ཁྱི་རྒན་རྒྱ་འབྲུག་གི་སྐྱིད་སྡུག

ཀ་ཁ། (སྐྱེ་རྒུ) རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 12-14


        དེ་རིང་སྔ་མོར་བདག་པོ་ཚེ་ལོས་ཁྱི་རྒན་རྒྱ་འབྲུག་ལ་དུས་རྒྱུན་ལྟར་ལུག་ཤའི་ཤ་ཁུ་དྲོད་ལམ་མེ་ཞིག་བླུད་ནའང་།  མདང་ནུབ་མཚན་གང་རིང་ཁྱི་རྒན་རྒྱ་འབྲུག་གི་ལུས་ལ་ཚ་བ་རྒྱས་ཤིང་ཡན་ལག་ཚང་མར་ཚ་གཟེར་གྱིས་མི་ཚུགས་པར་གྱུར་ཏེ་ཡུད་ཙམ་ཞིག་ཏུའང་གཉིད་པའི་གོ་སྐབས་མ་རྙེད་པས།  ལུས་ཁམས་དང་བསྟུན་ན་ལུག་ཤའི་ཤ་ཁུ་དེ་འཐུང་མི་ཉན་པ་དང་འདྲ་བ་ཞིག་ཡིན་ཀྱང་།  ཚེ་ལོས་ཁྱི་རྒན་རྒྱ་འབྲུག་གིས་ཤ་ཁུ་དེ་ལ་སྣོམ་བཞིན་ལྕེ་ཡིས་ལྡག་ཙམ་ལས་མ་འཐུང་བ་མཐོང་ཚེ། "ཁྱོད་ཀྱིས་འཐུང་མི་ནུས་ན་ངས་ལྡུད་རོགས་བྱེད"ཅེས་ཟེར་བཞིན་སྔོན་ལྟར་ལག་གཡོན་པས་འགྲམ་པ་ནས་ཡར་སྐྱོར་ཏེ།  གཡས་པས་གྲ་སྒྲིག་བྱས་ཡོད་པའི་འགྱིང་རྫིས་དེའི་ནང་ལ་བླུགས་ནས་ཤ་ཧྲུག་ཀྱང་ལྡད་པའི་གོ་སྐབས་མེད་པར་ཐད་ཀར་མིད་པ་ནས་ཕོ་བའི་ནང་དུ་བླུགས་སོང་།  དེ་ནས་ཡུན་རིང་མ་འགོར་བར་ཁྱི་རྒན་རྒྱ་འབྲུག་གི་ཡན་ལག་ནང་གི་ཟུག་གཟེར་དེ་ལུས་ཡོངས་སུ་ཁྱབ་ཅིང་།  ཁ་ནས་ལྦུ་བ་འཕྱུར་ཞིང་ལུས་ནས་རྔུལ་ནག་བཞུར་བཞིན་ད་ལྟ་བླུད་ཚད་ཕྱིར་སྐྱུག་པར་མོས་ཀྱང་།  བདག་པོ་ཚེ་ལོས་བུ་ཚེ་ཕྱུག་སྔོན་དུ་སྲུང་མཁན་བཞག་སྟེ་སོང་བ་དང་།  བུ་ཚེ་ཕྱུག་གིས་ཀྱང་ལག་ཏུ་དབྱུག་པ་ཐུང་ཐུང་ཞིག་བཟུང་ནས་ཁྱི་རྒན་རྒྱ་འབྲུག་ལ་བལྟས་ཡོད་པས།  སྐྱུགས་པ་ཁ་ནང་དུ་ཐོན་ཡོད་ཀྱང་བསྒོམས་ནས་སླར་མིད་པ་ལས་ཕྱི་ལ་གཏོང་མི་ཕོད་པ་དང་།  གལ་ཏེ་ཕྱི་ལ་བསྐྱུགས་ན་ཀི་ལའི་ཐོག་ལ་དབྱུག་ཐུང་དེས་རྡེག་ཡོང་ངེས་ཡིན་པ་ཁྱི་རྒན་རྒྱ་འབྲུག་ལ་གོམས་ལོབ་སྔར་ནས་སོང་ཡོད་པས།  དེར་བཟོད་སྒོམ་ཡུད་ཙམ་བྱས་རྗེས་ཁྱི་རྒན་རྒྱ་འབྲུག་གི་མིག་ཟུང་རབ་རིབ་ཏུ་གྱུར་བ་དང་མིག་ལམ་ནས་སྐར་མ་མང་པོ་འཚུབ་པའི་སྣང་བ་ཞིག་གི་ངང་ནས་ལུས་གང་ས་ལ་བརྡབས་སོང་།  རྣ་ལམ་ནས་ཚེ་ཕྱུག་གིས"ཨ་ཕ།  ཨ་ཕ།  རྒྱ་འབྲུག་ས་ལ་འགྱེལ་སོང་།  ལ་མོ་ལ་མོ"ཞེས་འབོད་པའི་སྒྲ་དེ་དང་དེའི་མཚམས་སུ་ཕ་ཚེ་ལོ་གཙོས་པའི་མི་མང་པོ་ཞིག་གིས"ད་ཁྱི་རྒན་རྒྱ་འབྲུག་གི་ཚེ་རྫོགས་པ་རེད། །་མ་ཎི་པདྨེ་ཧཱུྃ ་མ་ཎི་པདྨེ་ཧཱུྃ……"ཞེས་པའི་སྒྲ་དེ་རྣ་ལམ་དུ་ཐོས་བཞིན་པའི་ངང་ནས་ཁྱི་རྒན་རྒྱ་འབྲུག་གི་འབྱུང་བཞིའི་ཚོར་བ་ཐམས་ཅད་ཉམས་པ་དང་མི་ཡུལ་གྱི་བདེ་སྐྱིད་འཚོ་བར་རེ་ཞིག་རྫོགས་ཚིག་བཀོད་དེ་འཇིག་རྟེན་ཕྱི་མར་སོང་བ་གདའ་འོ།།༄

