སྙིམ་པ་བྲང་ལ་སྦྱར་ནས་མིག་ཟུང་བཙུམ་ཐེངས་རེར། ཡོད་ཚད་མདང་གི་རྨི་ལམ་བཞིན་ངའི་མིག་ལམ་ནས་ཡལ་མེད་པས། ངས་ནམ་ཡང་མནར་གཅོད་མྱོང་བཞིན་ཡོད། སྙིང་ཉེ་བའི་ཀློག་པ་པོ་ལགས། ངས་སྦ་གསང་དང་གཡོ་ཟོལ་ཅི་ཡང་མེད་པར་ཁ་སང་གི་སྐྱུག་བྲོ་དང་ཡ་ང་བའི་ལོ་རྒྱུས་རིང་པོ་ཞིག་ཁྱེད་ལ་བཤད་འདོད་པས་ཁྱེད་རང་ལ་སུན་སྣང་བཟོ་སྲིད་ནའང་ཐང་། གང་ལྟར་ཁྱོད་ཀྱིས་ང་ལ་ཤ་ཚ་སྙིང་རྗེ་དང་སེམས་གསོ་རེ་བྱེད་རྒྱུ་ནི་ལས་ངན་མ་ངའི་རེ་བ་ཉག་གཅིག་ཡིན།
སྤྱི་ལོ1992ལོའི་དབྱར་ཁར་ང་རང་སློབ་གྲྭ་ཆེན་མོར་རྒྱུགས་མ་འཕྲོད། མི་ལོ་བཅུ་ལྷག་གི་རིང་ལ་དྲིན་ཆེན་ཕ་མས་དབྱར་ཚ་བ་དང་དགུན་གྲང་ངར། དཔྱིད་རླུང་འཚུབ་དང་སྟོན་བུ་ཡུག་ཁྲོད་དུ་ངལ་རྩོལ་བྱས་པས་ལུས་སེམས་རབ་ཏུ་ངལ། ངས་ཕ་མའི་རེ་བ་སྟོང་ཟད་དུ་བཏང་བ་མ་ཟད། ན་མཉམ་སློབ་གྲོགས་ཚོའི་སྔུན་ནས་ཁོག་དཔུང་ལ་རྒྱ་ཤོར། ངས་རང་སེམས་ཀྱི་སྐྱོ་གདུང་བཟོད་མ་ཐུབ་པར་རང་སེམས་ཆོས་ལ་བསྐུལ་ཏེ་ཨ་ཆུང་གནམ་རྫོང་དུ་མཐའ་གཅིག་ཏུ་འགྲོ་དགོས་པའི་འདུན་པ་དྲག་པོ་སྐྱེས། ངས་གསང་སྟབས་ཀྱིས་རང་གི་གྱོན་གོས་འདང་ཆེན་དག་གྲོགས་མོ་གཡང་སྒྲོན་ལ་བྱིན་པ་དང་ཁོ་མོས་ཀྱང་ང་ལ་གསང་སྟབས་ཀྱིས་ལམ་བྲོ་དང་ལམ་གླ་གྲ་སྒྲིག་བྱས། ངས་ཁྱིམ་མི་རྣམས་ལ་ང་རང་རྫོང་གི་ཞང་པོ་ཚང་ལ་སོང་ནས་ཉིན་འགར་སེམས་གཡེང་རྒྱུ་ལ་ཁ་གཡར་ཏེ་བློ་ཁ་དང་གོམ་ཁ་མཉམ་དུ་གྲོང་ཁྱེར་ཟི་ལིང་ཕྱོགས་སུ་བསྒྱུར།
ཟི་ལིང་གྲོང་ཁྱེར་གྱི་རླངས་འཁོར་ས་ཚིགས་ལ་ཐོན་དུས་ལྟོ་བ་ཅུང་ལྟོགས་པས་རྒྱ་ལམ་ཕ་རོལ་ན་བོད་ཀྱི་ཟ་ཁང་མང་པོ་ཡོད་པ་དེ་ལས་བདེ་སྐྱིད་ཟ་ཁང་ཞེས་པའི་ཡིག་འབྲུ་བཞི་ཆེ་ལ་གསལ་བ་ཞིག་ཡོད་པས་ཐེ་ཚོམ་མེད་པར་དེའི་ནང་དུ་འཛུལ་ནས་ཐུག་པ་ཟ་གྲབས་བྱས།
"ཨ་རོགས་བུ་མོ། ཁྱོད་གང་གི་ཡིན།"
ངས་མགོ་ཡར་བཀྱགས་ནས་བལྟས། དེ་ནི་སྟོན་པའི་ན་བཟའ་མནབས་པའི་གྲྭ་བ་ཡང་དག་ཅིག་རེད། ཁོང་གི་ཞལ་རས་དཀར་ལ་སྒོར་བ་དང་། དཔྲལ་བའི་དབྱེ་ཆེ་བ། སྨིན་མ་སྟུག་ཅིང་རིང་ལ་ནག་པ། སྤྱན་དཀྱུས་རིང་ལ་འོད་དང་ལྡན། རྫི་མ་རིང་ལ་ཡར་འཁྱིལ་བ། སྣའི་གཟེངས་མཐོ་བ། མཆུ་སྒྲོས་ཅུང་མཐུག་ལ་དམར་བ། སྐུ་གཟུགས་དེ་འདྲའི་མི་རིང་མོད་ཧ་ཅང་བརྗིད་ཉམས་ཆེ། སྐེ་ལ་བ་སོའི་ཕྲེང་བ་རིང་བོ་ཞིག་གོན་འདུག
"ང……"ང་ཐག་སེ་ཡར་ལངས།
"ཁྱོད་རང་ཡར་ལངས་མི་དགོས། སྡོད་སྡོད།"
ཁོའི་གདོང་ལ་བྱམས་བརྩེའི་མདངས་ཤིག་ཤར་ཡོད། ཁོང་ཉིད་ངའི་ཁ་གཏད་དུ་བསྡད། ཟ་མ་བཟས་རྗེས་ཟས་རིན་ཁོང་ཉིད་ཀྱིས་སྤྲད།
ཆུང་བྱིས་པའི་དུས་ནས་ད་བར་སྟོན་པའི་ན་བཟའ་བཀླུབས་པའི་གྲྭ་པ་ཞིག་ཡིན་ཚེ་ང་དང་ངའི་ཁྱིམ་མི་ཚང་མས་མགོ་ཡི་ཞྭ་བཞིན་བཀུར་བསྟི་དང་བློ་སེམས་རྩེ་གཅིག་གིས་ཡིད་སྨོན་དང་དད་པ་བྱེད་པས་དེ་རིང་ངའི་སེམས་སུ་དད་པ་དང་དགའ་བས་ཁྱབ།
"དེ་རིང་ངེད་གཉིས་ཐུག་འཕྲད་བྱུང་བ་ལས་ཀྱིས་བསྐོས་པའི་ཐུག་འཕྲད་རེད། ངེད་གཉིས་ངའི་སྡོད་སར་སོང་ནས་ཁ་བརྡ་ལབ་ན་ཨེ་ཆོག"ཟ་ཁང་གི་སྒོར་བུད་མ་ཐག་ཁོང་གིས་ང་ལ་དྲིས།
"ཆོག……ལོས་ཆོག……ཁྱེད་རང་མགྲོན་ཁང་གང་ན་བཞུགས་ཡོད"
"ང་ལ་འདི་ནས་ཁང་པ་ཡོད། ཐག་རིང་པོ་མེད"
ངེད་གཉིས་ཁོང་ཉིད་ལ་ཡོད་པའི་རླངས་འཁོར་ཆུང་ཆུང་མདོག་དཀར་པོ་འོད་འཁྱུག་སེའི་ནང་དུ་བསྡད་དེ་སོང་། ངོ་མ་བཤད་ན། རླངས་འཁོར་འདི་འདྲ་སྤུས་ལེགས་ཤིག་གི་ནང་དུ་རྨི་ལམ་ནང་དུའང་བསྡད་མ་མྱོང་བས་ངའི་རྐང་ལག་བཞི་བོ་གང་ལ་འཇོག་དགོས་པའང་མ་ཤེས། ངའི་སེམས་སུ། ང་ནི་བུ་མོ་ལས་ངན་ནང་གི་ལས་ཅན་ཞིག་རེད། སྐྱབས་བསླུ་མེད་དཀོན་མཆོག་གསུམ་ལ་དང་བའི་སེམས་ཀྱིས་གསོལ་བ་བཏབ་ན་གེགས་བར་ཆད་དང་སྡུག་བསྔལ་ཚང་མ་སངས་བར་ངེས་ཟེར་བ་ལོས་བདེན། ངས་མཐའ་དག་བློས་བཏང་སྟེ་བློ་ཁ་ཆོས་ལ་ཕྱོགས་པས་དཀོན་མཆོག་གིས་སྤྱན་གྱིས་གཟིགས་ཏེ་གྲྭ་པ་འདི་འདྲའི་བྱམས་དང་སྙིང་རྗེ་ཡིས་ཕྱུག་པ་གཅིག་དང་འཕྲད། ་མ་ཎི་པདྨེ་ཧཱུྃ དཀོན་མཆོག་གསུམ་པོས་མཁྱེན། ཞེས་དྲན་པའི་མོད་ལ་སེམས་སུ་སྤོབས་པ་ཆེན་པོ་ཞིག་འཕེལ་སོང་།
"ཁྱེད་ཀྱི་ཁང་པ་གང་ན་ཡོད།"
