---འཛམ་ཐང་རྫོང་ཇོ་ནང་ཐང་ག་བརྒྱུད་སྦྱོང་ཁང་གི་གནས་ཚུལ་བཀོད་པ།
ལམ་བར་གྱི་ཡིད་འཕྲོག
སྟོན་ཟླ་འདིར། རོང་འབྲོག་དང་ལས་ཁུངས་གང་ཡིན་རུང་། རང་ལས་ལ་འབྲས་བཟང་གཡུར་དུ་སྨིན་པའི་སྒང་ཡིན་པས། ངེད་རྔ་བའི་ཁ་པར་གསར་འགྱུར་བསྒྲུབས་ནས་ལོ་ངོ་དྲུག་ལྷག་འགོར་བའི་ལས་འབྲས་ལ་མང་ཚོགས་ཀྱིས་ཇི་ལྟར་གདེང་འཇོག་བྱེད་པར་འདྲི་རྩད་དུ་འགྲོ་བའི་ལམ་བར་དུ། འཛམ་ཐང་རྫོང་འཛམ་ཐང་བར་མ་ཡུལ་ཚོའི་གྲོང་བར་དུ་ཐོན་པ་ན། བརྗིད་ཆགས་སེར་འགྱིང་བའི་ཤེལ་ཁང་ཆེན་མོ་ཞིག་གིས་མིག་གི་དབང་བོ་ཅིག་ཅར་དུ་འཕྲོག་པས། རླངས་འཁོར་གྱི་ཁ་ལོ་དེའི་ཕྱོགས་སུ་མི་བསྒྱུར་ཀ་མེད་དུ་གྱུར། ཤེལ་ཁང་ཆེན་མོའི་སྒོ་འགྲམ་དུ་ཐོན་དུས། ཇོ་ནང་ཐང་ག་བརྒྱུད་སྦྱོང་ཁང་ཞེས་པའི་སྒོ་བྱང་ཆུང་ཆུང་ཞིག་བྲིས་འདུག་ལ། ལུས་ལ་གྲྭ་གོས་བསྣམས་ཤིང་བབ་ཆགས་པའི་གྲྭ་བ་རྒན་པ་ཞིག་གིས་ང་ཚོར་སྣེ་ལེན་བྱས།
ནང་དུ་འཛུལ་བ་ན། ལོ་ན་ཉི་ཤུ་ཡས་མས་ཀྱི་གསར་བུ་གསར་མོ་མང་བོས་བློ་རྩེ་་གཅིག་ཏུ་བསྒྲིམས་ནས་ཐང་ག་རེ་རེ་འབྲི་བཞིན་འདུག་ལ། ང་ཚོས་གྲྭ་བ་རྒན་པ་དེར་འདྲི་གླེང་དང་ཁོ་ཚོ་བརྙན་དུ་ཕབ་ཀྱང་ལྷ་རིས་པ་དག་གིས་ཅི་ཡང་མ་གོ་ལ་ཅི་ཡང་མ་ཚོར་བ་ལྟར་མིག་ཟུར་ཙམ་གྱིས་མི་བལྟ་ལ་སྐད་ཆ་གཅིག་ཙམ་ཡང་མི་བྱེད་པར་སྨྱུག་ཁ་ལྷོད་ཀྱིས་བསྒྱུར་བཞིན་འདུག ཁོ་ར་ཁོར་ཡུག་ལྷིང་ཞིང་འཇགས་པས་ང་ཚོས་ཀྱང་སྐད་མགོ་ཇེ་དམའ་དང་གོམ་ཁ་ལྷོད་ཀྱིས་སྤོས་པ་ཡིན།
ཛམ་བྷ་ལའི་ཇོ་ནང་རིག་གནས་སྒྱུ་རྩལ་ལྟེ་གནས།