        དེ་ཡང་ཁྱི་རྒན་རྒྱ་འབྲུག་གི་རྣམ་ཤེས་ཕྲ་མོ་དེ་ཤ་?ག་གཅིག་ཏུ་གྲུབ་ནས་བཟུང་།  ཆུ་ཐུམ་ཞིག་གི་ནང་ནས་འགྲེལ་ལྡོག་བྱེད་བཞིན་གནས་རིམ་དུ།  སྐབས་འགར་རི་བོས་སྟེང་ནས་གནོན་འདྲའི་སྡུག་བསྔལ་དང་།  སྐབས་འགར་གནམ་ས་བླ་འོག་བསྒྱུར་འདྲའི་འཇིགས་སྐྲག་གིས་གཙིར་བཞིན་པའི་དུས་ཤིག་ལ།  ཤ་དང་རུས་པ་མཉམ་དུ་བསྣོས་ཏེ་ལྕགས་ཀྱི་འཇུར་མིག་ལས་དྲངས་སོང་སྙམ་པའི་ཟུག་གཟེར་བཟོད་བསྲན་བྲལ་བ་ཞིག་བརྒྱུད་རྗེས།  ཚེར་མའི་ནགས་གསེབ་གཅིག་ཏུ་ལྷུང་སོང་བའི་ཚོར་བ་འདྲ་ཞིག་བྱུང་བ་དང་།  ཡང་གནོན་ཤུགས་ཆེན་པོ་ཅན་ཞིག་གིས་ཕར་འདེད་དང་སྟེང་འོག་འགའ་བརྗེས་པའི་བར་ཞིག་ནས།  ཤག་ཁོབ་ཟེར་ཏེ་སྐད་ཅིག་ཙམ་ལ་གསོན་ལྤགས་བཤུས་སོང་སྙམ་པའི་ཚ་གཟེར་དྲག་པོ་ཞིག་གི་ངང་ལ་དབུགས་ཀྱི་རྒྱུ་ལམ་སངས་སེ་ཐོན་ཞིང་།  རྣ་བའི་ལམ་དུའང་འབྲུག་སྟོང་ལྡིར་བ་ལྟ་བུའི་འུར་སྒྲས་ཁེངས།  སྐབས་དེར།  ཁོས་ཐོག་མར་ཐོས་ཡོང་བ་ནི"འདི་སྦར་དཀར་རེད།  འདི་ལྟག་ཁྲ་རེད།  འདི་རྒྱ་སྨུག་རེད"ཅེས་ཟེར་བའི་མིའི་རིགས་ཀྱི་སྐད་དེ་ཚོ་ཡིན་པས།  ཁོས་རང་གི་སྐྱེ་བ་འདི་ནི་འགྲོ་བ་མི་ཡི་ལུས་རྟེན་ཞིག་ཐོབ་ཡོད་པ་ཡིན་ནམ་སྙམ།  འོན་ཀྱང་སྐབས་དེར་མིག་གི་དབང་པོ་ཚང་ཡོད་པ་འདྲ་རུང་ཅི་ཡང་མི་མཐོང་པས་དམུས་ལོང་ཞིག་མིན་ནམ་སྙམ་པ་དང་།  སྐབས་འགར་རང་གི་ངུ་སྐད་ཕྲ་མོ་དང་འདྲ་བ་མང་པོ་ཞིག་རྣ་རྒྱུད་ནས་ཐོས་ཤིང་།  རྣོ་ལྕགས་དང་འདྲ་བའི་སྦར་མོ་མང་པོས་བར་མེད་དུ་ལུས་ཐོག་ནས་འདྲེད་པ་དང་།  ལུས་ཕྱེད་བདེ་དྲོད་ལ་བརྟེན་ཐུབ་ཀྱང་ལུས་ཕྱེད་གྲང་དམྱལ་དུ་ལྷུང་བ་དང་གཉིས་སུ་མེད།  དེ་ནས་ཉིན་ཅི་ཙམ་ཞིག་འགོར་བ་མ་ཤེས་པའི་དུས་ཤིག་ལ་བཟོད་དཀའ་བའི་འོད་སྣང་ཆེན་པོ་ཞིག་འཕྲོས་བྱུང་བ་དེ་ནི་མིག་གི་དབང་པོས་འཇིག་རྟེན་གྱི་ཉི་མ་ཐོག་མར་མཐོང་བ་རེད་འདུག  སྐབས་དེར་ཁོས་རང་ཉིད་ཀྱི་སྐྱེ་བ་འདི་མི་ལུས་མ་ཡིན་པར་ཁྱི་ལུས་ཤིག་ཡིན་པ་གསལ་རྗེས།  