"ད་ཐོན་ཚར་ནི་རེད།"ཅེས་གསུངས་ཞོར་རླངས་འཁོར་སྒོ་ཆེན་ཞིག་གི་ནང་དུ་བསྐོར། ཁོང་གི་བཞུགས་ཁང་ནི་ཐོག་བརྩེགས་ལྔ་པ་རེད། ཁང་པའི་སྒོ་ཕྱེས་རྗེས་ང་ནི་ཧ་ལས་ཤིང་ཧོན་ཐོར། ཁང་པ་ཧ་ཅང་རྒྱ་ཆེ་བ་མ་ཟད་ཁང་མིག་ཆེ་ཆུང་མང་པོ་ཡོད། ཁང་པའི་ནང་དུ་འཛུལ་མ་ཐག་ཁོས་ལྷམ་བརྗེས་པ་དང་ངའི་སྔུན་ལ་འདྲུད་ལྷམ་ཆ་གཅིག་བཞག ངས་ལྷམ་བརྗེས་རྗེས་དལ་གྱིས་ཁང་པའི་ཕྱོགས་ཡོངས་སུ་བལྟས།
"འདུག་སའི་སྟེང་ལ་བསྡད་ནས་ཇ་འཐུངས།" ཨ་ཙི། ཅི་འདྲའི་མཛེས་ཤིང་ཡིད་དུ་འོང་བའི་ཁང་པ་འཛོམས་པོ་ཞིག་རེད་ཨང་། ཉལ་ཁང་གཉིས། འགྲུལ་ཁང་། ཟ་མ་གཡོས་ས། ཟ་མ་ཟ་ས། སྤྱོད་ཁང་། ད་དུང་། འཁྲུ་ས……ཁང་པའི་ནང་གྲ་དག་ཅིང་གཙང་མ་ཡིན་པ་མ་ཟད། དཔེ་ཆ་ཧ་ཅང་མང་པོ་བཞག་ཡོད། ངའི་ཡིད་ལ་ཕ་ཡུལ་གྱི་རྣམ་པ་འཁོར་བས་སེམས་སུ་རང་དབང་མེད་པར་སྨོན་པ་དང་ཕྲག་དོག་ཅིག་ལྷན་དུ་སྐྱེས།
"བུ་མོ། ཁྱོད་ཀྱི་མིང་ལ་ཅི་ཟེར།"
ཞེས་འདྲི་ཞོར་སྐེའི་ཕྲེང་བ་ཕྱག་གིས་བླངས་ཏེ་ཕྲེང་?ག་འགའ་བཏང་རྗེས་ཡང་བསྐྱར།
"བུ་མོ་ཁྱེད་ཀྱི་མིང་ལ་ཅི་ཟེར། ཟ་ཁང་ནང་ནས་སྟབས་མི་བདེ། ད་ངེད་གཉིས་སེམས་བདེ་བདེ་བྱས་ནས་ཁ་བརྡ་བྱས་ཏེ་ཕན་ཚུན་རྒྱུས་ལོན་རྗེས་ཤ་ཉེ་གྲོགས་པོ་སྒྲིག་ཆོག"
"ངའི་མིང་འོད་ཟེར་འཚོ་ཟེར།"
མིང་ཡག་པོ་འདུག ཁྱོད་ཟི་ལིང་ལ་ཡོང་དོན་ཅི་ཡིན།" ཁོང་ཉིད་ཀྱིས་ང་ལ་གཟབ་ནན་གྱིས་དྲིས། ངས་ཀྱང་རྒྱུ་མཚན་མ་ལུས་པར་བཤད། ཁོང་ཉིད་ཀྱི་གདོང་ལ་བྱམས་བརྩེའི་འཛུམ་དང་སྙིང་རྗེའི་མདངས་ཤིག་ཤར་ཏེ།
"འོ……ཁྱོད་ལ་ཁག་མི་འདུག མི་སུ་ཡིན་ཡང་དཀའ་ཁག་དང་སྡུག་བསྔལ་མང་པོ་དང་འཕྲད་སྲིད། ཁྱོད་ལ་ཕྱིའི་སྐྱེས་གཟུགས་ཡག་པོ་ཞིག་ཡོད་པ་མ་ཟད། ནང་སེམས་པའང་དཀར་པོ་ཞིག་གདའ། ངོ་མ་ཡག་པོ་རེད། རྗེས་མར་ཁྱོད་ལ་དོན་དག་ཅི་ཡོད་ན་ངས་རོགས་པ་བྱ་ཆོག ངའི་མིང་ལ་ཉི་མ་ཟེར། ཕ་ཡུལ་སི་ཁྲོན་ནས་ཡིན། ཕ་ཡུལ་གྱི་མི་ཚང་མས་ང་ལ་བླ་མ་ཉི་མ་ཟེར། ང་ལ་སི་ཁྲོན་ནས་དགོན་པ་ཆུང་ཆུང་ཞིག་དང་གྲྭ་པ་བརྒྱད་ཅུ་ལྷག་ཡོད། དགོན་པ་གཞི་རྒྱ་ཆུང་ཞིང་གྲྭ་པ་རྣམས་ཀྱི་འཚོ་བའི་མཐུན་རྐྱེན་ཧ་ཅང་ཞན། དགོན་པ་དང་གྲྭ་པ་རྣམས་ཀྱི་ཆེད་དུ། ང་རང་རྒྱ་ནག་གི་གྲོང་ཁྱེར་མང་པོ་ལ་འགྲོ་མྱོང་། མ་ཚད་ཧྲང་ཧེ་དང་ཧྲིན་ཀྲིན། ཝུའུ་ཧན་སོགས་ནས་ཡོན་བདག་དང་སློབ་མ་མང་པོ་ཡོད། དགོན་པ་ཞིག་གསོའི་ཐད་ལ་ཁོང་ཚོས་རྒྱབ་སྐྱོར་དང་རོགས་རམ་བྱེད་ཀྱིན་ཡོད། ངའི་དགོན་པ་ན་ཁ་པར་མེད་པས་ཁོང་ཚོ་དང་འབྲེལ་བ་བྱེད་དཀའ། དེ་ཞོར་ཁང་བ་འདི་དང་རླངས་འཁོར་འདི་ཚང་མ་ཁོང་ཚོས་ཉོ་རོགས་བྱས་སོང་།"
སྐབས་དེར་ངའི་ལུས་སེམས་ཡོངས་སུ་བཤད་མི་ཤེས་པའི་ཚོར་བ་དྲག་པོ་ཞིག་གིས་ཁྱབ་པས་ངའི་གདོང་ཡང་ཚ་ལམ་ལམ་དུ་གྱུར་ནས་ཡང་ཐག་སེ་ཡར་ལང་ཏེ།
"ཁྱོད……ཁྱེད……ངོ་མ……བླ་མ་ཨེ་ཡིན……"ཚིག་འདི་ངག་ལས་ཇི་ལྟར་ཤོར་བ་མི་དྲན། "ཁྱོད་རང་ཡར་ལང་མི་དགོས། སྡོད……སྡོད། ཁྱོད་ཀྱིས་བདེན་མི་བཟུང་བ་ཨེ་ཡིན།"
"བདེན་མི་བཟུང་བ་ཟེར་ན……"
"ཁྱོད་ཀྱིས་ཡིད་མི་ཆེས་པ་ཨེ་ཡིན།"
"མིན་མིན་མིན……བླ་མ་རིན་པོ་ཆེ།"
ཁོང་ཉིད་ཀྱིས་ཕྲེང་བ་སྐེ་ལ་གོན་པ་དང་ཇ་ཧུབ་གང་བཏུང་རྗེས་སྒྲ་གདངས་དག་ལ་གཟབ་ནན་གྱིས། "སྤྱིར་བཤད་ན། མི་སུ་དང་སུ་ཞིག་ཡིན་ན་དཀོན་མཆོག་གསུམ་ལ་སྐྱབས་བཅོལ་ཏེ་སེམས་པ་རྩེ་གཅིག་ཏུ་དམ་པའི་ཆོས་ལ་ཕྱོགས་ན་དེ་ནི་དོན་དག་ཤིན་ཏུ་ཡག་པོ་ཞིག་ཡིན། འོན་ཀྱང་སྤྱི་ཚོགས་ནི་སྐྱིད་སྡུག་ལས་གྲུབ་པས་འཚོ་བའི་ཁྲོད་དུ་སྡུག་བསྔལ་ཡོད་ལ་བདེ་སྐྱིད་ཀྱང་ཡོད། བདེ་སྐྱིད་ཀྱི་ཆེད་དུ་དཀའ་ཁག་དང་སྡུག་བསྔལ་མང་པོ་མྱང་དགོས་པ་ནི་འཇིག་རྟེན་གྱི་ཆོས་ཉིད་རེད། དཀའ་ཁག་ཅུང་ཙམ་ལ་ཕྲད་ནས་ངེས་འབྱུང་སྐྱེས་པ་དེ་ནི་རེ་ཞིག་གི་ངེས་འབྱུང་ཙམ་ཡིན། དེ་ལྟར་ཆོས་བྱས་ན་རྗེས་ཕྱོགས་བློ་ལ་འགྱུར་ལྡོག་འབྱུང་སྲིད། ཁྱོད་ད་དུང་བུ་མོ་ཆུང་ཆུང་རེད། ད་ལོ་རྒྱུགས་མ་འཕྲོད་ཀྱང་སང་ལོ་བརྒྱ་ཆ་བརྒྱ་སློབ་གྲྭ་ཆེན་མོར་འགྲོ་ཐུབ་རྒྱུ་རེད། སློབ་གྲྭ་ཆེན་མོ་མཐར་ཕྱིན་རྗེས་ཆོས་ལ་ཞུགས་ནའང་འཕྱི་མེད།" "གལ་ཏེ་སང་ལོ་ཡང་རྒྱུགས་མ་འཕྲོད་ན……བརྒྱ་ཆ་བརྒྱ་འཕྲོད་ངེས་རེད། གལ་ཏེ་མ་འཕྲོད་ན་ངའི་སར་ཤོག"ཅེས་གསུང་ཞོར་འཇམ་ལ་ཡང་བའི་ཕྱག་གཡས་པས་ངའི་མགོ་ལ་མཇལ་ཁ་གནང་བ་དང་མཉམ་དུ་བྱམས་པའི་ངག་གིས།