ཡུན་གྱིས་ཁ་བརྡ་བྱས་པ་ན་གྲྭ་བ་རྒན་པ་དེ་ཡི་མིང་ལ་ལུང་རིགས་ཟེར་ལ། ཁོས་ཇོ་ནང་ཐང་ག་བརྒྱུད་སྦྱོང་ཁང་འདིའི་འགན་གཙོ་བོ་འཁུར་ཡོད། ཁོས་ངོ་སྤྲད་པ་ལྟར་ན། ཀྲུང་གོ་མི་དམངས་སློབ་གྲྭ་ཆེན་མོའི་རྒྱ་བོད་ནང་བསྟན་ཞིབ་འཇུག་ལྟེ་གནས་ཀྱི་རིག་གཞུང་བློ་འདྲི་དང་ཀྲུང་གོའི་དངོས་མིན་ཤུལ་བཞག་རིག་གནས་ཀྱི་རྒྱུད་འཛིན་པ། འཛམ་ཐང་རྫོང་གཙང་བ་དགོན་པའི་དགོན་བདག་དང་ཛམ་བྷ་ལའི་ཇོ་ནང་རིག་གནས་སྒྱུ་རྩལ་ལྟེ་གནས་གསར་འཛུགས་གནང་མཁན་སྤྲུལ་སྐུ་འཇམ་དབྱངས་བློ་གྲོས་ཚང་གི་ཐུགས་བཀོད་ལྟར། 2009ལོའི་ཟླ་4བ་ནས་ཛམ་བྷ་ལའི་ཇོ་ནང་རིག་གནས་སྒྱུ་རྩལ་ལྟེ་གནས་དེ་གསར་དུ་བཙུགས་པ་ཡིན། ད་ལྟ་ཛམ་བྷ་ལའི་ཇོ་ནང་རིག་གནས་སྒྱུ་རྩལ་ལྟེ་གནས་ལ་ཆེད་ལས་12ཙམ་ཡོད། མིག་སྔར་མདོ་དབུས་ཁམས་གསུམ་ནས་ཐོན་པའི་སློབ་མ་470ལྷག་ཙམ་གྱིས་ཐང་ག་འབྲི་བ་དང་སྤོས་བཟོ། གོས་བཟོ་དང་རས་ཚོན་རྒྱག་པ། གེ་སར་འཁྲབ་སྟོན་དང་སྲོལ་རྒྱུན་རོལ་མོ་སྦྱོང་བཞིན་ཡོད། གཞན་ཁྲེང་ཏུའུ་རུ་སློབ་མ་ཁ་ཤས་མངགས་ནས་ཤིང་བརྐོ་དང་མགར། བླུགས་དང་འབག་བཟོ་སོགས་སྦྱོང་བཞིན་ཡོད། ཧྲང་ཧའེ་རུ་སློབ་མ་ཁ་ཤས་མངགས་ནས་རྫ་ཆས་ལས་སྣོན་སོགས་སྦྱོང་བཞིན་ཡོད། སྒྱུ་རྩལ་ལྟེ་གནས་འདིའི་འགྲོ་གྲོན་ཚང་མ་སྤྲུལ་སྐུ་འཇམ་དབྱངས་བློ་གྲོས་ལགས་ཀྱིས་འགན་འཁུར་ཡོད་དེ། ཆེ་ས་ནས་སློབ་གྲྭའི་འཛུགས་སྐྲུན་དང་དགེ་རྒན་གྱི་ཟླ་ཕོགས། སློབ་མ་ཚོའི་ཟས་གོས་གནས་མལ། ཆུང་ས་ནས་སློབ་མའི་འབྲི་དེབ་དང་སྨྱུ་གུ། ཆུ་རིན་གློག་རིན་སོགས་མ་ལུས་པར་སྟེར་བ་རེད། ཇོ་ནང་ཐང་ག་བརྒྱུད་སྦྱོང་ཁང་ནི་ཛམ་བྷ་ལའི་ཇོ་ནང་རིག་གནས་སྒྱུ་རྩལ་ལྟེ་གནས་ཀྱི་ཚན་ཁག་ཅིག་ཡིན།