སྐྱོ་གདུང་དྲག་པོ་ཞིག་གིས་མནར་བའི་ལྷན་དུ་འདས་སོང་གི་ཚོར་བ་ཐམས་ཅད་འཇའ་ཡལ་བ་ལྟར་གར་སོང་མེད་པར་བརྗེད་སོང་།༄ཉིན་ཞིག་ཁྱི་ཚང་གི་སྒོ་ཁར་གཡང་ཁོ་ཟེར་བའི་མི་ཞིག་བྱུང་སྟེ་བདག་པོ་ལ།  "ཡཱ།  གྲོགས་པོ་ལགས།  ངས་ཨོ་ཡོ་འདི་ཚོའི་ནང་ནས་གཅིག་གདམ་ཨང"ཟེར་ཏེ་གཞོགས་འགའ་བརྗེས་རྗེས།  ཁོ་རང་བྱིའུ་ཕྲུག་ཁྲས་ཁྱེར་བ་ལྟར་ཨ་མ་མིང་སྲིང་ཚོ་དང་ཁ་བཀར་ནས་ཁུར་སོང་།  ཁོ་གཡང་ཁོ་ཚང་ལ་ཁུར་བ་དང་ཐོག་མར་ཡོན་བདག་མས་ཁོའི་མགོ་ལ་མར་བསྐུས་ཤིང་ཁྱོར་བའི་ནང་དུ"འབྲི་འོ་འཐུང"ཟེར་བཞིན་འོ་མ་བླུད་པ་དང་།  དེ་ནས"སྡུག་བ།  ད་ཨོ་ཡོ་འདི་བུ་གཡང་ཆུང་ཁྱོད་ལ་སྦྱིན།  ཁྱོད་ཀྱིས་འདི་ལྟོགས་མ་བཅུག་པར་ཡག་པོ་གསོས་ཨང"ཟེར་བཞིན་བྱིས་པ་སྤྲ་ཚག་ཅན་ཞིག་གི་ལག་ཏུ་བཞག་ནས་སོང་།  དེ་ནས་ཉིན་འགའ་འགོར་ནས་བཟུང་།  བུ་གཡང་ཆུང་གིས་སྐབས་འགར་ཁོའི་ལྟག་ལྤགས་ནས་བཟུང་ཞིང་ཁུར་བ་དང་།  སྐབས་འགར་རྔ་མ་ནས་འཇུས་ཏེ་གཡུག་པ་སོགས་ཀྱི་མནར་གཅོད་ཚད་མེད་གཏོང་བས་མི་ཚད།  ལྟོ་ཆས་སོགས་ཀྱང་ལེགས་པོ་མི་སྟེར་བའི་ངང་ཟླ་ཤས་ཡོལ།  སྒོ་ཕྱི་ནང་ཀུན་ཏུ་རྒྱུག་ཐུབ་པ་དང་ལྟོ་ཆས་ཀྱང་རང་གིས་རང་ལ་འཚོལ་ཐུབ་པ་ཙམ་བྱུང་བའི་ཉིན་ཞིག  གཡང་ཁོ་ཚང་གི་ལུག་རའི་སྒོ་ལ་ལུ་གུ་ཞིག་ཤི་ཡོད་པ་དེའི་རོ་ཁོས་བརྙེད་དེ་ཤ་དང་ཚ་རི་ཆ་ལ་ཟ་བཞིན་བསྡད་ཡོད་པ་དེ་ཡོན་བདག་མས་མཐོང་སྟེ།  "ཨ་ཁ་ཁ།  འཕྱི་ཁྱི་གག་ཐོ་འདིས་ད་ལུ་གུའང་ཟོས་ཚར་འདུག"ཅེས་འབོད་བཞིན་ལག་གཡས་པས་?་བླངས།  གཡོན་པས་མེ་ཡོག་ནག་པོ་ཞིག་ཁྱེར་ཏེ་ཤོར་བྱུང་བ་ལ།  ཁོ་རང་གང་ཐར་དུ་འབྲོ་བར་རྩོམ་ཚེ་མོའི་ལག་གཡས་པའི་?་དེ་འུར་སྒྲ་དང་བཅས་འཕངས་བྱུང་བ་དང་།  ཁོས་གཟུར་ཁོམ་མ་བྱུང་བར་རྐང་པར་ཕོག་སྟེ་མགོ་རྟིང་བསློགས་ནས་བསྒྱེལ་སོང་།  དེ་ནས་མོ་རང་འཁྲིས་སུ་ཐོན་ཟིན་པས་ཁོ་ལ་བར་མེད་དུ"ད་ཟོས།  ད་ཟོས"ཞེས་ཟེར་བཞིན་ཤ་ཚ་དང་སྙིང་རྗེ་མེད་པར་མེ་ཡོག་དེས་ལུས་ཐོག་ཏུ་བྲབས་ཚེ།  ཁོ་རང་ངུ་ཆོམ་བྱེད་ཀྱིན་འབྲོ་བར་མོས་ཀྱང་རྐང་ཡ་བཅག་ཟིན་པས་ཇི་ལྟར་བྱས་རུང་ཐར་བའི་གོ་སྐབས་མ་བྱུང་།  གཡང་ཁོས་ཁོའི་རྐང་པ་བཅག་ཟིན་པ་མཐོང་རྗེས་ཡར་སྒོ་འགྲམ་དུ་ཁུར་ནས་སྐུད་པ་ནག་པོ་ཞིག་གིས་ཁོའི་རྔ་མ་རྩ་བ་ནས་དམ་པོར་བསྡམས་པ་དང་།  ལྟོ་ཆས་ཞིག་སྔུན་དུ་བཞག་ཡོང་བ་དང་ཡོན་བདག་མ་ཡང་དེར་འབྱོར་འདུག་པས་མཐོང་ནས། ཞེ་སྡང་དྲག་པོས་ཁོག་དབུགས་སྟོད་ལ་འཚང་བཞིན་ལྟོ་ཆས་དེ་ལ་?