"དེ་རིང་ནས་བཟུང་སྟེ་ཁྱེད་ཀྱིས་སྒྲོལ་མ་དང་བར་ཆད་ལམ་སེལ་གཉིས་ཁ་འདོན་བྱས་ནས་རྒྱུན་དུ་འདོན་རྒྱུ་གལ་ཆེ། ང་ལ་ཡིད་ཆེས་བྱས་ཆོག"ཅེས་གསུངས།
བྱང་ཆུབ་སེམས་དཔའ་བློ་ལྡན་ནི། །རིགས་ནི་མཚན་མ་དག་ལས་ཤེས། །ཞེས་པ་བདེན་དོན་རེད། ཁོང་གི་སྐུ་ལུས་དང་ཞལ་རས། ཟོལ་མིན་བདེན་པའི་གསུང་ཚིག……ངའི་ཡིད་ཀྱི་དད་པའི་སྤུ་ལོང་རབ་ཏུ་གཡོས་ཏེ་མིག་ལས་མཆི་མ་ཁྲོམ་ཁྲོམ་དུ་ལྷུང་སོང་།
བླ་མ་ཉི་མའི་གདམས་ངག་དྲི་མ་མེད་པ་དག་ཡིད་ལ་དམ་པོར་བཟུང་ནས་ཕྱིར་ཕ་ཡུལ་དུ་སོང་ནས་ཁ་འདོན་རྒྱུན་ཆད་མེད་པར་བཏོན་པ་དང་བསྐྱར་སྦྱོང་གང་ལེགས་བྱས་པས་སྤྱི་ལོ1993ལོའི་ཟླ་བ་བདུན་པའི་ནང་ངེད་ཚང་ལ་སྐྱིད་ཀྱི་ཉི་མ་ཤར་སོང་། ང་རང་མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོ་རུ་རྒྱུགས་འཕྲོད་སོང་། ང་རང་སྡུག་བསྔལ་དང་མིག་ཆུའི་འཆིང་རྒྱ་ལས་ཡོངས་སུ་ཐར། ངའི་བསམ་དོན་གྲུབ་སོང་། ཡིན་རྒྱུ་ནི་བླ་མ་ཉི་མས་ངའི་མུན་ནག་གི་འཇིག་རྟེན་དང་ངའི་ལས་དབང་ལ་བྱིན་རླབས་ཀྱིས་ཁ་ལོ་བསྒྱུར་སོང་བ་མ་གཏོགས་སུས་ཀྱང་མི་ཤེས། ངའི་དད་པ་ཇེ་བརྟན་དུ་སོང་། ངས་བླ་མ་ཇེ་དྲན་དུ་སོང་།
སློབ་གྲྭ་སོང་ནས་གཟའ་འཁོར་གཅིག་འགོར་མ་ཐག་ང་རང་བླ་མ་ཉི་མའི་བཞུགས་ཁང་དུ་སོང་། ངས་སེམས་ཆུང་སྒོས་སྒོ་བརྡུངས། ངས་བླ་མར་དང་པོ་སྐད་ཆ་ཅི་ཞིག་བཤད་དགོས་སྙམ་བཞིན་པའི་སྒང་ལ་སྒོ་ཁྲོག་སེ་ཕྱེས་སོང་། སྒོ་འབྱེད་མཁན་བླ་མ་མིན་པར། དེ་ནི་རྒྱ་མོ་ཆུང་ཆུང་གདོང་ལ་སྐེགས་དཀར་པོ་བསྐུས་པ་དང་མཆུ་སྒྲོས་ཤིན་ཏུ་དམར་བ། མགོའི་སྐྲ་ཧ་ཅང་ཐུང་ལ་འཇིལ་བ། ཚིལ་ལེན་ནག་པོ་གོང་ཁ་ཧ་ཅང་དམའ་བ་དང་རྐང་སྣམ་ཤ་ལ་འབྱར་བ་མདོག་དམར་པོ་གྱོན་ཡོད། འདྲུད་ལྷམ་གོན་ཡོད་མོད་རྐང་འབོལ་གོན་མེད་པ་མ་ཟད་རྐང་བའི་སེན་མོའི་སྟེང་དུ་ཚོན་མདོག་དམར་པོ་བསྐུས་ཡོད་པས་མེ་ཏོག་ཞིག་དང་འདྲ། ང་རེ་ཞིག་དེར་ཧད་སོང་། རྒྱ་མོ་དེས་ཧ་ཅང་འཚིག་པ་ཟ་བའི་ཚུལ་གྱིས་ངའི་མགོ་ནས་རྐང་པའི་བར་ཞིབ་བལྟ་ཞིག་བྱས་རྗེས་ཁ་ཕྱིར་འཁོར་ཏེ་རྒྱ་སྐད་ཀྱིས།
"ཁྱོད་ལ་འགྲུལ་པ་ཐོན་འདུག"ཅེས་བཤད་རྗེས་ང་ནང་ལ་ཤོག་མི་ཟེར་བར་སྒོ་ཁྲོག་སེ་བརྒྱབ་ནས་ཕྱིར་སོང་། ཅུང་མ་འགོར་བར་རྒྱ་མོ་དེས་ཀོ་ཁུག་ཆུང་ཆུང་ལུང་བཏགས་ཤིན་ཏུ་ཕྲ་ལ་རིང་བ་ཞིག་ཁུར་ནས་ཨོང་ཤ་ཆུང་ལ་འབུར་བ་དེ་ཕར་གཡུག་ཚུར་གཡུག་བྱེད་ཞོར་?་སྐས་ལས་ཐག་ཐག་ཐག་མར་བབས། ངའི་མིག་ཟུང་ཁོ་མོའི་རྗེས་ལ་ཕྱོགས་ནས་ཕྱིར་འཐེན་ཐབས་མེད་པའི་སྐབས།
"འོ། ཁྱོད་ཡིན་ནམ། ལ་མོ་ནང་ལ་ཤོག"བླ་མ་ཉི་མའི་འཇམ་ལ་འདྲིས་ཆེ་བའི་གསུང་ངག་སྙན་མོས་ང་རང་རྒྱ་མོ་མཛེས་མ་དེའི་རྒྱབ་གཟུགས་དང་འབྲལ་བར་བྱས།
"ཁྱེད་རང་བདེ་མོ་ཡིན་ནམ"ངས་བླ་མར་དྲིས། ཕལ་ཆེར་མ་གོ་བ་འདྲ། ཁོང་གིས་ང་ལ་ལན་མ་བྱིན། ང་རང་འགུལ་གྱིས་ས་ཧྥ་ཐོག་ཏུ་བསྡད། ཁོང་ཉིད་ཀྱིས་ངའི་ལག་ལ་ཇ་ཕོར་བཞག་རྗེས་གདོང་ལ་འཛུམ་ཞིག་བསྟན་པ་དང་ཕྱག་ཟུང་གཉིས་ཀྱིས་ངའི་མགོ་ལ་བྱིལ་བྱིལ་འགའ་བྱས་ཏེ་ཁོང་གི་དཔྲལ་བས་ངའི་ཐོད་པར་གཏུགས།
ངའི་སེམས་བློང་བློང་བོར་གྱུར་ཏེ་ལག་གི་ཇ་ཕོར་མདུན་ཅོག་ཐོག་ལ་བཞག་པ་དང་འདུག་མ་ལངས་ཀྱིས་ཡང་བསྐྱར།
"ཁྱེད་རང་བདེ་མོ་ཨེ་ཡིན།"ཞེས་དྲིས།
ཁོང་ཉིད་ཀྱིས་ཅི་ཡང་མ་གསུང་བར་རེ་ཞིག་བསྡད།
"ཁྱོད་ཀྱིས་དོགས་པ་མ་ཟ། རྒྱ་མོ་དེ་ངའི་སློབ་མ་ཡིན། ཁྱིམ་ཚང་ཧ་ཅང་ཕྱུག་པོ་ཚང་ཞིག་གི་བུ་མོ་རེད།"
"……"
ངས་ཅི་ཞིག་བཤད་དགོས་པ་མ་ཤེས། དོན་ངོ་མས་བཤད་ན་བླ་མ་དང་མཇལ་རྗེས་ངས་ད་གིན་གྱི་རྒྱ་མོ་དེ་ཡེ་ནས་བརྗེད་སོང་།
"ཁྱོད་རང་རྒྱུགས་འཕྲོད་ཡོད་པ་སྔ་མོ་ནས་ཤེས་ཡོད།"
"གཙོ་བོ་བླ་མ་ཁྱེད་ཀྱི་དྲིན་ཡིན།"
"མིན། གཙོ་བོ་ཁྱོད་ལ་ཡིད་ཆེས་དང་བརྩོན་འགྲུས་ཡོད་པས་རེད།"