ཇོ་ནང་ཐང་ག་བརྒྱུད་སྦྱོང་ཁང་།
རྒྱུས་ལོན་པ་ལྟར་ན། ཇོ་ནང་ཐང་ག་བརྒྱུད་སྦྱོང་ཁང་ནི་ཛམ་བྷ་ལའི་ཇོ་ནང་རིག་གནས་སྒྱུ་རྩལ་ལྟེ་གནས་གླིང་གི་སྐར་མ་འོད་ཆེན་ཞིག་ཡིན་ལ། ཞིང་ཆེན་རིག་གནས་ཐིང་གིས་བརྒྱུད་སྦྱོང་ཁང་ཞེས་པའི་སྒོ་བྱང་བཀལ་བ་ནས། འཛམ་ཐང་བར་མ་ཡུལ་ཚོར་ཇོ་ནང་ཐང་ག་བརྒྱུད་སྦྱོང་ཁང་དངོས་སུ་བཙུགས་པ་ཡིན་ལ། ད་ལྟ་ཇོ་ནང་ཐང་ག་བརྒྱུད་སྦྱོང་ཁང་དུ་དགེ་རྒན་18དང་། སྤྱི་ཚོགས་ཁྲོད་ནས་ལོ་ན་15ནས་30བར་གྱི་ན་གཞོན་སློབ་མ་ཉིས་བརྒྱ་ཙམ་བསྡུས་ཡོད། ཐང་ག་བརྒྱུད་སྦྱོང་ཁང་དུ་གཙོ་བོ་ཐང་ག་བཞེངས་མཁན་དང་། རས་ཐང་ལག་རྩལ། ཚེམ་བཟོའི་བརྒྱན་ལུགས། འདྲ་འབག་བཞེངས་སྐྲུན་བཅས་ནང་གསེས་ཀྱི་ཆེད་ལས་བཞི་ཡོད་པ་ལས་རང་གིས་འདོད་མོས་ལྟར་སྦྱང་ཆོག སྦྱོང་ཡུན་ཡང་སྔོན་ཆད་ཀྱི་ལོ་དྲུག་ནས་ད་ལྟར་ལོ་བརྒྱད་ལ་ཇེ་རིང་དུ་བཏང་ཡོད།
ཇོ་ནང་ཐང་ག་བརྒྱུད་སྦྱོང་ཁང་གིས་ཇོ་ནང་ཐང་ག་འབྲི་ལུགས་ལ་བོད་ཐང་འབྲི་ལུགས་ཀྱི་དམིགས་བསལ་ཁྱད་ཆོས་ལྡན་པ་དང་རིག་གནས་ཀྱི་མཚོན་དོན་ཡང་ཟབ་མོ་ཡོད་པར་དམིགས་ནས། ལོ་རྒྱུས་ཡུན་རིང་ལྡན་པའི་ཇོ་ནང་པའི་ཐང་ག་འབྲི་ལུགས་རྒྱུན་བསྐྱངས་ནས་བྲིས་པས་ཐུན་མིན་སྒྱུ་རྩལ་གྱི་ཁྱད་ཆོས་འབུར་དུ་དོད་ཡོད། དེར་བརྟེན། སྔ་རྗེས་སུ་པེ་ཅིང་རྒྱལ་སྤྱིའི་རིག་གནས་ལྟེ་གནས་དང་། ཧྲང་ཧའེ་མཛེས་རྩལ་ཁང་། པོ་ཨའོ་ཨེ་ཤེ་ཡའི་གླེང་སྟེགས་སོགས་སུ་ཐང་ག་གཟབ་རྒྱས་ངང་འགྲེམ་སྟོན་བྱས་པར་མ་ཟད། ཉེ་བའི་ལོ་ཤས་རིང་། དཔལ་ཇོ་ནང་པའི་ལྟ་གྲུབ་དང་ཐང་གའི་སྒྱུ་རྩལ་ལ་རྒྱལ་ཁབ་ཀྱི་རིམ་པ་སོ་སོའི་རིག་གནས་ལས་ཁུངས་ཀྱིས་མཐོང་ཆེན་བྱས་ཏེ། རྒྱལ་ཁབ་ཀྱི་དངོས་མིན་ཤུལ་བཞག་རིག་གནས་ཀྱི་ཁོངས་སུ་བཞག་ཡོད།