ག་ཐོ་ཞིག་རྒྱབ་སྟེ་ཁྲ་ཐར་རེ་གཏོར་རྗེས།   "ཁོ་རེ་གཡང་ཁོ།  ཁྱི་ངན་འདི་མྱུར་བར་ཁྲིད་སོང་།  འདི་འདྲའི་ཁྱི་འཁྱམ་གསོས་ནས་ཅི་བྱེད།  དེ་རིང་ཁོས་ལུ་གུ་བཟས་ན་སང་ཉིན་ཁོས་ནོར་ལུག་བཟའ་ངེས་རེད།  ད་ལྟ་ནས་མ་ཁྲིད་ན་མི་འགྲིག་ཁོ་ཐག་ཡིན"ཞེས་བཤད་པས།  གཡང་ཁོས་ཁྱི་རྟ་ཐོག་ལ་བཞག་ནས་དགོན་འདབས་ཤིག་ཏུ་བསྐྱུར་ནས་ཕྱི་བལྟས་བྱེད་བཞིན་བུད་སོང་།  དེ་ནས་དགོན་དེའི་གྲྭ་ཆུང་འགས་མཐོང་སྟེ"ཨ་ཁ་ཁ།  ཡང་ཁྱི་གུ་ཞིག་མགོ་བསྐྱོན་པ་འདིའི་རྐང་པའང་བཅག་འདུག"ཅེས་ཟེར་བཞིན་བཟའ་ཆས་མང་པོ་ཁོའི་སྔུན་དུ་ཁུར་ཡོང་།༄དེ་ནས་ཉིན་འགའ་འགོར་རྗེས།  གྲྭ་ཆུང་ཚུལ་ཁྲིམས་བཟང་པོས་ཁྱི་དེ་གྲྭ་ཤག་གི་རྒྱུད་དུ་ཁུར་ཏེ་གདན་བཏིང་ཟས་བྱིན་པས།  ཁོའི་རྐང་པའང་སོས་མགྱོགས་ཤིང་ལུས་སྟོབས་ཀྱང་ཇེ་རྒྱས་སུ་སོང་བར་མ་ཟད།  དུས་རྒྱུན་ཁོ་ལ་ལྟད་མོ་ཡང་ལྟ་མཁན་ཇེ་མང་དུ་སོང་།  ཐེངས་ཤིག་གཡང་ཁོ་བཟའ་ཟླ་གཉིས་ཀྱང་དགོན་ནང་དུ་འབྱོར་ཡོད་པ་དང་།  ཐད་ཀར་ཁོའི་ཐད་ལ་ཡོང་ནས་ཡུན་རིང་ལྟ་བཞིན་ཕན་ཚུན་ཁ་རྩོད་ལེ་བདའ་འགའ་བྱས་རྗེས།  གྲྭ་ཆུང་ཚུལ་ཁྲིམས་བཟང་པོ་བོས་ཡོང་ནས་ཁྱི་འདི་ཁོང་ཚང་གི་སྒོ་ཁྱི་ཡིན་ལུགས་སོགས་བཤད་བཞིན་འདུག  སྐབས་དེར་ཚུལ་ཁྲིམས་བཟང་པོས་སྔུན་ནས་བཀག་མེད་ན་ཁོས་འདྲེ་མོ་དེའི་ཉྭ་ནས་འཇུས་ཏེ་སྐོར་དྲུད་ཡིད་ཚིམ་པ་ཞིག་བྱེད་བསམས་ནས།  ཁོང་ཁྲོའི་མེ་ལྕེ་དྲག་ཏུ་འབར་ཞིང་མཆེ་གཙིགས་སྡེར་བགྲད་ཀྱི་སྒོ་ནས་བསྐོར་ཐག་དེ་ཤི་འཐེན་རོ་འཐེན་བྱས་པས།  གཡང་ཁོ་བཟའ་ཟླ་གཉིས་ཀྱང་སྔར་བྱས་ཀྱི་ལས་རྣམས་དྲན་ནས་ངོ་ནོངས་ཤིག་སྐྱེས་པ་ལོས་ཡིན།  དེ་དྲའི་རྣམ་པ་མཐོང་བ་དང་ཅི་བཤད་མེད་པར་ཁ་སྐོར་ནས་བུད་སོང་།༄དེ་ནས་གྲྭ་ཆུང་ཚུལ་ཁྲིམས་བཟང་པོས་ཁོའི་མིང་ལ་རྒྱ་འབྲུག་ཅེས་བཏགས་ཏེ་ཁོང་གི་ཕ་ཁྱིམ་དུ་ཁྲིད་སོང་།  ཁོང་གི་ཡུམ་གྱི་མཚན་ལ་སྒྲོལ་མ་ཟེར་ཞིང་།  ནུ་བོའི་མིང་ལ་ཚེ་ཕྱུག་ཟེར།    དུད་ཁྱིམ་དེ་རྒྱུ་ནོར་ལོངས་སྤྱོད་འབྲིང་ཙམ་ཡིན་ཡང་།  དུས་རྒྱུན་ཁྱིམ་མིའི་བར་རྒན་བཀུར་གཞོན་གཅེས་དང་ཆེ་འོག་ཆུང་འདུག  