"གང་ལྟར་ངས་ཁྱོད་ལ་སྙིང་ཐག་པ་ནས་བཀའ་དྲིན་ཆེ་ཞུ།"
"ངས་ཁྱོད་ཀྱིས་ང་བརྗེད་སོང་བ་རེད་བསམས་སོང་།"
"དཔེ་མི་སྲིད། བླ་མ་དྲིན་ཆེན། ངས་ནམ་ཡང་བརྗེད་མི་སྲིད།"
"དེ་ནི་ཡག་པོ་འདུག ངས་ཀྱང་ཁྱོད་ལ་ཡིག་ཆས་ཉོ་བྱེད་སྒོར་?ག་འགའ་གྲ་སྒྲིག་བྱས་ཡོད།" ཅེས་གསུངས་ཞོར་རུམ་ནས་སྒོར་ཁུག་དམར་པོ་ཞིག་བཏོན་པ་དང་དེ་ལས་སྒོར་མང་པོ་བླངས་ནས་ང་ལ་གཏད།
"མིན་མིན་མི་དགོས། ང་ལ་སྒོར་མོ་འདི་འདྲ་མང་པོ་མི་དགོས།"
"གླེན་མ། འདི་ཁྱོད་ཀྱིས་ཡིག་ཆས་ཉོ་བྱེད་བྱོས། མང་པོ་མེད། སྒོར་ལྔ་བརྒྱ་མ་གཏོགས་མེད།" ཁོས་ནན་གྱིས་སྒོར་ལྔ་བརྒྱ་ངའི་ལག་ཏུ་བརྫངས། ངའི་ལག་ཟུང་ལྷུག་ལྷུག་འདར་བ་དང་སེམས་འགུལ་ཐེབས་པའམ་ཡིད་མི་ཆེས་པ་ཅི་ཡིན་མི་ཤེས་མོད་ངག་ལས་བཀའ་དྲིན་ཞུ་བའི་ཚིག་གཅིག་ཀྱང་མ་ཐོན། བླ་མས་ངའི་རྣམ་འགྱུར་མཐོང་འཕྲལ་ངག་འཇམ་པོས།
"འོད་ཟེར་མཚོ་མོ། ངེད་གཉིས་ཐུག་འཕྲད་བྱུང་ནས་ཕན་ཚུན་ངོ་ཤེས་པ་ནི་སྔོན་བསགས་ཀྱི་ལས་རེད། ངེད་གཉིས་ཀྱི་ལས་དབང་འདི་ལ་སུ་ཞིག་གིས་ཀྱང་བསྒྱུར་བཅོས་དང་བར་ཆད་བཟོ་མི་ཐུབ།"ཅེས་གསུངས།
ཁམས་ཕྱོགས་ཀྱི་མི་རྣམས་ཀྱི་མིང་ནི་ཕལ་ཆེར་ཡིག་འབྲུ་བཞི་རེ་ཅན་ཡིན་པས་བླ་མ་ཉི་མས་ཀྱང་ང་ལ་འོད་ཟེར་མཚོ་མོ་ཞེས་འབོད། ངས་ལག་གི་སྒོར་མོ་དེ་ཕྱིར་བླ་མར་གཏད་ནས།
"ང་ལ་འདི་འདྲ་མང་པོ་མི་དགོས"ཞེས་སེམས་གཏིང་ནས་བཤད།
"བུ་མོ་གླེན་མ། གྲོང་ཁྱེར་དང་འབྲོག་ཁུལ་གཉིས་མི་འདྲ། དེ་རིང་སྲང་མདོ་ལ་སོང་ནས་གོན་རྒྱུ་ཡག་པོ་ཉོས། ཀོ་ལྷམ་ཡང་ཉོས་ནས་གོན། རྗེས་ཕྱོགས་གོན་རྒྱུ་ཡག་པོ་རྐྱང་རྐྱང་གོན། སྒོར་མོ་ངས་ཁྱེད་ལ་སྟེར་ཡོང་།"
"མིན་མིན་མིན། ང་ལ་གོན་རྒྱུ་ཡོད།"
"གལ་ཏེ་ཁྱོད་ཀྱིས་ངའི་ཁ་ལ་མ་ཉན་ན། ང་ལ་འདང་མེད་པའི་རྟགས་ཡིན། སོང་སོང་སོང་། དེ་རིང་སྲང་མདོར་གོན་རྒྱུ་དང་ཡིག་ཆས་ཉོ་རུ་སོང་། ལ་མོ་ལ་མོ"
"ང་ང……"
རྒྱ་གྲོང་ནས་ངས་རང་ལ་ཅ་ལག་ཅི་མཁོ་ཉོས་མོད་སྒོར་ཉིས་བརྒྱ་ལས་བཀོལ་མ་དགོས། ཕྱིར་བླ་མའི་མདུན་ལ་འགྲོ་དགོས་སྙམ་མོད། སློབ་གྲྭའི་དགོང་ཚོགས་ཚོགས་དགོས་པས་སློབ་གྲྭར་སོང་།
གཟའ་ཉི་མའི་ཉིན། ག་འགྲོ་འདི་འགྲོ་མེད་པས་ཡང་བླ་མ་ཉི་མའི་བཞུགས་སར་མི་འགྲོ་ཐབས་མེད་རེད། ངས་དར་ཁྱབ་ཆེ་བའི་གོན་རྒྱུ་ཡག་པོ་དག་གོན་ནས་བླ་མ་ཉི་མའི་བཞུགས་སར་སོང་སྟེ་སེམས་ཆུང་སྒོས་སྒོ་བརྡུངས། སྒོ་ཕྱེས་བྱུང་། སྒོ་འབྱེད་མཁན་བླ་མ་མིན་པར། རྒྱ་མོ་ཆ་མེད་ཅིག་རེད། མོ་ཡང་ཧ་ཅང་མཛེས། གཟུགས་ཕྲ་ཞིང་རིང་ལ་ངོ་གདོང་ཅུང་རིང་བ་དེ་ནི་དཀར་ལ་འོད་མདངས་ལྡན། སྐྲ་ཅུང་རིང་བ་དེས་ཕྲག་པ་གཡས་གཡོན་དུ་ཞོམ། ལུས་ལ་ཧ་ཅང་སྲབ་ལ་པུས་མོའི་ཚིགས་ལ་ཐུག་པ་མདོག་དཀར་ལ་རྒྱ་ཆེ་བ་ཞིག་གྱོན་ཡོད། ཁོ་མོ་གློག་བརྙན་ནང་གི་བུ་མོ་ཞིག་དང་འདྲ། རྒྱ་མོ་དེས་ངའི་མགོ་ནས་མཇུག་བར་ཐེངས་གཅིག་བལྟས་རྗེས་རྒྱ་སྐད་ཀྱིས"ནང་ལ་ཤོག"ཟེར་རྗེས་འདྲུད་ལྷམ་ཆ་གཅིག་ངའི་སྔོན་ལ་གཡུགས། བླ་མས་ང་མཐོང་མ་ཐག"ཤོག་ཤོག་ཤོག ངས་ད་ནངས་སྔ་མོ་ནས་ཁྱེད་ལ་བསྒུགས་ནས་བསྡད་པ་ཡིན། ཁྱེད་རང་གིས་ཇ་བླུགས་ནས་འཐུང་། འོ……གོན་རྒྱུ་ཡག་པོ་ཉོས་འདུག"
སྐབས་དེར་རྒྱ་མོ་མཛེས་མ་དེས་གདོང་ལ་རྣམ་འགྱུར་མཚར་པོ་ཞིག་ཤར་ནས་རྒྱ་སྐད་ཀྱིས།
"ཁོ་མོ་སུ་རེད།"ཅེས་དྲིས།
"ངའི་སྲིང་མོ་རེད། ད་སོ་མ་ཕ་ཡུལ་ནས་ཡོང་བ་རེད།"བླ་མས་རྒྱ་སྐད་ཀྱིས་ལན་བཏབ།
"བུ་མོ་ཡག་པོ་ཞིག་འདུག ཁྱོད་ཀྱི་སྲིང་མོ་ཐམས་ཅད་ལས་ཆེས་ཡག་པའི་བུ་མོ་རེད། ཁྱོད་ཀྱིས་བལྟས་ན་དེ་འདྲ་ཨེ་རེད། འོན་ཀྱང་ལུས་པོ་བཀྲུ་དགོས་རྒྱུ་རེད། མར་དྲི་འཐུལ་འདུག……ཨ……ཧ……ཧ་ཧ་ཧ"ཁོ་མོས་རྒྱ་སྐད་ཀྱིས་ཧབ་ཆ་རྒྱག་ཞོར་བཤད། ངའི་སེམས་མི་བདེ་བར་གྱུར།
"ང་རང་ཁོ་མོའི་དྲི་མ་འདི་ལ་དགའ།" བླ་མའི་རང་རློམ་ཆེན་པོས་རྒྱ་སྐད་ཀྱིས་བཤད།
རྒྱ་མོ་དེས་རྒྱ་སྐད་ཀྱིས།
"དེས་ན་ཧ་ཅང་བཟང་། ད་ང་འགྲོ་རན་འདུག དོན་དག་མེད་དུས་ང་ལ་ཁ་པར་གཏོང་རོགས"ཞེས་ཟེར་ཞོར་ཀོ་ཁུག་ནག་པོ་གཅིག་མཆན་ལ་བཙིར་ནས་སྒོ་ཁྲོག་སེ་བརྒྱབ་སྟེ་བུད་སོང་། དོན་དག་མེད་དུས་ཁ་པར་གཏོང་དགོས་དོན་ཅི་ཡིན་ངས་གཏིང་མ་དཔོག