དགེ་སློབ་ཀྱི་འཚོ་བ་དང་མདུན་ལམ།
རྒྱུས་ལོན་པ་ལྟར་ན། ཇོ་ནང་ཐང་ག་བརྒྱུད་སྦྱོང་ཁང་གིས་དགེ་རྒན་དང་སློབ་མ་དག་གི་ཉིན་རྒྱུན་གྱི་འཚོ་བ་འགན་ལེན་པར་མ་ཟད། དགེ་རྒན་ལ་ཟླ་ཕོགས་དང་སློབ་མར་འཚོ་བའི་གསབ་དངུལ་སྟེར་བཞིན་ཡོད་དེ། གདན་ཞུས་ཆེད་མཁས་དགེ་རྒན་ལ་ཟླ་རེར་སྒོར་12000དང་ལྷ་བཟོའི་དགེ་རྒན་ལ་ཟླ་རེར་སྒོར་9000། སུམ་རྟགས་དག་གསུམ་གྱི་དགེ་རྒན་ལ་ཟླ་རེར་སྒོར་6000་དང་ཇ་མ་ཚོར་ཟླ་རེར་སྒོར4250བཅས་ཀྱི་ཟླ་ཕོགས་ཡོད། སློབ་མ་ཚོར་འཚོ་བའི་གསབ་དངུལ་ལ་ཟླ་རེར་སྒོར་300ཡོད་པར་མ་ཟད། སློབ་མ་རང་གི་བྲིས་པའི་ཐང་ག་བཙོང་ན་རིན་གོང་གི་བརྒྱ་ཆ་30སློབ་མ་རང་ཉིད་ལ་དབང་བ་རེད། དེ་མིན་མཐར་ཕྱིན་རན་པའི་སློབ་མ་ཚོ་རང་འཐད་རང་མོས་ཡིན་ན་མུ་མཐུད་དུ་བརྒྱུད་སྦྱོང་ཁང་འདི་ནས་དགེ་རྒན་བྱེད་ཆོག་པས་ལས་ཞུགས་ལ་དཀའ་ངལ་མེད་པར་མ་ཟད། ཟླ་རེར་ཟླ་ཕོགས་ལ་སྒོར་3000ཡོད། ཡང་མིན་ན་སྤྱི་ཚོགས་སུ་ཞུགས་ནས་རང་ལམ་རང་གིས་འཚོལ་ཆོག་པས། མཐར་ཕྱིན་སློབ་མ་དག་གི་ལས་ཞུགས་ལ་འགན་ལེན་ཡོད་པར་མ་ཟད་རང་དབང་ཡང་ཆེ་བ་རེད།
སློབ་མའི་སྙིང་གཏམ།
ཕ་ཡུལ་འཛམ་ཐང་བར་མ་ནས་ཐོན་པའི་ད་ལོའི་མཐར་ཕྱིན་སློབ་མ་པོ་ཆུང་གིས་རང་གིས་ཐང་ག་བརྒྱུད་སྦྱོང་ཁང་འདི་ནས་ལོ་8ལ་སྦྱངས་བ་ཡིན། ད་ལོར་སློབ་མཐར་ཕྱིན་རན་ཡོད། ངེད་འཛིན་གྲྭར་སློབ་གྲོགས་58ཡོད། ལོ་དེ་དག་ནི་ང་ཚོར་མཚོན་ན་མི་ཚེ་གང་བོར་འབྲས་བཟང་གཡུར་དུ་ཟ་བའི་དུས་སྐབས་ཤིག་ཡིན། ལོ་དེ་དག་རིང་སྤྲུལ་སྐུ་ཚང་གིས་གཏོང་ཕོད་ཀྱི་གཟིགས་སྐྱོང་དང་དགེ་རྒན་རྣམ་པའི་ཐུགས་ཁུར་དང་བྱམས་བརྩེའི་འོག