ཁ་འཇམ་ཚིག་བཙུན་དང་དགེ་སྒྲུབ་སྡིག་སྤང་གི་དྲི་བསུང་བཟང་པོས་རྟག་ཏུ་ཁྱབ་པ་ཞིག་འདུག་པས།  ཁྱི་གུ་རྒྱ་འབྲུག་ཁོའི་ཚེ་འདིའི་བདེ་སྐྱིད་འཚོ་བ་ཟེར་བ་དེའི་མགོ་ཚུགས་པར་འདྲ་བ་དང་།  ཁོས་ཀྱང་རང་ནུས་གང་ཡོད་ཀྱིས་རང་ཁྱིམ་གྱི་མི་རྒྱུ་ཟོག་གསུམ་ལ་ཉིན་མཚན་མེད་པར་སྲུང་སྐྱོབ་གང་ལེགས་བྱས་པས་བཟའ་མི་ཡོངས་ཀྱིས་ཁོ་ལ་བརྩིས་འདང་ཇེ་ཆེར་སོང་།

        ཉིན་ཞིག་རླངས་འཁོར་འགའ་ཚེ་ལོ་ཚང་གི་སྒོ་ཁར་སླེབས་ཡོང་བ་དེའི་ནང་ནས་སྐད་རིགས་མི་འདྲ་བའི་མི་འགའ་བབས་ཡོང་བ་དང་།  དེའི་ནང་དུ་མགོ་ལ་ཞྭ་མོ་དཀར་པོ་གྱོན་ཞིང་ཨག་ཚོམ་མཐུག་པོ་སྐྱེས་པ།  གཟུགས་བོངས་འབྲིང་ལ་ཤ་རྒྱགས་པ།  ལྷག་པར་དུ་ལྟོ་བ་འཇོང་འཇོང་དེ་འབུར་དུ་ཐོན་པས་སྟོད་ལྭ་རིང་པོ་ཞིག་གྱོན་ཡོད་པ་དེས་ཀྱང་སུམ་ཐབས་བྲལ།  སྐབས་དེར་ཕ་ཚེ་ལོས་ཁོང་ཚོ་ཡར་ཁྱིམ་དུ་གདན་འདྲེན་བྱས་ཀྱང་མ་སོང་པར་ཕྱོགས་སུ་ཐོན་བྱུང་བ་ལ།  རྒྱ་འབྲུག་གིས་ཀྱང་རང་སྲོག་བསྡོས་ཏེ་མི་དེ་ཚོའི་ཐོག་ལ་ངར་སྟབས་ཀྱིས་ཟུག་འཐེན་བྱས་རུང་། མི་དེ་ཚོ་ནི་གཞན་དང་གཏན་ནས་མི་འདྲ་བར་རྒྱ་འབྲུག་གི་ཕྱོགས་སུ་འཇིགས་སྐྲག་སྤུ་ཙམ་མེད་པར་ཇེ་ཉེར་བཅར་ཡོང་།  སྐབས་དེར་གལ་སྲིད་ཚེ་ལོས་བསྐོར་ཐག་ལྷག་མ་རྒྱབ་སྟེ་བཏགས་མེད་ན་རྒྱ་འབྲུག་གིས་མི་ཨག་ཚོམ་ཅན་དེའི་རྒྱུ་མ་ཕྱི་ལ་མ་སྟོན་ན་རྒྱ་འབྲུག་ཟེར་བའི་མིང་འདི་སྟོང་པ་ཡིན་བསམ་བཞིན་པ་འདྲ།  དེ་ནས་མི་དེ་ཚོ་ཡར་ཁྱིམ་དུ་མ་སོང་བར་ཁོ་ཚོའི་རླངས་འཁོར་ནང་དུ་འཛུལ་ཏེ་ཡུན་རིང་འགོར་ཡང་།  རླངས་འཁོར་ཁ་ལོ་བའི་ལོགས་ཀྱི་རྐུབ་སྟེགས་སུ་ཟུར་འདུག་བྱས་པའི་ཞྭ་མོ་དཀར་པོ་ཅན་དེས་རྒྱ་འབྲུག་གི་ཕྱོགས་སུ་མིག་ཟུང་གཡོ་མེད་དུ་ཅེར་རེ་བལྟས་འདུག  ཁོ་ཆོས་ཕ་ཚེ་ལོ་ཐེངས་མང་པོར་ཟུར་ཁྲིད་བྱས་ཀྱང་ཕ་ཚེ་ལོས་མགོ་བོ་གཡུག་གཡུག་འདྲ་མ་གཏོགས་ཁོ་ཚོའི་སྐད་ཆར་བློ་བབ་གཏན་ནས་བྱེད་ཀྱི་མེད་པ་འདྲ།   དེ་ལྟར་ཉིན་མང་པོ་བསྟུད་མར་ཚེ་ལོ་ཚང་གི་ཁྱིམ་དུ་སོང་ཡང་ཚང་མ་ངལ་བ་འབྲས་མེད་ངང་ནས་ཕྱིར་ལོག་མི་བྱེད་ཐབས་མེད་བྱུང་།དེ་ནས་ཉིན་འགའ་འགོར་རྗེས།   རྒྱ་འབྲུག་གི་དྲིན་ཆེན་སྲོག་སྐྱོབས་ཏེ་གྲྭ་ཆུང་ཚུལ་ཁྲིམས་བཟང་པོ་ཁྱིམ་དུ་ཕེབས་འདུག  