བླ་མ་ཉི་མའི་གདོང་ལ་དམར་མདངས་ཤིག་རྒྱས་ཡོད་པ་དང་། ངའི་སྣང་བ་མིན་ན་ཁང་པའི་ནང་དུ་ཆང་དྲིའམ་སྤོས་དྲི་ཡང་ན་རྒྱ་མོའི་ལུས་ལས་བྲོ་བའི་དྲི་ཞིམ་མཉམ་འདྲེས་ཀྱི་དྲི་ཞིག་གིས་ཁྱབ་འདུག ཁོང་གཉིས་ཀྱི་གཏམ་གླེང་ཐུང་ངུ་དང་རྒྱ་མོའི་རྣམ་འགྱུར་སོགས་ཀྱིས་ང་ལ་དོགས་མི་བདེ་བ་བཟོས་པས་ང་སོང་ན་འགྲོ་མ་ཐུབ། བསྡད་ན་འདུག་མི་བདེ་བར་གྱུར་ཏེ་ནང་དཀྱིལ་ནས་ལངས་ཏེ་ལག་པས་ལྭ་འདབ་ཕུར་ཕུར་བྱས། མཁྱེན་རྒྱ་ཡངས་པའི་བླ་མ་ཉི་མས་ཚམ་ཚོམ་མེད་པར་ཕྱག་ཟུང་མཉེན་པོས་ང་རང་ཁོའི་པང་ལ་སྦྱར། ངས་འཁང་ར་མ་བྱས་ལ་རྒོལ་ལན་དེ་བས་ཀྱང་སློག་མ་ཕོད། ཁོས་ངའི་མགོ་ཁོང་ཉིད་ཀྱི་བྲང་ལ་སྦྱར་བ་དང་ངའི་མགོ་ལ་ཕྱག་ཟུང་གིས་བྱིལ་བྱིལ་འགའ་བྱས་རྗེས་ངའི་ལུས་པོ་ཡོད་ཚད་ཁོའི་སྐུ་ལུས་དང་ཤུགས་ཀྱིས་སྦྱར། ཁང་པའི་ནང་དུ་གྲགས་འགུལ་ཅི་ཡང་མེད། ངའི་རྣ་བར་ཐོས་པ་ནི་ཁོང་ཉིད་ཀྱི་སྙིང་གི་ལྡིང་ཚད་ཁོ་ན། ངའི་དབུགས་ཀྱང་ལེན་དཀའ་བར་གྱུར།
"འོད་ཟེར་མཚོ་མོ། ང་ཁྱོད་དང་བྲལ་ཐབས་མི་འདུག"
"……"
"གོང་རྒྱལ་པོ་ནས་དམའ་སྤྲང་པོ་ཡིན་ཡང་ཚང་མ་ལ་རང་རང་གིས་འདོར་མི་ཐུབ་པའི་གཅེས་ནོར་རེ་ཡོད། ང་ཡང་དེ་རྣམས་དང་འདྲ་འདྲ་ཡིན། ངས་ནམ་ཡང་ཁྱེད་རང་སེམས་ནས་འདོར་མི་ཐུབ། ཁྱོད་ནི་ང་ཡི་གཅེས་ནོར་ཡིན།"
"མིན་མིན……མིན། ཁྱོད་ནི་བླ་མ་ཡིན་པས……"ངས་ནུས་ཤུགས་ཡོད་ཚད་བཏོན་ཏེ་ཁོང་གི་ཕྱག་ཟུང་ལྷོད་དུ་བཏང་།
"གླེན་མ། བླ་མ་ཡང་མི་ཡིན། བླ་མའི་ནང་ནས་བདག་མོ་བཞེས་མཁན་ཡང་ཡོད།"
"བདག་མོ་དེ་དག་མཁའ་འགྲོ་མ་རེད།"
"མཁའ་འགྲོ་མ་ལ་ཡང་བརྩེ་དུང་ཡོད་ན། ཁྱོད་ལ་ཅིའི་ཕྱིར་ཡོད་མི་ཆོག"
"……"ངའི་སེམས་བློང་བློང་པོར་གྱུར་ཏེ་ཅི་ཞིག་བྱ་དགོས་པ་མ་ཤེས་པར་ཕུ་རུང་ལ་སོ་འབྲེད་བྱས་ཏེ་ཁ་ལས་ཆེ་ཙམ་ཞིག་བརླན་པར་བྱས།
ཕྱིར་འདང་རེ་བརྒྱབ་ན་ང་ནི་དངོས་གནས་རང་ཚུགས་མེད་ལ་གང་དྲན་རྗེས་སུ་འབྲངས་བའི་བུ་མོ་སྨྱོན་མ་ཞིག་རེད། ཁོང་ཉིད་ཀྱིས་ཕྱག་ཟུང་འཇམ་ལ་དྲོད་དང་ལྡན་པ་དེས་ངའི་འགྲམ་པ་སྐྱོར་ཏེ་ཧ་ཅང་བརྩེ་དུང་ལྡན་པའི་ངང་མཆུ་སྒྲོས་མཐུག་ལ་དམར་བ་དེས་ངའི་སྐྲ་ལ་སྦྱར་རིམ་བཞིན་ངའི་ཐོད་པ་ལ་སྦྱར་ངའི་མིག་ཟུང་ངའི་འགྲམ་པ་ངའི་རྣ་བ……ངའི་ཁ་ལ་སྦྱར……ཤུགས་ཀྱིས་སྦྱར། ངས་དབུགས་ཀྱང་ལེན་དཀའ། སྐབས་དེར་ངས་འཁང་ར་བྱེད་འོས་མོད་བརྩེ་དུང་གིས་རབ་ཏུ་བཟི་བའི་བུ་མོ་ང་ལ་རང་དབང་ཅི་ཡང་མ་བྱུང་ཧ་ཅང་ཞིམ་ལ་མངར་བའི་བུ་རམ་དང་བདུད་རྩི་ལས་ལྷག་པའི་བརྩེ་དུང་གི་འོ་དེ་སུན་རྒྱུ་མེད་པའི་འོ་མ་དང་འདྲ་བས་ངས་འཐུང་མཚམས་འཇོག་མ་འདོད་ལ་འཇོག་ཀྱང་མི་ནུས། མཚན་མོ་དེར་ང་དེ་རུ་ལུས།
དུས་དེ་ནས་བཟུང་སྟེ་ངའི་ཡོད་ཚད་འགྱུར་ཟིན།
མི་སུ་ཡིན་ཡང་རང་སྡུག་རང་གིས་མྱོང་བ་མི་ཤེས་པའི་དུས་ནི་བརྩེ་དུང་གི་རྦ་རླབས་དྲག་ཏུ་འཕྱོ་བའི་སྐབས་ཡིན་པ་ངས་གསལ་པོར་ཤེས། ང་རང་བརྩེ་དུང་དང་ལོངས་སྤྱོད་ཀྱི་ཁྲོད་དུ་ར་བཟི་སྟེ་དུས་ཚོད་ག་ནས་ཟད་པ་ཧ་མ་གོ ཡང་ན་ངས་ལོ་ངོ་གཉིས་ཀྱི་དུས་ཚོད་དང་རང་གི་བརྩེ་དུང་ཕལ་ཆེར་བླ་མ་ཉི་མར་ཕུལ་ཞེས་བཤད་ནའང་མི་ཆོག་རྒྱུ་མེད། ཉིན་ཞིག་ང་ན་བས་སྨན་ཁང་དུ་སོང་བ་ན་ང་ལ་མངལ་ཆགས་ནས་ཟླ་གཅིག་ལྷག་སོང་ཡོད་པ་ཤེས། གང་ལྟར་བླ་མ་ཉི་མ་ལྟ་བུའི་བློ་གཏོད་སའི་གཏན་གྲོགས་ཤིག་ཡོད་པས་སློབ་མཐར་ཕྱིན་མ་ཐུབ་ཀྱང་སྐྱོན་ཆེན་པོ་མེད་བསམ་སྟེ་ང་རང་འགུལ་གྱིས་སློབ་གྲྭ་ལས་ཕྱིར་བུད་དེ་བརྩེ་དུང་གིས་ཕྱུག་པའི་བླ་མ་ཉི་མའི་བཞུགས་ཁང་དུ་སོང་།
ངས་རང་ཁྱིམ་དང་འདྲ་བའི་བླ་མའི་བཞུགས་ཁང་གཙང་སྦྲ་བྱས། བླ་མའི་སྔས་མགོ་ཡར་བཀྱགས་པ་ན་ཧ་ཅང་སྤུས་ལེགས་ཀྱི་སྒམ་ཆུང་དམར་པོ་ཞིག་འདུག ངས་སེམས་ཆུང་སྒོས་ཁ་
