དབྱར་ཟླ་བདུན་པའི་དུས་དེར་ནམ་མཁའ་གཡའ་དག་ཅིང་ཉི་འོད་རབ་ཏུ་འཚེར་བ། དྲོད་འཇམ་གྱི་བསེར་རླུང་དལ་བུར་གཡོ་ཞིང་། དྲི་ཞིམ་གྱི་མེ་ཏོག་ལན་གཅིག་ནས་རང་གྲུབ་ཀྱི་དྲི་བཟང་ཕྱོགས་ཀུན་ལ་ཁྱབ། ཉིན་དེར་བློ་བཟང་སློབ་མཐར་ཕྱིན་ནས་རང་ཡུལ་ལ་ཕྱིར་ལོག་སྟེ། རྗེས་ལུས་དབུལ་ཕོངས་ཀྱི་རྣམ་པ་སྒྱུར་བའི་སྤོབས་སེམས་མངོན་འགྱུར་བྱེད་པའི་སྐལ་བ་བཟང་པོ་ཞིག་ཡིན་ལ། ཡུན་རིང་གི་ཕུགས་བསམ་ལ་ལག་ལེན་སྒྲུབ་པའི་གོམ་པ་དང་པོ་སྤོས་པའང་ཡིན། བློ་བཟང་སྤྲོ་སེམས་འཁོལ་བའི་ངང་ནས་སློབ་མཐར་ཕྱིན་པའི་དཔང་རྟགས་ཁུར་ཏེ་རྫོང་མི་དོན་ཅུའུ་ལ་སོང་ནས་རང་ཉིད་ཀྱི་ཕུགས་བསམ་ཇི་བཞིན་ཞུས། རྫོང་མི་དོན་ཅུའུ་ཡིས་བློ་བཟང་གི་བསམ་དོན་ལྟར་ཤང་གཅིག་ལ་དྲུང་ཡིག་གི་ལས་འགན་སྤྲད་ནས་མངགས།
ཤང་དེའི་ཧྲུའུ་ཅི་དང་ཤང་ཀྲང་གཉིས་ཀྱིས་སློབ་གྲྭ་ཆེན་མོ་ནས་མཐར་ཕྱིན་པའི་བློ་བཟང་ཁོ་ཚོའི་ཤང་གི་དྲུང་ཡིག་ལས་གནས་སུ་བཀོད་སྒྲིག་བྱས་ཡོད་པ་ཐོས་པ་ཙམ་གྱིས་མི་བཟོད་པའི་སྡུག་བསྔལ་དང་སེམས་ལ་འཇིགས་སྐྲག དོགས་པའི་བསམ་པ་སོགས་ཟུར་སྣོན་གྱི་ཁུར་པོས་ཁོང་གཉིས་ཀྱི་གཉའ་ནས་མནོན་པར་གྱུར།
དགོང་མོ་ཧྲུའུ་ཅི་དང་ཤང་ཀྲང་གཉིས་སྐྱེ་རྒུ་ཆང་ཁང་ནང་ལ་འཛོམ་ནས་འདོད་དགུའི་ལོངས་སྤྱོད་རོལ་བ་དང་ལྷན་དུ་བློ་བཟང་ལས་ཀ་ཨང་དང་པོ་རང་ཤང་གི་དྲུང་ཡིག་བྱེད་དོན་གྱི་གནས་ཚུལ་ལ་བསམ་གཞིགས་དང་དེའི་སྔོན་རྒྱབ་སོགས་ཀྱི་འབྲེལ་བ་ལ་དབྱེ་ཞིབ་ཀྱིས་གླེང་སློང་བྱས་རྗེས། དྲུང་ཡོག་བློ་བཟང་གི་ལོ་རྒྱུས་འཁྲུལ་བ་མེད་པར་དྭངས་གསལ་གྱི་མེ་ལོང་ངོས་བལྟས་པ་བཞིན་ཁོང་རྣམ་གཉིས་ཀྱིས་ཤེས། ཤང་ལ་སོང་ཉིན་ནམ་མཁའ་ནི་སྔར་བཞིན་སྔོ་ཞིང་སངས་ལ་ས་དོག་མོ་ཡང་དེ་བཞིན་མཛེས་ཤིང་སྡུག་པ་ཞིག་ཡིན། བློ་བཟང་གི་བསམ་པའི་བརྩེ་དུང་དང་འཚོ་བ་ལ་འགྱུར་ལྡོག་གལ་ཅན་བྱུང་བའི་བཀྲ་ཤིས་པའི་ཉིན་ཞིག་ཡིན་ལ། ལོ་མང་པོར་སློབ་སྦྱོང་བྱས་པའི་མཇུག་འབྲས་ཀྱི་དཔའ་རྩལ་ངོམ་པའི་སྐལ་བ་བཟང་པོ་