ཁོང་རྒྱ་འབྲུག་གི་འགྲམ་དུ་ཕེབས་ཏེ་སྔར་ལྟར་མགོ་དང་གཞུང་ནས་ཕྱག་གིས་བྱིལ་བྱིལ་མཛད་བཞིན་ཡབ་ཚེ་ལོ་དང་ནུ་བོ་གཉིས་ལ"རྒྱ་འབྲུག་འདི་ལས་དབང་ཞིག་གིས་ངའི་རྒྱུད་དུ་འཁྲི་བ་རེད།  འདི་དངུལ་སྒོར་འབུམ་ཚོ་དུ་ཙམ་བྲིན་ཡང་བཙོང་མི་དགོས"ཞེས་གསུངས་ནས་ཕེབས་སོང་།  དུས་དེར་རྒྱ་འབྲུག་གིས་གཞི་ནས་རང་ཉིད་དེ་འདྲའི་རིན་ཐང་ལྡན་པ་ཞིག་ཏུ་གྱུར་ཡོད་པ་ཤེས་པ་དང་།  ལྷག་པར་དུ་ཚུལ་ཁྲིམས་བཟང་པོ་ལ་དད་པའི་སྤུ་ལོང་གཡོས་ཤིང་བཀའ་དྲིན་ཚོར་བའི་མིག་ཆུས་རང་དབང་མེད་པར་གདོང་རས་ཡང་ཡང་གཙང་བཀྲུས་བྱས། ཉིན་མ་དེའི་ཕྱི་ཉིན།  ཕ་ཚེ་ལོའི་ནུ་བོ་དང་ཚ་བོ་རེད་ཟེར་བའི་མི་འགས་རླངས་འཁོར་ཞིག་ཏུ་ལྕགས་ཀྱི་ཁང་ཆུང་ཞིག་དང་།  འཁྱག་སྒམ་ཆེན་པོ་ཞིག  འབྲི་སྐམ་གྱི་ཤ་རེད་ཟེར་བའི་རྐང་གཟུགས་མང་པོ་ཁུར་ནས་སླེབས་འདུག་པས།  དུས་དེ་ནས་བཟུང་རྒྱ་འབྲུག་གི་འཚོ་བར་འགྱུར་ལྡོག་བླ་ན་མེད་པ་བྱུང་བ་སྟེ།  ལྕགས་ཀྱི་ཁང་ཆུང་གྲུ་བཞིའི་ནང་དུ་འབོལ་གདན་གྱི་ཐོག་ཏུ་གྲུམ་གདན་བཏིང་ཞིང་བཟའ་བ་ཤ་ཚིལ་དང་བཏུང་བ་འོ་མར་གྱུར་པ་མ་ཟད།  ལས་ཅི་ཞིག་ཡིན་པ་མི་ཤེས་པར་དེ་སྔོན་ཁོས་ཁྱིམ་འདིའི་མི་རྒྱུ་ཟོག་གསུམ་ཕར་སྲུང་དགོས་པ་ལ།  དེང་སང་ནི་ཁོ་རང་མི་ཆེ་བླ་དཔོན་གང་ཞིག་ཏུ་གྱུར་བ་ལྟར་བཟའ་མི་ཉེ་འབྲེལ་ཚང་མས་ཁོའི་ཁོར་ཡུག་ལ་གཙང་སྦྲ་དང་འཚོ་བ་སོགས་གང་ཅིའི་ཐད་ནས་ཚུར་ལ་ཞབས་ཞུ་བྱ་ཡུལ་ཞིག་དང་སྲུང་སྐྱོབ་བྱ་ཡུལ་ཞིག་ཏུ་གྱུར་སོང་།  ལྷག་པར་དུ་གྲྭ་ཆུང་ཚུལ་ཁྲིམས་བཟང་པོའི་ཡབ་ཡུམ་དང་སྤུན་ཟླ་རྣམས་ཀྱིས་ཁོའི་དོན་ལ་དེ་འདྲ་བའི་ཐུགས་ཁྲལ་དང་འོ་བརྒྱལ་མཛད་པ་མཐོང་ཚེ།  རྒྱ་འབྲུག་གི་ཡ་ཆུང་སེམས་པ་འགས་ལ་ཉེ་ཞིང་ཁྲ་ཆུང་མིག་ནས་བཟོད་གླགས་མེད་པའི་མཆི་མ་བཞུར་འོང་ཡང་།  ཁོས་ཁོང་རྣམ་པར་གོ་བརྡ་མི་འཕྲོད་ཅིང་དྲིན་ལན་མི་སོད་པས་བྱ་ཐབས་བྲལ་བ་དེ་ནི་ཁྱི་སྡུག་ཁོའི་བདེ་བའི་ནང་གི་སྡུག་བསྔལ་ཉག་ཅིག་རེད།  གཞན་ཡང་ལྕགས་ཐག་འདོམ་གང་དེ་དང་ལྕགས་ཀྱི་ཁང་པ་གྲུ་བཞི་དེས་ཁོའི་ཚེ་གང་གི་རང་དབང་ཡོད་ཚད་འཕྲོག་སོང་བ་འདྲ་ཡང་།  དེ་ནི་ཁོ་ཁྱི་རིན་ཐང་ཅན་ཞིག་ཏུ་གྱུར་པའི་ཉིན་དེ་ནས་བཟུང་སྟེ་ཁོའི་གནས་ཡུལ་ཉག་ཅིག་ཏུ་གྲུབ་པས་ན།  