ཕྱེས། ཨ་མཚར་རོ། དེའི་ནང་དུ་གསེར་གྱི་གདུ་བུ་ཧ་ཅང་ཡག་པོ་འོད་འཁྱུག་འཁྱུག་བྱེད་པ་ཞིག་འདུག ང་ནི་དགའ་བ་ཆེན་པོས་མྱོས་ཏེ་མགྱོགས་མྱུར་གྱིས་གསེར་གྱི་གདུ་བུ་དེ་ལག་མགོར་གོན་ཏེ་ཁང་པའི་ནང་ནས་གནམ་ལྡིང་ས་ལྡིང་བྱས། བླ་མ་ཉི་མས་ང་ལ་ཧ་ཅང་གཅེས་མོད་རྒྱན་ཆ་འདི་འདྲའི་རྩ་ཆེན་ཞིག་ཉོས་མ་མྱོང་། སྐབས་དེའི་ང་ནི་བསམ་མེད་ཀྱི་བྱིས་པ་ཆུང་ཆུང་ཞིག་དང་འདྲ་བར་ལག་གདུབ་ལ་ལྟ་ཞོར་ཤེལ་སྒོའི་མདུན་ནས་ལག་པ་ཕར་གཡུག་ཚར་གཡུག་བྱས་ཏེ་སྨྱོ་བྲོ་འཁྲབ་འཁྲབ་མཐར་ཐང་ཆད་དེ་ཉལ་སའི་ཐོག་ནས་གན་རྐྱལ་དུ་ལོག་ཏེ་སེམས་ཆུང་སྒོས་འོད་ལམ་ལམ་བྱེད་བཞིན་པའི་གསེར་གྱི་གདུ་བུ་ལ་འོ་ཞིག་བྱས། སྐབས་དེར་ཕྱི་རོལ་ནས་བླ་མ་ཉི་མའི་སྐད་གྲགས་བྱུང་། ང་མགྱོགས་མྱུར་གྱིས་ཡར་ལངས་ཏེ་ཤེལ་སྒོའི་མདུན་དུ་རྒྱུག་ནས་ཟིང་བའི་སྐྲ་རྣམས་ལེགས་པོར་བྱུགས་པ་དང་རྒྱུན་ལྡན་ལྟར་སྒོར་རྒྱབ་ལ་གབ་ནས་བསྡད། བླ་མ་རྒྱུན་ལྡན་ལྟར་ནང་ལ་ཕེབས་བྱུང་། ཡིན་ན་ཡང་རྒྱུན་ལྡན་དང་མི་འདྲ་བ་ནི་བླ་མ་ཉི་མ་དང་མཉམ་དུ་རྒྱ་མོ་མཛེས་མ་ཞིག་ཀྱང་ནང་དུ་འཛུལ་བྱུང་། བླ་མ་ཁོང་ཉིད་ཀྱིས་ངེད་གཉིས་ཀྱི་འབྲེལ་བ་ལ་འགྱུར་ལྡོག་བྱུང་བ་ནས་བཟུང་རྒྱུས་མེད་གང་རུང་ཞིག་ཁང་པ་འདིའི་ནང་དུ་གཏན་ནས་ཁྲིད་མ་མྱོང་། དེ་རིང་རྒྱ་མོ་འདི་ཁྲིད་དགོས་དོན་ཅི་ཡིན་ནམ་བསམ་པ་ཆབས་ཅིག་ངའི་སེམས་ལ་མི་དགའ་བའི་སྣང་བས་བཀང་སོང་། བླ་
མས་ང་མཐོང་མ་ཐག་འཇམ་པོའི་ངག་གིས"འོད་ཟེར་མཚོ་མོ། ཁོ་མོ་ངའི་ཡོན་བདག་ཡིན། ཕ་ཡུལ་ཞང་ཀང་ནས་རེད། དེ་རིང་ཁོ་མོ་ང་འབོད་དུ་ཡོང་བ་རེད། སང་ཉིན་ངེད་གཉིས་མཉམ་དུ་ཞང་ཀང་ལ་འགྲོ་རྒྱུ་ཡིན། ཁྱོད་རང་སློབ་གྲྭ་ཡག་པོ་ཚོགས། ཞང་ཀང་ནས་ཅི་ཙམ་འདུག་དགོས་པ་མི་ཤེས། ང་ལ་སྒུག་མི་དགོས། ཁང་པ་འདིའི་ནང་དུ་ཁྱོད་རང་ཅི་ཙམ་བསྡད་ནའང་ཆོག"ཅེས་བཤད་རྗེས་རྒྱ་མོ་མཛེས་མ་དེ་ལ་རྒྱ་སྐད་ཀྱིས"ཁོ་མོ་ནི་ངས་ཁྱེད་ལ་ནམ་རྒྱུན་གླེང་བའི་ངའི་སྲིང་མོ་ཆེས་ཐ་ཆུང་རེད། དེ་རིང་གཟའ་ཉི་མ་ཡིན་པས་ཁོ་མོ་ངའི་སར་ཡོང་བ་རེད།"ཅེས་བཤད་མ་ཐག་རྒྱ་མོ་དེས་རྒྱ་སྐད་ཀྱིས། "ཨ……དེ་རིང་གཟའ་ཉི་མ་ཡིན་ནམ། ནོར་སོང་བ་མ་ཡིན་ནམ། དེ་རིང་གཟའ་མིག་དམར་རེད།"ཅེས་བཤད་ཞོར་ངའི་མགོ་གཞུག་མེད་པར་ལྟ་ཡག་ཅིག་བྱས་རྗེས་བླ་མ་ཉི་མར"ཁྱོད་ཀྱི་སྲིང་མོ་ཁྱོད་གཉིས་ཤ་ཁྱོད་ཆེ་བ་མ་གཏོགས་འདྲ་འདུག ཁོ་མོ་སྙིང་རྗེ་བོ་ཞིག་འདུག ད་ངེད་གཉིས་འགྲོ་གྲབས་བྱེད།"ཅེས་བཤད། སྐབས་དེར་ང་ལ་སྐད་ཆ་བཤད་པའི་གོ་སྐབས་གཏན་ནས་མེད། བླ་མ་ཉི་མས་ཚམ་ཚོམ་མེད་པར་སྔས་མགོའི་འོག་གི་སྒམ་ཆུང་དམར་པོ་དེ་རྒྱ་མོ་དེའི་ལག་ལ་བཞག་རྗེས"འདི་ངས་ཁྱེད་ལ་ཉོས་པ་ཡིན།"ཞེས་བཤད་པ་དང་མགྱོགས་མྱུར་གྱིས་ན་བཟའ་ཕུད་ནས་རྒྱ་ལྭ་སྔོ་ནག་ཆ་ཚང་ཞིག་གོན། མལ་ཁྲིའི་འོག་ནས་ལྕགས་སྒམ་ཆེན་པོ་ཞིག་
གི་ཁ་ཕྱེས་ཏེ་དེའི་ནང་ནས་ཅ་ལག་མང་པོ་ཞིག་ཕྱིར་བཏོན་པ་དང་དེ་དག་ཤེལ་སྒོའི་མདུན་དུ་བཞག་ནས་རྒྱ་མོ་དེར"ཁྱོད་ཀྱིས་ང་ལ་རོགས་བྱེད་རོགས་ཟེར།"རྒྱ་མོ་དེས་སྒམ་ཆུང་དམར་པོ་དེ་ཁ་ཕྱེས་ཙམ་བྱས་རྗེས་གདོང་ལ་འཛུམ་ཞིག་བྱུང་ནས་ཀོ་ཁུག་ནག་པོ་དེའི་ནང་དུ་བཅུག་པ་དང་ང་ལ"ངེད་གཉིས་ཀྱིས་ཁྱོད་ཀྱི་ཕུ་བོ་ལ་རོགས་བྱེད"ཟེར། ང་འགུལ་ཡང་མ་འགུལ། རྒྱ་མོ་དེས་ལྡེམ་མྱུར་ལྡན་པའི་ངང་བླ་མ་ཉི་མའི་མགོ་ལ་སྐྲ་རྫུན་མ་ཞིག་བཀོན། གདོང་ལ་ཤེལ་མིག་ནག་པོ་ཞིག་བརྒྱབ། སྐེ་ལ་གོང་དཀྲིས་དམར་པོ་ཞིག་དཀྲིས་མཐར་རྒྱ་སྐད་ཀྱིས"ཁྱོད་ནི་འཛམ་གླིང་སྟེང་ཆེས་ཡག་པའི་སྐྱེས་པ་ཞིག་རེད།" ང་ནི་རྣམ་ཤེས་མེད་པའི་བེམ་པོ་ཞིག་གམ་སྨྲ་བ་མེད་པའི་ལྐུགས་པ་ཞིག་དང་གཉིས་སུ་མེད་པར་ཁང་སྟོང་དེ་རུ་ཅི་ཙམ་འགྱིང་བ་ངས་ད་ལྟ་ཡང་མི་དྲན། ཉིན་མང་པོ་ལ་ངས་ཟས་ཀྱི་བྲོ་བ་མ་ཤེས་ལ་གཉིད་ཀྱི་ཚོར་བའང་མ་རྟོགས།