ཞིག་ཀྱང་རེད། བློ་བཟང་ཤང་ལས་བྱེད་པ་དང་མཉམ་དུ་པེ་ཅན་རྟགས་ཅན་གྱི་རླངས་འཁོར་ཞིག་ཏུ་བསྡད་དེ་ཀྱག་ཀྱོག་གི་ལམ་ཆེན་གཤགས་ནས་བྱ་འཕུར་བ་ལྟར་མདུན་སྐྱོད་བྱེད་བཞིན་ཡོད་པ་དང་། རླངས་འཁོར་ནང་ལ་སྡོད་པའི་ཤང་ལས་བྱེད་ཚོ་རང་རང་སྡོད་གནས་ཐོག་ལ་གཉིད་དུ་ཡུར་བ་དང་། ཧྲུའུ་ཅི་དང་ཤང་ཀྲང་གཉིས་ནི་ཤབ་ཤུབ་གླེང་མོལ་བྱེད་བཞིན་ཡོད། བློ་བཟང་གིས་རླངས་འཁོར་སྐར་ཁུང་ཕྱེས་ནས་མཛེས་པའི་ཡུལ་ལྗོངས་ལ་ལྟད་མོ་བྱེད་ཞོར་ཤང་ལ་སོང་།
བློ་བཟང་ཤང་ལ་ཐོན་ནས་ཉིན་ཞག་འགའ་འགོར་རྗེས། ཉིན་ཞིག་ལ་ཧྲུའུ་ཅིའི་དང་ཤང་ཀྲང་གཉིས་ཀྱིས་བློ་བཟང་བོས་ནས་ཤང་གི་གནས་ཚུལ་དང་རྒྱུན་པར་དྲུང་ཡིག་གིས་བསྒྲུབ་དགོས་པའི་ལས་ཀ་རྣམས་རེ་རེ་བཞིན་རྩིས་སྤྲོད་དང་གསལ་བཤད་མཛད། བློ་བཟང་གཟབ་ནན་གྱིས་ཁོང་རྣམ་གཉིས་ཀྱི་ལས་ཀ་བཀོད་སྒྲིག་ལ་ཉན་ནས། མ་འོང་པར་དྲུང་ཡིག་གི་ལས་ཀ་ཧུར་བརྩོན་གྱིས་སྒྲུབ་བསམ་པའི་སྤོབས་པ་ཆེན་པོ་བྱུང་།
ཉིན་གཅིག་སོང་གཉིས་སོང་། ཧ་ལམ་ལོ་ངོ་གཅིག་ལྷག་རིང་ལ་བློ་བཟང་ཤང་ནས་རྒྱུན་པར་དྲུང་ཡིག་གི་ལས་ཀ་ཙག་ཙིག་བསྒྲུབས་རྗེས། ཁོམ་པའི་དུས་ཚོད་ཕལ་ཆེ་དམངས་ཁྲོད་ལ་སོང་ནས་མང་ཚོགས་ཀྱི་འཚོ་བའི་བདེ་སྡུག་ལ་ལྟ་ཞིབ་བྱས་ཤིང་། རྒྱལ་ཁབ་ཀྱི་ཁྲིམས་ལུགས་དང་ཁྲིམས་སྲོལ། མི་རིགས་རང་སྐྱོང་ས་ཁོངས་ཀྱི་བཅའ་ཁྲིམས་ལ་སོགས་པའི་འབྲེལ་ཡོད་ཀྱི་སྲིད་ཇུས་དང་དགོངས་དོན་སོགས་མང་ཚོགས་ལ་དྲིལ་བསྒྲགས་བྱས་པ་དང་། མཚན་མོའི་དུས་སུ་འབྲོག་པའི་རུ་ནང་ལ་སོང་སྟེ་འབྲོག་པ་མང་ཚོགས་ལ་སྒྲུང་དང་གནའ་གཏམ་ངོ་མཚར་ཅན་བཤད་ནས་དུས་འདའ་བཞིན་ཡོད། ཁོའི་བློ་གཅིག་སེམས་གཅིག་གིས་སྒྲུབ་པའི་བྱ་བ་འདི་དག་མང་ཚོགས་ཀྱི་ཆེད་དུ་ཡིན་ལ། ཉིན་མོར་རྒྱ་ཆེའི་མང་ཚོགས་དང་མཉམ་དུ་ཆ་འགྲིག་བཞིའི་འཛུགས་སྐྲུན་ལ་སོགས་པའི་ལས་ཀའི་ཁྲོད་དུ་ཞུགས་པས། མང་ཚོགས་བར་གྱི་འབྲེལ་བ་ཤ་དང་རུས་པའམ་ཆུ་དང་ཉ་ལྟ་བུའི་བྲལ་ཐབས་མེད་པར་གྱུར།