ཁོ་ལ་དེར་འཁང་ར་དང་འགྱོད་སེམས་ཅི་ཡང་མེད་པ་ནི་ཁོའི་ཚེ་གང་གི་གཟུར་ཐབས་དབེན་པའི་ལས་དབང་ཞིག་ཡིན་པས་སོ། །སྟོན་འབྲུ་དྲུག་གི་འབྲས་བུ་སྨིན།  ས་གཞིར་རྩི་ཏོག་བཀྲག  ཕྱུགས་རིགས་ལ་ཤ་ཤེད་རྒྱས་དུས།  ཁོ་ཡང་ཟ་ཉལ་གཉིས་ལ་ལོངས་སྤྱད་པས་དེང་སང་རང་ཉིད་ཀྱི་ལུས་ཕུང་ཡང་རང་ཉིད་ཀྱིས་ཐེག་དཀའ་བ་མ་ཚད། ཡ་ཐོད་ཀོ་ལྤགས་མར་ལུག་སྟེ་འགྲོ་ལམ་ཙམ་ཡང་མི་མཐོང་བའི་ཚད་ལ་སླེབས།  དེ་ནས་ཉིན་རེ་བཞིན་ཁོ་ལ་ལྟད་མོ་ལྟ་མཁན་རྒྱུན་མི་ཆད་པ་དང་།  ཁྱི་རྒྱུད་སྤེལ་བར་འདོད་མཁན་ཡང་གྲ་སྒྲིག་པའམ་སྐབས་འགར་ཤོ་རྒྱན་འཕེན་དགོས་ཐུག་པའང་བགྲང་གིས་མི་ལངས།  དེ་བས་ཁོའི་སྡེབ་སྦྱོར་གྱི་གླ་ཆ་དེ་སྒོར་མོ་ལྔ་སྟོང་ནས་རིམ་བཞིན་དུ་སུམ་ཁྲིའི་བར་འཕར་སོང་ངོ་། །༄ལོ་རྗེས་མར་ཕ་ཚེ་ལོ་ཚང་གིས་ཁང་གཞིས་སུམ་བརྩེགས་ཅན་དུ་བསྒྱུར་ཞིང་།  སྒོ་ཁའི་ར་བར་རླངས་འཁོར་ཆེ་ཆུང་གསུམ་ཉོས་ཡོང་བ་དང་།  ལྷག་པར་དུ་སྔོན་ཆད་ཟླ་རེའི་ནང་ནས་ཁྱིམ་དུ་མགྲོན་པོ་རེའང་དཀོན་པའི་དུད་ཚང་དེར།  དེང་སང་ནངས་དགོང་བར་གསུམ་དུ་གཉེན་ཉེ་འབྲེལ་དང་ཤགས་ཕུ་ནུ་ཡིས་གང་བར་མ་ཚད།  སྒོ་ཕྱི་ནང་བར་གསུམ་དུ་ལས་ཀ་བྱེད་མཁན་གྱི་མི་མང་པོ་ཡོད་པར་གྱུར་ལ།  རྒྱ་འབྲུག་གི་འདུག་གྲོགས་ཁྱི་མོ་རྒྱ་ལི་མ་ལའང་ཁོའི་རིགས་རྒྱུད་ཨོ་ཕྲུག་ལྔ་ཐམ་པ་སྐྱེས་པས།  ཚེ་ལོ་བཟའ་མི་ཚང་མའི་ཞལ་རས་ལ་དགའ་བའི་འཛུམ་མདངས་དང་སེམས་ཁམས་སུ་སྐྱིད་པའི་མེ་ཏོག་བཞད། ཡང་ཉིན་ཞིག་རླངས་འཁོར་ཆེ་ཆུང་འགའ་ཚེ་ལོ་ཚང་གི་སྒོར་སླེབས་ཏེ་དེ་ལས་མི་འགའ་བབས་ནས་རྒྱ་འབྲུག་གི་འཁྲིས་ལ་ཐོན་ཡང་།  དེ་དུས་རྒྱ་འབྲུག་ནི་མི་དང་ཁྱི་མཐོང་རྒྱུར་མང་བས་སྔོན་ཆད་ལྟར་ང་རྒྱལ་ཆེ་བ་ཞིག་མ་ཡིན་པར་ཞི་དུལ་ཅན་ཞིག་དུ་གྱུར་ཟིན་པས་སུ་ལའང་ངར་སྒྲ་སྒྲོག་པར་མི་འདོད།  མི་དེ་དག་གིས་ཕ་ཚེ་ལོ་ཟུར་ཁྲིད་བྱེད་ཞོར་དུ་རྒྱ་འབྲུག་ལའང་བསྐོར་བ་ཡང་ཡང་བྱས་མཐར།  གཅིག་གིས་རྒྱ་འབྲུག་ལ་ལྐོག་ནས་ཤ་དུམ་བུ་ཞིག་འཕང་བྱུང་བར་རྒྱ་འབྲུག་གིས་དེར་དོགས་ཟོན་མ་ཤེས་པར་ཟོས་པས།  མི་དེ་དག་སོང་ནས་ཅུང་ཙམ་མ་འགོར་བར་རྒྱ་འབྲུག་གི་ཕོ་བའི་ནང་ནས་ཚ་ཤར་ངན་པ་ཞིག་ལྡང་བ་དང་།  རྒྱ་འབྲུག་གིས་ད་ལྟ་ཟོས་པའི་ཤ་དུམ་དེར་གནད་དོན་ཡོད་པ་ཚོར་ཏེ།  