དེ་དག་ནི།  དངོས་གནས་གྲོ་མོའི་གཞི་རྒྱུའི་ནང་དུ་སྦས་པའི་ཚུལ་དུ་གནས་པའི་ཁྲག་རྩ་ཡིན་ནོ། ། ཨ་ལོང་སྒོར་མོ་ཆེ་ཆེར་སོང་བ་དང་།  རི་མོ་ཇེ་སྦོམ་དུ་སོང་བ།  ནག་ཤར་ནར་གཟུགས་ཅན་གྱི་རྟགས་མངོན་པ་སོགས་ནི་གྲོ་མོའི་ཁྲག་རྩ་ལ་ནད་འགྱུར་བྱུང་བའི་སྐབས་ཀྱི་ཁྱད་པར་གྱི་རྟགས་མཚན་ཡིན་ལ།  དེ་མིན་མིག་གི་གྲོ་མོའི་སྟེང་དུ་སྨེ་བ་ནག་པོ་སྐྱེས་པ་དང་། འབུར་དོད་བྱུང་བ། འཁུམས་པ།  མདོག་དམར་པོར་གྱུར་བ་དང་ཐ་ན་རལ་རྡོལ་དུ་སོང་བ།  ཁྲག་འཛག་པ་བཅས་ནི་མིག་གི་གྲོ་མོ་ཉིད་ནད་ཅན་དུ་གྱུར་པ་ཡིན་པས་དཔྱད་རྩོམ་འདིའི་ཞིབ་འཇུག་གི་ཁོངས་སུ་མི་གཏོགས་སོ། །  
            ལྔ། བརྟག་དཔྱད་བྱེད་ཐབས། 
            ནད་ཐོག་སྐབས་ཐོག་མར་བརྟག་དཔྱད་བྱེད་མཁན་གྱིས་ལག་སྒྲོན་ཆུང་བ་ཞིག་གྲ་སྒྲིག་བྱས་ཏེ་ནད་པའམ་བརྟག་དཔྱོད་བྱ་ཡུལ་ཉིད་གན་རྐྱལ་དུ་ཉལ་བའམ་ཙོག་པུར་སྡོད་དུ་བཅུག་ནས།  ནད་པའི་མདུན་ཕྱོགས་ནས་ཁ་ཚུར་འཁོར་ཏེ་ལག་པ་གཡོན་པའི་མཐེ་བོང་དང་མཛུབ་མོ་གཉིས་ཀྱིས་མིག་གི་ཡས་མས་ཀྱི་ཤ་ལྤགས་བཀར་ལ་མིག་གིས་ཐད་ཀར་མདུན་ཕྱོགས་སུ་དྲང་པོར་བལྟ་རུ་གཞུག་དགོས། ཡང་ན་ནད་པས་རང་འགུལ་གྱིས་མིག་གདང་ནས་སྨན་པའི་ངོ་གདོང་ལ་བལྟ་དགོས་ཞིང་དེ་དུས་བརྟག་མཁན་གྱིས་གློག་འོད་སོགས་ནད་པའི་འགྲམ་ཟུར་ནས་མིག་ནང་དུ་རྒྱག་པར་བཅུག་སྟེ་བརྟག་རྒྱུ་དང་། ཡང་ན་དེང་རབས་ཀྱི་སྨན་ཆས་ཡོ་བྱད་གསར་པ་ལས་དབང་པོ་ལྔར་བརྟག་དཔྱད་ཀྱི་ཡོ་ཆས་ཆ་ཚང་ཞིག་ཡོད་པའི་ནང་དུ་མིག་ལ་ཆེད་དུ་བརྟག་དཔྱད་ཀྱི་མེ་ལོང(眼底观查镜)དེ་བཀོལ་ནས་བརྟག་ན་ཧ་ཅང་གསལ་པོར་མཐོང་ཐུབ་པས་ན། མིག་གི་གྲོ་མོའི་གནས་ཡུལ་གྱི་འགྱུར་ལྡོག་ལ་བརྟག་དཔྱད་ཞིབ་མོ་བྱས་ནས་ཟིན་ཐོར་འགོད་རྒྱུའོ། །
            དྲུག མིག་གི་གྲོ་མོའི་བརྟག་ཐབས་རི་མོའི་གཟུགས་སུ་བཀོད་པ།


            བདུན།  བརྟག་ཡུལ་མ་ལག་ལྟར་རེའུ་མིག་ཏུ་བཀོད་པ།  
            ནད་བརྟག་རིག་པ་འདི་གཙོ་བོ་Jen   sen ལགས་ཀྱི་མིག་གི་གྲོ་མོའི་བརྟག་ཚུལ་གཞིར་བཟུང་ནས་ང་ཚོས་ལོ་གསུམ་ལྷག་གི་རིང་ལ་མཐོ་སྒང་གི་བོད་རིགས་མི་གྲངས་760དང་། རྒྱ་རིགས་དང་ཧུད་རིགས་ཀྱི་ནད་པ་ 46  དེ་མིན་ཕྱི་གླིང་གི་མི་རྒྱུད་དཀར་པོའི་རིགས་མི་3བཅས་བསྡོམས་པས་མི་གྲངས་809ལ་བརྟག་དཔྱད་དངོས་སུ་བྱས་པ་ཡིན་ལ། འདིའི་ནང་ཕོ་390དང་མོ་419ཡོད།  