2018ལོའི་ཟླ་12པའི་ཚེས་6ནས་7བར། ལྷོ་ནུབ་མི་རིགས་སློབ་ཆེན་གྱི་གླིང་གཙོ་གཞོན་པ་ཡེ་ཤེས་དོན་འགྲུབ་སོགས་ཀྱིས་ཀྲུང་དབྱང་མི་རིགས་སློབ་ཆེན་གྱི་བོད་རིག་པའི་ཞིབ་འཇུག་གླིང་དང་། མི་རིགས་རིག་པ་དང་སྤྱི་ཚོགས་རིག་པའི་སློབ་གླིང་དུ་བརྟག་དཔྱད་དང་བསམ་ཚུལ་བརྗེ་རེས་བྱས་པ་མ་ཟད། ཀྲུང་གོའི་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་དང་མི་རིགས་རིག་པའི་ཆེད་ལས་ཀྱི་གསོ་སྐྱོང་འཆར་གཞི། དེ་བཞིན་དུ་གཞུང་ཚན་དང་ཚོད་ལྟ་ཁང་འཛུགས་བསྐྲུན་བཅས་ཀྱི་ཐད་བཞུགས་མོལ་ཚོགས་འདུ་ཐེངས་གསུམ་ལ་འཚོགས།
ཀྲུང་དབྱང་མི་རིགས་སློབ་ཆེན་ནི་མི་རིགས་སློབ་ཆེན་ནང་ནས་985དང་211ལས་གཞི་དང་བསྟུན་ནས་བཙུགས་པའི་སློབ་ཆེན་གཅིག་པུ་དེ་ཡིན། བོད་རིག་པའི་ཞིབ་འཇུག་གླིང་ནི་དངོས་གཞི་སློབ་གསོ་གཙོ་བོ་དང་། འཕེལ་རྒྱས་ཀྱི་ཁ་ཕྱོགས་འབུམ་རམས་པ་དང་རབ་འབྱམས་པའི་སློབ་མ་གསོ་སྐྱོང་བྱ་རྒྱུ་བྱས་ཤིང་རིམ་པ་དང་ཁ་ཕྱོགས་མང་བའི་བོད་རིག་པའི་མཐོ་རིམ་མི་སྣ་གསོ་སྐྱོང་བྱ་སའི་རྟེན་གཞི་དང་བོད་རིག་པའི་ཞིབ་འཇུག་བྱ་སའི་རྟེན་གཞི་རེད།
མི་རིགས་དང་སྤྱི་ཚོགས་རིག་པའི་སློབ་གླིང་ནང་གི་མི་རིགས་རིག་པ་ནི་རྒྱལ་ཁབ་ཀྱི་གལ་ཆེའི་གཞུང་ཚན་ཡིན་ལ། དངོས་གཞི་ནས་འབུམ་རམས་པ་དང་རབ་འབྱམས་པ། རབ་འབྱམས་པའི་རྗེས་ཀྱི་ཞིབ་འཇུག་པའི་ཆེད་ལས་མི་སྣ་གསོ་སྐྱོང་བྱ་སའི་མ་ལག་ཆ་ཚང་བཙུགས་ཡོད་པ་རེད།
ཟླ་12པའི་ཚེས་6ཉིན་གྱི་སྔ་དྲོའི་དུས་ཚོད་བཅུ་བའི་ཐོག རང་རེའི་སློབ་གླིང་གི་གླིང་གཞོན་ཡེ་ཤེས་དོན་འགྲུབ་དང་སྐད་བརྡ་དང་ལོ་ཙཱའི་སློབ་དཔྱད་ཁང་གི་འགན་འཛིན་བྱམས་པ་བློ་བཟང་། རིག་གནས་ཐོན་ལས་དོ་དམ་སློབ་དཔྱད་ཁང་གི་འགན་འཛིན་ཚེ་རིང་འགྱུར་མེད། མི་རིགས་རིག་པའི་སློབ་དཔྱད་ཁང་གི་ན་གཞོན་དགེ་རྒན་གསེར་བཟང་མཚོ་བཅས་ཀྲུང་དབྱང་མི་རིགས་སློབ་ཆེན་གྱི་བོད་རིག་པའི་ཞིབ་འཇུག་གླིང་གི་ཚོགས་ཁང་དུ་བཞུགས་མོལ་ཚོགས་འདུ་ལ་ཞུགས། གླིང་གཙོ་ཚེ་རིང་རྣམ་རྒྱལ་གྱིས་གཙོ་སྐྱོང་བྱས་ཤིང་བོད་རིག་པའི་ཞིབ་འཇུག་གླིང་གི་དགེ་བཟོ་ཏང་ཀྲུ་པུའུ་ཧྲུའུ་ཅི་གཡང་སྒྲོན། ལོ་ཙཱའི་སློབ་དཔྱད་ཁང་གི་འགན་འཛིན་རྣམ་རྒྱལ་ཚེ་བརྟན། ན་གཞོན་དགེ་རྒན་དཀོན་མཆོག་ཚེ་རིང་དང་། ཟླ་བ་སྒྲོལ་མ། བློ་བཟང་ཚེ་རིང་བཅས་བཞུགས་མོལ་ཚོགས་འདུ་ལ་ཞུགས། ཚོགས་འདུའི་ཐོག་ཕྱོགས་གཉིས་ཀྱི་དགེ་རྒན་དང་། ཁྲིད་ཚན། སློབ་དེབ་ཀྱི་ཐོན་ཁུངས་མཉམ་སྤྱོད་དང་འཛུགས་སྐྲུན་བྱ་རྒྱུའི་ཐད་བསམ་ཚུལ་གཅིག་མཚུངས་ཡིན་པ་མ་ཟད། སླད་དུའང་བསམ་ཚུལ་བརྗེ་རེས་དང་མཉམ་ལས་ཀྱི་གོ་སྐབས་མང་པོ་ཡོད་རྒྱུའི་རེ་བ་བཏོན།