ལམ་སང་ཆུ་ཁམ་འགའ་འཐུང་རྗེས་ནུས་ཤུགས་ཡོད་ཚད་བཏོན་ནས་སྐྱུག་ཚེ་ལྦུ་བ་མཉམ་དུ་ཁྲག་ནག་པོ་ཞིག་ཀྱང་བསྐྱུགས་ཡོང་བ་དང་།  བདག་པོས་རྒྱ་འབྲུག་གི་ལུས་ལ་ཚ་བ་རྒྱས་ཏེ་ན་ཡོད་པ་ཤེས་ནས་དུས་ཐོག་ཏུ་སྨན་པ་གདན་དྲངས་ཏེ་ནད་བཅོས་བྱས་པས་མ་ཤི་ཙམ་བྱུང་།  ཉི་མ་དེའི་ཕྱི་ཉིན་ཡང་མི་དེ་ཚོ་འབྱོར་ཏེ་ཕ་ཚེ་ལོར་ཚོང་གཏམ་གོང་རྒྱག་མང་ཙམ་བྱས་པར་མ་ཚད།  རྒྱ་འབྲུག་ལ་ཡང་ཤ་དུམ་ཞིག་ཁ་སང་ལྟར་ལྐོག་ནས་བྱིན་ཀྱང་རྒྱ་འབྲུག་གིས་མ་ཟོས་པར་ངར་སྒྲ་བྱས་པས།  ཁོ་ཚོས་དུས་རྒྱུན་མི་གཞན་པའི་སྒོ་ཁྱིར་ཚོང་གཏམ་ཞོར་དུག་གསེས་པའི་ཤ་དུམ་རེ་སྟེར་ནས་ན་རུ་བཅུག་རྗེས།  ཕྱི་ཉིན་སླར་ཡོང་སྐབས་ཁྱིར་ཚ་ནད་ཕོགས་པར་བདག་པོས་འཆི་ཤོར་བར་སྐྲག་ནས།  རིན་གོང་སླ་མོས་བཙོང་དགོས་ཐུག་པར་བྱེད་པའི་དམིགས་ཡུལ་ངན་པ་དེ་མ་འགྲུབ་པར་ཕྱིར་ལོག་མི་རྒྱག་ཀ་མེད་བྱུང་བ་རེད།  དེ་ལྟར་ལོ་ཤས་རིང་རྒྱ་འབྲུག་ལ་ལྟ་མཁན་དང་སྦྱོར་སློང་མཁན་ཧ་ཅང་མང་པོ་རེད་ལ།  རྒྱ་འབྲུག་རིན་གོང་ཡང་འབུམ་ཚོ་སུམ་ཅུའི་ཡན་དུ་སླེབས་ཡོད་སྐད་ཐོས་ཀྱང་།  ཚེ་ལོ་ཕ་བུས་གྲྭ་ཆུང་ཚུལ་ཁྲིམས་བཟང་པོའི་གསུང་བཀོད་ལྟར་རྒྱ་འབྲུག་ནི་ཕྱི་ལ་མ་བཙོང་བར་དྲིན་ཆེན་གྱི་ཕ་མ་ལས་ལྷག་པའི་ཞབས་ཞུ་དང་གཅེས་སྐྱོང་མཛད་པས།  རྒྱ་འབྲུག་གིས་ཀྱང་གངས་དཀར་སེམས་ལས་ཁོང་ཚོ་བཟའ་མི་ཉེ་འཁོར་ཡོངས་ཀྱི་བཀའ་དྲིན་ཚོར་བ་དེ་ངག་ཐོག་ཚིག་གི་ལམ་ནས་མཚོན་ཐབས་བྲལ་ཡང་།  དུས་དང་རྣམ་པ་ཀུན་ཏུ་ཁོང་ཚོའི་སྐུ་ཁམས་བཟང་ཞིང་བྱ་བ་ལམ་འགྲོ་ཡོང་བ་དང་།  ཁྱིམ་ཚང་འཆམ་མཐུན་ཡོང་ཞིང་བདེ་སྐྱིད་ལོངས་སྤྱོད་ཡར་ངོའི་ཟླ་ལྟར་འཕེལ་བའི་སྨོན་ལམ་དྲི་མ་མེད་པས་མཐའ་ནས་བརྒྱན་པར་མ་ཚད།  རང་ཉིད་ཀྱང་སྐྱེ་བ་རྗེས་མར་གལ་ཏེ་ཁྱི་ལུས་ཤིག་ཡིན་ན་ད་དུང་ཕ་ཚེ་ལོ་ཚང་གི་སྒོ་ཁྱིར་འོང་འགྱུར་ཞིང་།  གལ་ཏེ་མི་ལུས་སོགས་གང་ཞིག་ཡིན་ནའང་དེ་བཞིན་དུ་ཕ་ཚེ་ལོ་ཚང་གི་འཁོར་དུ་〖JP4〗སྐྱེ་བའི་སྨོན་ལམ་ཡང་ཡང་འདེབས་བཞིན་ཡོད་པ་གདའ་འོ།།

རྩོམ་སྒྲིག་འགན་འཁུར་བ།  ཀུན་ཁྱབ།  བསྟན་པ་ཡར་རྒྱས།

 


རྩོམ་ཡིག་སྔོན་མ།
2017.04
རྩོམ་ཡིག་རྗེས་མ།
ང་ཡི་ཉི་མ་ནུབ་སོང་།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1