ཉིན་ཐོག་ལ་ཉིན་དང་ཟླ་ཐོག་ལ་ཟླ་བརྩེགས་ནས་ངའི་ལུས་ཕུང་ཇེ་ཆེ་དང་ཇེ་ལྗིད་ཏུ་གྱུར་བས་ང་རང་དངངས་སྐྲག་དང་སྡུག་བསྔལ་གྱིས་མནར་ཏེ་འདུག་ཐབས་མེད་པར་གྱུར། ངས་སྡུག་གི་གོམ་ཁ་ཕྱིར་ཕ་ཡུལ་དུ་མི་བསྒྱུར་ཀ་མེད་བྱུང་། གྲོགས་པོ་རྣམས། འཇིག་རྟེན་ཐོག་ནས་སྡུག་གི་ཁུར་པོ་མཉམ་ཁུར་དང་སྐྱིད་ཀྱི་འོ་ཇ་མཉམ་འཐུང་བྱེད་པའི་གྲོགས་མཆོག་དམ་པ་ནི་རང་ཉིད་ཀྱི་བྱམས་ལྡན་ཨ་མ་ཁོ་ན་ཡིན་པ་ངས་གསལ་པོར་ཤེས། རྒྱུ་མཚན་ནི་ངས་གནས་ཚུལ་ཚང་མ་ཨ་མར་བཤད་རྗེས་ཨ་མས་ང་ལ་སྡིག་མོ་མ་བྱས་ལ་རྡུང་རྡེག་དེ་བས་ཀྱང་མ་བཏང་བ་མ་ཟད། གསང་སྟབས་ཀྱིས་ང་རང་ཁོ་མོའི་སྔོན་ཆད་ཀྱི་ཤག་པོ་འབྲོག་པ་ཞིག་གི་ཁྱིམ་དུ་ཁྲིད། འབྲོག་ཁྱིམ་དེ་ནས་ང་ལ་བུ་ཆུང་སྙིང་ལ་སྡུག་པ་ཞིག་སྐྱེས། ཡིན་ཡང་ངས་ཨ་མའི་ཐབས་བཀོལ་ལྟར་བུ་ཆུང་དེ་རུ་བསྐྱུར། ཨ་མས་ང་རང་ཟི་ལིང་ལ་ཞོར་ལས་བྱེད་དུ་མངགས། ང་སླར་ཡང་སྐྱིད་དང་རེ་བའི་མྱུ་གུ་འཁྲུངས་ས་སྨྲེ་ངག་དང་ཡིད་ཆད་ཀྱི་སེར་བ་རྒྱག་སའི་རྒྱ་གྲོང་ཟི་ལིང་ལ་ཡོད། ང་རང་བླ་མའི་བཞུགས་ཁང་དུ་འགྲོ་མི་འདོད་མོད་ངའི་གོམ་པའི་འདེགས་འཇོག་ལ་རང་དབང་མེད་
པར་ང་རང་སྒོ་ཁར་ཐོན་ཟིན། ངས་མ་མགལ་སོ་ཡིས་བསྡམས་ནས་སེམས་ཆུང་སྒོས་སྒོ་རྡུང་། སྒོ་འབྱེད་མཁན་ཡང་བླ་མ་མིན་པར། དེ་ནི་སྐྲ་སེར་པོ། མིག་སྔོན་པོ། སྣ་མཐོ་པོ། གཟུགས་ཕྲ་ལ་གནམ་ལ་ཟུག་པའི་ཕྱི་གླིང་པ་རྒན་པོ་ཞིག་རེད། དེས་ང་མཐོང་མ་ཐག་ཧ་ཅང་འཚེར་སྣང་ཆེན་པོས།
"ཨོ……ཞི་མོ་མཛེས་མ་ཆུང་ཆུང་ལགས། ཁྱོད་ཀྱིས་སུ་བཙལ་དགོས།"ཞེས་དྲིས་བྱུང་། ངས་ཀྱང་ཁོ་ལ་འཚེར་སྣང་ཆེན་པོས་བལྟས། ང་ཧ་ལས་སོང་། ད་ལྟ་སྤྱི་ཚོགས་སྟེང་ནས་མར་དང་རྩམ་པ་ལ་སྤྱད་དང་སྤྱོད་བཞིན་པའི་བོད་མི་ཡང་དག་རྣམས་ཀྱིས་ཀྱང་བོད་ཡིག་བསྐྱུར་ནས་མི་རིགས་གཞན་གྱི་སྐད་སྦྱོང་བཞིན་པའི་སྐབས་འདི་ལ་ཕྱི་གླིང་པ་རྒན་པོ་འདིས་བོད་སྐད་འདི་འདྲའི་རྣལ་མ་ཞིག་བཤད་ཤེས་པ་དངོས་ནས་ཡ་མཚན་རེད། ངས་འདི་ལྟར་དྲན་བཞིན་པའི་སྒང་ལ་ཕྱི་གླིང་པ་དེས་སླར་ཡང་ང་ལ།
"ཨོ……ཁྱེད་ཀྱིས་ངའི་སྐད་ཆ་ཨེ་གོ་གི ང་ཨ་མེ་རི་ཀ་གི་ཡིན། བོད་གི་ས་ཆ་ལ་བོད་སྐད་སྦྱོང་གི་ཡོང་ནས་ཡིན། ཁང་པ་འདི་ངའི་གྲོགས་པོ་ཞིག་གིས་ང་ལ་གོང་རྩ་མོ་བྱས་ནས་བཙོང་ནི་རེད། ཞི་མོ་ཁྱོད་ལ་དོན་དག་ཨེ་ཡོད། ངས་ཁྱོད་ལ་རོགས་བྱས་ན་ཆོག"ཅེས་བཤད། ངས་ཁང་པ་འདི་ཁོང་ལ་དབང་བ་ཤེས་རྗེས།
"ང་ལ་དོན་དག་མེད། ང་འཕྱུག་སོང……ང་འཕྱུག་སོང་།"ཞེས་རེམ་པར་བཤད་པས་ན། ཕྱི་གླིང་པ་དེས"ཨོ……ཁྱོད་ལ་ཁག་མེད། སྐྱོན་མེད……སྐྱོན་མེད། ད་བདེ་མོ་བྱོས"ཞེས་བཤད་རྗེས་སྒོ་བརྒྱབ་བྱུང་།
འདི་ལྟར་ང་བླ་མའི་བཞུགས་ཁང་དང་གཏན་དུ་བྲལ་དགོས་བྱུང་། ཨ་མས་བཤད་པ་ལྟར་ང་ཚོས་དཀོན་མཆོག་གསུམ་ལ་དད་པ་མི་བྱེད་ཀྱང་དད་ལོག་གཏན་ནས་མི་བྱེད།
ལྷག་པར་དུ་བླ་མའི་མཛད་པ་ལ་ང་ལྟ་བུའི་རང་མགོ་མི་ཐོན་པའི་བུད་མེད་ཅིག་གིས་བཟང་ངན་གྱི་ཁ་ཚོན་གཅོད་ག་ལ་ནུས་ཏེ་གཏན་ནས་མི་ནུས་སོ། །ཡིན་ནའང་། བླ་མ་ཉི་མས་ངའི་བརྩེ་དུང་དང་ངའི་རེ་བ། ངའི་དགོད་སྒྲ། ངའི་བདེ་སྐྱིད། ངའི་ལང་ཚོ། ངའི་མདུན་ལམ་ཁྱེར་ནས་ཕེབས་སོང་། ཧ་ཅང་རྒྱང་རིང་དུ་ཕེབས་སོང་། ཧ་ཅང་རྒྱང་རིང་བའི་གནས་དེ་རུ་ཁོང་ཉིད་ཀྱིས་འགྲོ་དོན་མཛད་བཞིན་ཡོད་དམ། གང་ལྟར། ཁོང་ཉིད་ཀྱིས་ང་ལ་བཞག་པ་ནི་སྡུག་བསྔལ་གྱི་རྨ་ཁ་ཁོ་ན། གང་ལྟར། ང་ཧ་ཅང་དབུལ། འཇིག་རྟེན་རྙེད་ཀྱི་ཡུལ་ནས། །ངས་ཅི་ཡང་བཙལ་ལ་ཅི་ཡང་མ་རྙེད། གང་ལྟར། སྨྱོན་པ་ལྟར་རྒྱུགས་པའི་སྤྲང་པོ་དེ་ང་ཡིན་ལ། སྤྲང་པོ་བཞིན་འཁྱམས་པའི་སྨྱོན་པ་དེ་ཡང་ང་ཡིན། གང་ལྟར་ང་ད་དུང་ལག་སྟོང་ཡིན། གང་ལྟར། ང་ད་དུང་གཅེར་བུ་ཡིན།
དེ་ནས་བཟུང་སྟེ་ངས་རང་ཉིད་ཀྱི་ཁ་རྒྱབ་ཙམ་གྱི་ཆེད་དུ་ཟ་ཁང་དང་མགྲོན་ཁང་མང་པོ་ནས་ལོ་འགའ་ལ་ཞོར་ལས་བཙལ། ལོ་དེ་དག་གི་རིང་ལ་རྒྱ་བོད་གཉིས་ཀྱི་གསར་བུ་མང་པོ་དང་ཐ་ན་མི་ལོ་བཞི་བཅུ་བརྒལ་བའི་མི་རྒན་འགའ་ཤས་ཀྱིས་ཀྱང་ང་ལ་བརྩེ་དུང་གི་མདའ་མོ་མང་དུ་འཕངས། འོན་ཀྱང་ངའི་སེམས་སུ་བླ་མ་ཉི་མ་གློ་བུར་དུ་ངའི་མིག་མདུན་དུ་
སླེབས་ངེས་པའི་སྣང་བ་ཡ་མཚན་ཞིག་ཤར་བས་ངས་མི་དེ་དག་འཛུམ་གྱིས་བསུ་རྒྱུ་ཕར་ཞོག ཁོང་ཚོའི་ཚུགས་ཀར་བལྟས་ན་ཞེ་ནས་ཞེན་པ་ལོག