ཚེས་7ཉིན་གྱི་སྔ་དྲོའི་དུས་ཚོད་བཅུ་བའི་ཐོག རང་རེའི་སློབ་གླིང་གི་དགེ་རྒན་དང་མི་རིགས་སྤྱི་ཚོགས་རིག་པའི་སློབ་གླིང་གི་མི་རིགས་རིག་པའི་ཆེད་ལས་དགེ་རྒན་དང་མཉམ་དུ་བོད་རིག་པའི་ཞིབ་འཇུག་གླིང་གི་ཚོགས་ཁང་དུ་བཞུགས་མོལ་ཚོགས་འདུ་ཚོགས། སྔོན་མི་རིགས་སྤྱི་ཚོགས་སློབ་གླིང་གི་གླིང་གཙོ་གཞོན་པ་ཚེ་རིང་རྣམ་རྒྱལ་གྱིས་ཚོགས་འདུ་གཙོ་སྐྱོང་བྱས་ཤིང་། མི་རིགས་རིག་པའི་སྡེ་ཁག་གི་འགན་འཛིན་ཆི་ཅིང་ཡུང་དང་། འཛམ་གླིང་མི་རིགས་ཞིབ་འཇུག་སློབ་དཔྱད་ཁང་གི་འགན་འཛིན་དབྱང་ཆིང་ཆིང་། བྲག་རིས་ཞིབ་འཇུག་ལྟེ་གནས་ཀྱི་ཀྲང་ཅ་ཞིང་བཅས་ཚོགས་འདུ་ལ་ཞུགས། བཞུགས་ཚོགས་ཐོག་ཕྱོགས་གཉིས་ཀྱིས་མི་རིགས་རིག་པའི་ཆེད་ལས་ཀྱི་ཁྲིད་ཚན་དངོས་སྦྱང་དང་དངོས་གཞི་མཐར་ཕྱིན་སློབ་མའི་དངོས་སྦྱོང་གི་གནད་དོན་ཐད་བསམ་ཚུལ་བརྗེ་རེས་བྱས།
ཟླ་12ཚེས་7ཉིན་གྱི་ཕྱི་དྲོའི་དུས་ཚོད་3པའི་ཐོག མི་རིགས་རིག་པའི་སྡེ་ཁག་གི་དགེ་རྒན་ཀྲུང་ཅིན་ཅང་གིས་མཚམས་སྦྱོར་བྱས་ཏེ་ཁོང་ཚོའི་སྡེ་ཁག་གི་གློག་བརྙན་མི་རིགས་རིག་པའི་ཚོད་ལྟ་ཁང་ལ་ལྟ་སྐོར་བྱས་པ་མ་ཟད། ཚོད་ལྟ་ཁང་གི་འཛུགས་བསྐྲུན་དང་བདག་གཅེས་སོགས་ཀྱི་ཐད་བསམ་ཚུལ་བརྗེ་རེས་བྱས།
དགེ་རྒན་ཡེ་ཤེས་སོགས་ཀྱིས་ད་དུང་ཀྲུང་དབྱང་མི་རིགས་སློབ་ཆེན་དུ་སློབ་སྦྱོང་བྱེད་བཞིན་པའི་རང་རེའི་སློབ་གླིང་གི་མཐར་ཕྱིན་སློབ་མ་དང་ཐུག་འཕྲད་བྱས་ཏེ་མཐར་ཕྱིན་སློབ་མའི་སློབ་སྦྱང་དང་མ་ཡུམ་སློབ་གྲྭའི་མ་འོངས་འཕེལ་ཕྱོགས་ཐད་བསམ་ཚུལ་རྒྱུས་ལེན་བྱས་ཤིང་། བཞུགས་མོལ་ཚོགས་འདུ་མཇུག་འགྲིལ་རྗེས་རྟོག་དཔྱད་ཚོགས་པས་ད་དུང་བརྟག་དཔྱད་ཕྱོགས་སྡོམ་བྱས།
ཐེངས་འདིའི་བརྟག་དཔྱད་ཀྱིས་རང་རེའི་སློབ་གླིང་དང་ཀྲུང་དབྱང་མི་རིགས་སློབ་ཆེན་གྱི་བོད་རིག་པའི་ཞིབ་འཇུག་གླིང་། དེ་བཞིན་དུ་སྤྱི་ཚོགས་རིག་པའི་སློབ་གླིང་གི་འབྲེལ་ལམ་ཇེ་ཟབ་ཏུ་བཏང་བ་མ་ཟད། རང་རེའི་སློབ་གླིང་གི་གཞུང་ཚན་འཛུགས་བསྐྲུན་དང་། ཆེད་ལས་འཛུགས་བསྐྲུན། དེ་བཞིན་དུ་དངོས་གཞིའི་སློབ་ཁྲིད་ལས་ཀའི་ཐད་ཉམས་མྱོང་མང་དུ་བསགས། །
(བརྟག་དཔྱད་ཚོ་ཆུང་ནས་བྲིས།)