ཤེས་བྱ་མང་པོ་ཁོང་དུ་ཆུད་པས་སྤྱི་ཚོགས་སུ་ཞུགས་ཀྱང་རང་ཁ་རང་གསོ་ཐུབ་པར་ཡིད་ཆེས་གོར་མོ་རྡོ་བཞིན་བརྟན། མི་འགྱངས་བར་སློབ་གྲོགས་སོ་སོས་རང་གི་མཐར་ཕྱིན་རྒྱུགས་ཐང་བྲིས་ཚར་རྗེས། སྤྱི་ཚོགས་སུ་མི་ཚེ་ཡི་ཕུགས་བསམ་མངོན་དུ་བསྒྱུར་བའི་སྟ་གོན་བྱས་ཡོད་ཞེས་དགའ་བའི་འཛུམ་མདངས་གྲོལ་ནས་གསར་འགོད་པར་བཤད་བྱུང་།
གསར་འགོད་པའི་གཏམ།
ཛམ་བྷ་ལའི་ཐང་ནས། ཇོ་ནང་ཐང་ག་བརྒྱུད་སྦྱོང་ཁང་གིས་མེས་པོས་ཤུལ་དུ་བཞག་པའི་བོད་ཀྱི་སྲོལ་རྒྱུན་རིག་གནས་དང་། ནང་སྒོས་སུ་ཇོ་ནང་རིག་གནས་དང་ཐང་ག་སྒྱུ་རྩལ་དར་རྒྱས་སུ་གཏོང་བཞིན་འདུག་ལ། ཚེ་ཚེ་རབས་རབས་སུ་བརྒྱུད་སྤེལ་ཡང་གཏོང་སྲིད་པས་རང་སེམས་དགའ་བ་འབུམ་གྱིས་བརྟས་བྱུང་། ཇོ་ནང་ཐང་གའི་སྒྱུ་རྩལ་ནི་མེས་པོའི་རླབས་ཆེན་གྱི་ཕྱག་སྲོལ་ཁྲོད་འོད་དུ་འཚེར་བའི་སྐར་ཆེན་ཞིག་ཏུ་འགྱུར་བར་ཡིད་ཆེས་ཀྱིས་ཁེངས་སོང་།
ཞར་བྱུང་ཤེས་བྱ།
ཐང་ག་ནི་བོད་ཀྱི་རིག་གནས་གཏེར་མཛོད་ཁྲོད་ཀྱི་སྒྱུ་རྩལ་གལ་ཆེན་ཞིག་ཡིན་ལ། ད་ལྟའི་བར་ལོ་ངོ་ཆིག་སྟོང་སུམ་བརྒྱ་ལྷག་གི་ལོ་རྒྱུས་ལྡན། སྲོལ་རྒྱུན་ཐང་གའི་བརྗོད་བྱ་གཙོ་བོ་ནི་ནང་བསྟན་ཡིན་ལ། དེ་ནི་བོད་ཀྱི་སྲོལ་རྒྱུན་ལག་བཟོའི་རིག་གནས་ཁྲོད་འོད་དུ་འཚེར་བའི་སྐར་ཆེན་ཞིག་ཡིན་པར་མ་ཟད། འཛམ་གླིང་གི་ཡང་རྩེར་འཚོ་ཞིང་གཞེས་པའི་བོད་མི་རིགས་ཀྱི་ལོ་རྒྱུས་དང་ཆབ་སྲིད། དཔལ་འབྱོར། ཆོས་ལུགས། དམངས་སྲོལ་སོགས་ཀྱི་རིག་གནས་ཁོར་ཡུག་ལས་རིམ་བཞིན་འཐུས་ཚང་དུ་ཕྱིན་པའི་འདུ་ཤེས་འཛིན་སྟངས་ཤིག་དང་མཛེས་དཔྱོད་ཀྱི་ལྟ་བ་ཞིག་ཀྱང་ཡིན། བོད་མིའི་ཤེས་རབ་ཀྱི་རྩལ་ལས་འཁྲུངས་པའི་སྒྱུ་རྩལ་འདི་ལ་མི་རིགས་ཀྱི་ཁྱད་ཆོས་ཐུན་མིན་དུ་ལྡན།