འདིར་དེང་རབས་ཕྱི་ལུགས་གསོ་རིག་གི་ལུས་ཁམས་ཀྱི་མ་ལག་གི་དབྱེ་སྟངས་ལྟར་འཇུ་བྱེད་མ་ལག་དང་།  འབྱིན་རྔུབ་མ་ལག  འཁོར་རྒྱུག་མ་ལག    གཅིན་ལམ་མ་ལག  སྐྱེ་འཕེལ་མ་ལག  ཚོར་བྱེད་དབང་བོའི་མ་ལག་གི་ནད་པ་དང་།  དེ་མིན་བརྡབ་ཆག་ལས་བྱུང་བའི་ནད་པ་བཅས་ཀྱི་རྣམ་གྲངས་ཞིབ་དཔྱོད་བྱས་པའི་བསྡོམས་རྩིས་རེའུ་མིག་ཏུ་བཀོད་པ་གཤམ་གསལ་ལྟར་རོ། །  


གསུམ་པ། ཞིབ་འཇུག་གི་དཔྱད་འབྲས་དང་བསམ་འཆར།  
            1.བརྟག་དཔྱད་བྱས་པའི་མྱོང་ཚོར་ལྟར་ན།  མིག་གི་གྲོ་མོར་བལྟས་ནས་ལུས་ཀྱི་ནད་འགྱུར་ལ་བརྟག་པའི་རིག་པ་འདི་ནད་པ་ཕལ་མོ་ཆེ་ལ་གཞིགས་ན་རྟགས་དང་ནད་གཞི་གཉིས་མཚུངས་པས་ཡང་དག་པའི་རིག་ལམ་ཞིག་ཡིན་པར་སྙམ་ལ།  འོན་ཀྱང་ཁ་ཤས་ཤིག་ནད་འགྱུར་གྱི་ཕྱི་ཚུལ་གཅིག་ནའང་ཕན་ཚུན་བསྡུར་ནས་དཔྱད་ཚེ་མིག་གི་གྲོ་མོར་མངོན་པའི་རྟགས་མཚན་མི་མཚུངས་པ་དང་།  ཡང་ཁ་ཤས་དེ་ལས་ལྡོག་སྟེ།  ལུས་ཀྱི་གནས་གཅིག་ལ་ནད་ཐ་དད་ཅིག་བྱུང་ཡོད་ཀྱང་མིག་གི་གྲོ་མོར་མངོན་པའི་རྟགས་མཚན་གཅིག་མཚུངས་སུ་མངོན་པ་ཉུང་ཤས་རེ་འབྱུང་སྲིད་དོ།།  
            2.ལུས་ལ་རང་བཞིན་གནས་པ་ཁོང་གི་ཉེས་པས་ཡུན་རིང་མནར་བའི་རིགས་དང་ཕྱི་རྐྱེན་ལས་བྱུང་གློ་བུར་ནད་ཀྱིས་གཙེས་ནས་ཕྱི་ཤ་ལྤགས་དང་ནང་དོན་སྣོད་ལ་ཕོག་ཐུག་བཏང་བའི་རིགས་གཉིས་ལ་མིག་གི་གྲོ་མོར་རྟགས་མཚན་གསལ་ཞན་ཁྱད་པར་ཅུང་ཡོད།  
            3.ནད་གཞི་སོ་སོ་བའི་རྒྱུ་རྐྱེན་ངོ་བོ་དག་མི་འདྲ་བའི་དབང་གིས་ནད་རྟགས་མིག་ནང་དུ་གསལ་པོར་མངོན་པའི་དུས་ཡུན་རིང་ཐུང་ཡང་མི་མཚུངས།  དཔེར་ན་གློ་ཚད་དང་མཆིན་ཚད།  རྒྱུ་ཚད་བྱུང་ནས་སྨན་བཅོས་བརྒྱུད་ནད་གཞི་སང་དྲག་སོང་རྗེས་མིག་ནང་གི་མཚོན་རྟགས་ཀྱང་མི་འགྱངས་པར་མེད་པར་འགྲོ་ཞིང་། གཞན་རྨས་སྐྱོན་ཕོག་པ་དང་དངངས་སྐྲག་བྱུང་བ། བརྡབ་ཆག་ཤོར་བའི་ནད་པའི་མིག་ཏུ་མངོན་པའི་རྟགས་མཚན་ནི་ནད་རྟགས་ཡལ་བར་གྱུར་ནའང་མིག་ནང་གི་རྟགས་མཚན་དེ་ཉིད་ཡུང་རིང་པོར་མེད་མི་ཐུབ་པ་དང་ཡང་ན་ཚེ་གང་བོར་ཡལ་རྒྱུ་མེད་པའང་ཡོད་པར་སྣང་།  
            4.ལུས་ཀྱི་གནས་སམ་གྲུབ་ཆ་ག་གེ་མོ་ཞིག་ལ་ནད་འགྱུར་ཡོད་ན་ནད་པ་དེའི་མིག་གི་གྲོ་མོའི་སྟེང་དུ་ནད་ཀྱི་མཚོན་རྟགས་གསལ་པོར་མཐོང་ཐུབ་ནའང་ནད་དེའི་ངོ་བོ་དང་དབྱེ་བ་སོགས་སོ་སོའི་ཆ་ནས་ར་སྤྲོད་བྱེད་ཐུབ་དཀའ་བས་བལྟ་རེག་དྲི་བར་བསྟེན་ནས་བརྟག་དགོས་སོ།  