ལོ་འདི་དག་ལ་ཟི་ལིང་ནས་བོད་ཀྱི་ཁྱད་ཆོས་ལྡན་པའི་ནང་མ་ཁང་མང་པོ་བཙུགས་ཡོད་པས་ང་ཡང་གླ་ཕོག་གི་མང་ཉུང་ལ་བརྟེན་ནས་སྔ་གཞུག་ཏུ་སྐལ་བཟང་ནང་མ་ཁང་དང་ཇོ་མོ་གླང་མ་ནང་མ་ཁང་སོགས་ལ་སོང་། ད་ལོ་ཟླ་ལྔ་པའི་ཚེས་བརྒྱད་ཉིན་བུ་མོ་སྤུན་གསུམ་གྱིས་གསར་དུ་བཙུགས་པའི་གཟུགས་ཀྱི་ཉི་མ་གསོལ་ཇ་ཁང་ཆེན་མོ་ལས་གཉེར་གྱི་མཛད་སྒོའི་སྟེང་དུ་གྲོགས་པོའི་མཚམས་སྦྱོར་ལ་བརྟེན་ནས་ང་ཡང་དེ་རུ་སོང་། གྲོགས་པོའི་ངོ་ལ་བལྟས་ནས་ང་དེ་རུ་འདུག་ཐུབ་སོང་། གསོལ་ཁང་ཆེན་མོ་འདིའི་ཕྱི་ནང་གི་ཆ་རྐྱེན་དང་ཐུན་མོང་མ་ཡིན་པའི་ཟས་རིགས་ཀྱི་བྲོ་བ། གླུ་གར་ཚོགས་པའི་ཕུལ་དུ་བྱུང་བའི་འཁྲབ་སྟོན་སོགས་ཀྱིས་རྒྱ་བོད་སོག་གསུམ་དང་རྒྱལ་ཁབ་ཕྱི་ནང་གི་སྐུ་མགྲོན་མང་པོའི་གོམ་ཁ་གྲངས་མེད་
འདི་རུ་བཀུག ངའི་ལས་འགན་གཙོ་བོ་ནི་ཉིས་ཐོག་ཏུ་ཇ་འཐུང་མགྲོན་པོ་རྣམས་ལ་ཇ་ལྡུག་རྒྱུ་དེ་ཡིན། དེ་རིང་ནི་ཟླ་དྲུག་པའི་ཚེས་བརྒྱད་རེད། ཏག་ཏག་གཟུགས་ཀྱི་ཉི་མ་གསོལ་ཇ་ཁང་བཙུགས་ནས་ཟླ་གཅིག་འགོར། ཟླ་གཅིག་གི་རིང་ལ་དེ་རིང་ནི་ཇ་འཐུང་མགྲོན་པོ་ཧ་ཅང་ཉུང་བའི་ཉིན་རེད། ངས་དལ་ལྷོད་ངང་ཅོག་ཙེ་རྣམས་གཙང་མར་ཕྱིས་པ་དང་བོད་སྤོས་ཞིམ་པོ་ཞིག་སྒྲོན་རྗེས་མལ་གསོ་ཞོར་མགྲོན་པོར་སྒུག
སྐབས་དེར་ངའི་དྲན་པའི་མཚོ་མོའི་ངོས་སུ་གློ་བུར་དུ་བླ་མ་ཉི་མ་ངེད་གཉིས་ཀྱི་འདས་དོན་ཀྱི་རྦ་རླབས་འཕྲོ་རིམ་འཕྲོར་འཕྱུར། ངའི་བསམ་པའི་འཇིག་རྟེན་སླར་ཡང་ལྷིང་འཇགས་ནས་ཟང་ཟིང་དུ་གྱུར། ངས་ཁོང་ཉིད་གཏན་ནས་བརྗེད་མེད། ཁོ་པས་ང་རང་བསྐྱུར་ནས་འགྲོ་དོན་ཡང་རྒྱུ་མཚན་ཡོད་རྒྱུ་རེད། དཀོན་མཆོག་གསུམ་པོ། ངས་བླ་མ་ཇེ་དྲན་རེད།
ངས་རང་སྡུག་རང་གིས་མྱོང་བཞིན་འདུག འོན་ཀྱང་ངས་རང་བློ་རང་གིས་འགོག་མི་ཐུབ། ངའ་སེམས་སུ་བླ་མ་ཁོང་ཉིད་དུས་ད་ལྟ་ཉིད་ནས་ངའི་མིག་མདུན་དུ་སླེབས་སྲིད་པའི་ཚོར་བ་དྲག་པོ་ཞིག་སྐྱེས།
ངོ་མ། རྟ་ལ་རྭ་ཅོ་མེད་པ་བདེན་ཡང་མི་ལ་མངོན་ཤེས་མེད་ཟེར་བ་རྫུན་རེད། ཏག་ཏག་སྐབས་འདི་ལ་བླ་མ་ཉི་མས་རྒྱ་མོ་མཛེས་མ་ཞིག་གི་སྐེ་ལ་ལག་པ་བཞག་ནས་ངའི་ཕྱོགས་སུ་ཡོང་གིན་འདུག ཁོང་ཉིད་ང་དང་བྲལ་ནས་ལོ་ངོ་བཅུ་འགོར། འོན་ཀྱང་ཁོང་ཉིད་ལ་འགྱུར་བ་ཅུང་ཙམ་ཡང་མི་འདུག ང་རང་ཁང་སྟོང་དུ་བསྐྱུར་ནས་འགྲོ་ཁའི་ཉིན་གྱི་ཁོང་ཉིད་དང་ཨ་ན་མ་ན་རེད། མགོ་ལ་སྐྲ་རྫུན་གོན། གདོང་ལ་ཤེལ་མིག་ནག་པོ་བརྒྱབ། གོང་དཀྲིས་དམར་པོ་དཀྲིས། རྒྱ་མོ་མཛེས་མ་དེ་ངས་སྔོན་ཆད་རིག་མ་མྱོང་བ་འདྲ། ཁོ་མོ་ཡང་ཧ་ཅང་མཛེས། ང་ལ་འགྲོ་དབང་འདུག་དབང་ཡང་མ་བྱིན་པར་ཁོང་གཉིས་ངའི་གམ་དུ་སླེབས་འདུག བླ་མ་ཉི་མས་ང་གཏན་ནས་ཤེས་ཀྱི་མེད་པ་འདྲ། ཁོང་ཉིད་ཀྱིས་ཧ་ཅང་བྱམས་པའི་ངག་གིས"ངེད་གཉིས་དེ་རིང་ཐེངས་དང་པོ་ཡོང་བ་ཡིན། ཁྱོད་ཀྱིས་འོ་ཇ་ཞིམ་པོ་ཞིག་སྐོལ་ཤོག"ཅེས་བཤད་རྗེས་རྒྱ་མོ་མཛེས་མ་དེ་དང་མཉམ་དུ་འདུག་སྟེགས་ཐོག་བསྡད་རྗེས་གདོང་ལ་འཛུམ་མདངས་རྒྱས་ཏེ་རྒྱ་སྐད་ཀྱིས་བོད་ཀྱི་ལྷ་མོའི་ཟློས་གར་བརྒྱད་ངོ་སྤྲོད་བྱེད་བཞིན་འདུག
དཀོན་མཆོག་གསུམ་པོས་མཁྱེན། གནམ་རྒན་མ། འདི་ནི་རྨི་ལམ་ཡིན་པར་སྨོན། ཡིན་ཡང་ཉམ་ཆུང་ནུས་མེད་ཀྱི་བུད་མེད་ང་ལ་དཀོན་མཆོག་གིས་ཀྱང་གཟིགས་མེད་པ་འདྲ། བླ་མ་ཉི་མ་དང་རྒྱ་མོ་མཛེས་མ་གཉིས་ཀྱིས་ངའི་མིག་མདུན་ནས་ཁ་བརྡ་བྱེད་བཞིན་པ་འདི་ནི་མངོན་སུམ་གྱི་ཚད་མ་ཡིན་པས་རྨི་ལམ་དུ་ཇི་ལྟར་འགྱུར་རམ། འགྱུར་ཐབས་མེད།
ངའི་སེམས་སུ་དགུན་གྲང་བའི་དུས་སུ་ཆུ་འཁྱག་ཟོ་བ་གང་བླུགས་པ་བཞིན་གྲང་ཤུར་ཤུར་དུ་གྱུར། ངས་ཀི་རིང་ཞིག་འདེབས་བསམ། ངས་ངུ་འབོད་ཞིག་བྱེད་བསམ། ཡིན་ཡང་ང་སྨྱོས་ཡག་མིན་པས་ངས་ཅི་ཡང་བསྒྲུབ་མ་ཕོད་པར་ལག་བཀྲུ་ཁང་དུ་ཡོང་ནས་ཆེ་ལ་གསལ་བའི་མེ་ལོང་འདིའི་ནང་དུ་བལྟས། ངོ་མ་སེམས་རྒྱ་ཆུང་ལ་སྡུག་བསྔལ་མང་ན་རྒས་སླ་ཟེར་བ་ཅིས་མི་བདེན། ཉིན་གཤིབ་ཟླ་གཤིབ་བྱས་མྱོང་བའི་བླ་མ་ཉི་མས་ཀྱང་ང་རང་ཤེས་ཀྱི་མེད། སྔོན་ཆད་བླ་མ་ཉི་མའི་འོད་ཟེར་གྱིས་ངའི་འཇིག་རྟེན་ལ་དྲོད་སྣང་དང་བདེ་སྐྱིད་སྦྱིན་མྱོང་། འོན་ཀྱང་དེ་རིང་ནས་བཟུང་ངའི་སེམས་ཀྱི་ཉི་མའི་འོད་ཟེར་འཇིག་རྟེན་གཞན་དུ་འཕྲོས་འདུག ང་ཡི་ཉི་མ་ནུབ་སོང་།
རྩོམ་སྒྲིག་འགན་འཁུར་བ། ཀུན་ཁྱབ། བསྟན་པ་ཡར་རྒྱས།