ཐང་ག་ནི་བོད་ཀྱི་རི་མོའི་སྒྱུ་རྩལ་གྱི་དཔེ་མཚོན་དང་བོད་ཀྱི་རིག་གནས་ཀུན་བཏུས་ཤིག་ཡིན། ཐང་གའི་བཟོ་བཀོད་ཐད་རིས་བྲིས་ཐང་ག་ཕུད། འཚེམ་དྲུབ་ཐང་ག་དང་ལྷན་འདེབས་ཐང་ག བཀྲས་བཏགས་ཐང་ག སི་སྐུད་ཐང་ག་སོགས་ཡོད་པ་དང་། ཐང་གའི་ནང་དོན་ཐད་ལོ་རྒྱུས་ཀྱི་དོན་ཆེན་དང་མི་སྣའི་རྣམ་ཐར། ཡུལ་སྲོལ་གོམས་གཤིས། དམངས་ཁྲོད་གཏམ་རྒྱུད་སོགས་ཡོད། ཐང་ག་འབྲི་བཞེངས་རྙོག་དྲ་ཆེ་ཞིང་གོ་རིམ་མང་ལ། ཚོན་རྒྱུ་ཡོངས་རྫོགས་ནི་རང་བྱུང་གི་རྡོ་ཚོན་ཤ་སྟག་ཡིན་པས་ཁམས་དྭངས་ཤིང་ཚོན་མདོག་ལ་དུས་ཡུན་རིང་བོར་མི་འགྱུར་བའི་ཁྱད་ཆོས་ལྡན་པར་མ་ཟད། ལོ་རྒྱུས་གསལ་བའི་སྒྱུ་རྩལ་གྱི་ནོར་བུ་རིན་ཐང་བྲལ་བ་ཞིག་ཡིན། ད་ཆ་བོད་ཀྱི་ཐང་གའི་ལུགས་ལ་སྨན་ཐང་ལུགས་དང་། མཁྱེན་བརྩེའི་ལུགས། ཀརྨ་སྒར་བྲིས་ལུགས། བལ་བོའི་ལུགས། བྱིའུ་སྒང་ལུགས། སྨན་གསར་ལུགས་དང་མལ་གྲོ་གོང་དཀར་གྱི་འཚེམ་དྲུབ་ཐང་ག ཇོ་ནང་ལུགས་ཀྱི་ཐང་ག་སོགས་ཡོད་པར་མ་ཟད། བྲིས་ལུགས་ཆེན་པོ་དེ་དག་རྒྱལ་ཁབ་རིམ་པའི་དངོས་མིན་ཤུལ་བཞག་རིག་གནས་ཀྱི་གྲལ་དུ་ཚུད་ཡོད། གཞན་ཐང་ག་ལ་རིགས་དགར་ན་སྐྱ་ཐང་དང་། ཚོན་རྫོགས། ཐང་ནག མཚལ་ཐང་། གསེར་ཐང་། གོས་སྐུ། གོས་སྐུ་འབུར་མ། འཚེམ་ཐང་། འཐག་ཐང་། མུ་ཏིག་གི་ཐང་ག ཕྱིས་སུ་དར་བའི་ཆུ་རིས་མ། ཕྱི་གླིང་ལུགས་ཀྱི་འབུར་ཚུགས་ཅན་སོགས་ཡོད།