            5.སྲོལ་རྒྱུན་གྱི་བརྟག་ཐབས་ཏེ་མིག་སྤྲིན་གྱི་ཁ་དོག་ལ་བལྟ་བ་དང་མིག་སྤྲིན་སྟེང་གི་རྩ་རིས་ལ་བརྟག་པ།  མིག་གི་རྒྱལ་མོའི་ཆེ་ཆུང་ལ་དཔྱད་པ་དང་དེང་རབས་ཀྱི་མིག་གི་གྲོ་མོའི་འགྱུར་ལྡོག་ལ་བལྟས་ནས་བརྟག་དཔྱད་བྱེད་པའི་ཐབས་འདི་གཉིས་ཟུང་འབྲེལ་བྱས་ན་ནད་ཐོག་ཐད་གཞོགས་འདེགས་ཀྱི་ནུས་པ་གང་ལེགས་ཤིག་ཐོན་ཐུབ་པར་སེམས།  
            6.མིག་གི་གྲོ་མོར་བལྟས་ནས་ནད་འགྱུར་ལ་དཔྱད་པའི་རིག་པ་འདི་ནད་ཐོག་ལག་ལེན་སྐབས་80%ཡས་མས་ཡང་དག་པར་མངོན་ནའང་།   20%ཙམ་ལ་ནད་རྟགས་མི་མངོན་པ་དང་།   ནད་དང་རྟགས་ལོག་པར་འབྱུང་བ་ལྟར་སྣང་བའང་སྲིད་པས་བརྟག་ཐབས་གཞན་དག་དང་འབྲེལ་ནས་ཞིབ་བསྡུར་བྱས་ན་ལེགས་སྙམ།  
དཔྱད་གཞིའི་ཡིག་ཆ་གཙོ་བོ།  
            《དཔལ་ལྡན་རྒྱུད་བཞི།》 གཡུ་ཐོག་ཡོན་ཏན་མགོན་པོ།  
            《སྨན་བསྡུས་ཨེ》 ཀརྨ་ངེས་ལེགས་བསྟན་འཛིན་འཕྲིན་ལས་རབ་རྒྱས།  
            《སྨན་དཔྱད་ཟླ་བའི་རྒྱལ་པོ》  མཁས་མང་བགྲོས་པའི་བརྩམ་ཆོས། 
            《གཡུ་ཐོག་ཆ་ལག་བཅོ་བརྒྱད》  གཡུ་ཐོག་གསར་མ་ཡོན་ཏན་མགོན་པོ།   
            《མན་ངག་བྱེ་བ་རིང་བསྲེལ》  ཟུར་མཁར་མཉམ་ཉིད་རྡོ་རྗེ།  《གསོ་རིག་མྱོང་བྱང་ཕན་བདེའི་སྙེ་མ》  ཁམས་གཙང་འབྲུག་རྒྱལ།   
            《གཡུ་ཐོག་དགོངས་རྒྱན》 གོ་འཇོ་དབང་འདུས།   
            《རྒྱུད་བཞིའི་རྣམ་བཤད》 སྐྱེམས་པ་ཚེ་དབང་།  
            《མི་ཏྲ་ཛོ་ཀིའི་ལག་ལེན་ཟབ་བསྡུས》 མི་ཏྲ་ཛོ་ཀི།   
            《རོ་བཀྲ་དོན་གསལ་མེ་ལོང》 གཡང་དགའ།   
            《Jen  sen ཀྱི་མིག་བརྟག་རིག་པ》 ཨ་རིའི་Jen  sen   《མིག་གི་འཇའ་སྐྱིའི་བརྟག་ཐབས་ཆེད་རྩོམ》  དབྱང་ཝུན་ཧི།  
            འཇམ་དབྱངས་རྒྱ་མཚོ། མཚོ་སྔོན་ཞིང་ཆེན་མགོ་ལོག་ཁུལ་བོད་ལུགས་སྨན་ཁང་གི་ཡིན་ལ། ད་ལྟ་བོད་ལྗོངས་གསོ་རིག་སློབ་གླིང་གི་བོད་སྨན་རབ་འབྱམས་ཞིབ་འཇུག་འཛིན་གྲྭར་སློབ་སྦྱོང་བྱེད་བཞིན་ཡོད།  
            པདྨ་ཚེ་རིང་། ད་ལྟ་མགོ་ལོག་ཁུལ་བོད་ལུགས་སྨན་ཁང་གི་རབ་འབྱམས་སྨན་པ་ཡིན།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1