ལོ་གཅིག་སོང་གཉིས་སོང་། བློ་བཟང་ཤང་དེའི་དྲུང་ཡིག་བྱས་ནས་ལོ་ངོ་ལྔ་ཙམ་སོང་རུང་། དངོས་གནས་དྲུང་ཡིག་གི་ལས་ཀ་སྒྲུབ་པའི་གོ་སྐབས་ནི་ཧ་ཅང་ཉུང་། རྒྱུན་པར་ཧྲུའུ་ཅི་དང་ཤང་ཀྲང་གཉིས་ཀྱི་གདོང་གི་དཀར་ནག་ལ་བལྟས་ནས་སྐད་ཆ་བཤད་རྒྱུ་དང་། ཡིག་ཆ་མར་འགྲེམས་པ། སྙན་ཞུ་ཡར་འབུལ་བ་སོགས་ལས་ཀ་ཙག་ཙིག་འདྲ་བསྒྲུབ་རྒྱུ་མ་གཏོགས།
ཁོམ་པའི་དུས་ཚོད་ཕལ་ཆེར་མང་ཚོགས་དང་མཉམ་དུ་མཉམ་ཟ་མཉམ་འཐུང་བྱས་ནས་བསྡད།
ཧྲུའུ་ཅི་དང་ཤང་ཀྲང་གཉིས་ཀྱིས་བློ་བཟང་བློ་སེམས་གཅིག་སྒྲིལ་གྱིས་མང་ཚོགས་ཀྱི་དོན་དུ་ལས་དོན་སྒྲུབ་པ་འདི་མཐོང་བ་ཙམ་གྱིས། ཡིད་ལ་ཁོའི་ད་ལྟ་མང་ཚོགས་ལ་འབྲེལ་བའི་རྨང་གཞི་ཡག་པོ་བཏིང་ནས་ཕྱིན་ཆད་ངེད་གཉིས་ཀྱི་གོ་ས་ཁོས་འཛིན་བསམ་པའི་བསམ་པ་འཆང་ཡོད་སྲིད་པས། ད་ཕྱིན་ཆད་ཁོ་ལ་དོགས་ཟོན་དགོས་ཞེས་ཕན་ཚུན་གླེང་མོལ་བྱས་པ་དང་ཆབས་གཅིག་ཏུ། ཁོང་གཉིས་ཀྱིས་བློ་བཟང་ལ་གནག་སེམས་དང་གཡོ་ཐབས་ཕུད་ནས་ངན་པའི་ལམ་ལ་འཁྲིད་རྒྱུའི་བློ་ངན་འཆང་།
ཉིན་ཞག་གི་ཕྲེང་བ་འགའ་འགོར་རྗེས། མཛེས་སྡུག་གི་རྩྭ་ཐང་སྟེང་། གཡང་དཀར་གྱི་ལུག་ཁྱུ། རྨིག་བཞིའི་རྟ་མཆོག་དང་ནོར་གནག་གི་ཁྱུ་ཚོགས་གྲངས་ལས་འདས་པ་མཁའ་དབྱིངས་ཀྱི་རྒྱུ་སྐར་ས་ལ་འཕོས་པ་ཇི་བཞིན་བག་ཡངས་སུ་རྩེན་པ་དང་། གཞུང་དྲང་གི་མང་ཚོགས་རྣམས་དགའ་བ་དང་སྤྲོ་བ་ཚད་མེད་འཕེལ་བ་དང་། དགའ་སྐྱིད་ཀྱི་རྣམ་པས་ཁེངས་པའི་དུས་དེར་བསྟུན་ནས། ཧྲུའུ་ཅི་དང་ཤང་ཀྲང་གཉིས་ཀྱིས། "ཡ། དྲུང་ཡིག་བློ་བཟང་། དེ་རིང་གནམ་གཤིས་ཡག་པོ་འདུག་པས། ཉེ་འགྲམ་གྱི་འབྲོག་པའི་རུ་ནང་ལ་བལྟ་བསྐོར་འགྲོ་ཟེར"བློ་བཟང་གིས་གཏམ་དེ་ཐོས་པ་ཙམ་གྱིས་ཡིད་ལ་ཡ་མཚན་སྐྱེས་ཏེ། རྒྱུན་པར་ཁོང་གཉིས་འབྲོག་སྡེ་ལ་ཕྱིན་ནས་མང་ཚོགས་ཀྱི་བདེ་སྡུག་ལ་བལྟ་སྐོར་མི་བྱེད་པ་དང་མང་ཚོགས་ཀྱིས་གོང་གཏུགས་བྱས་པའི་གནས་ཚུལ་ལ་ལྟ་ཞིབ་བྱས་ནས་ཐག་གཅོད་བྱས་པའི་གཏམ་ཞིག་ཐོས་རྒྱུ་ཉུང་བར་མ་ཟད། ཤང་ལས་བྱེད་གཞན་པ་ཚོ་འབྲོག་སྡེའི་ཁྲོད་དུ་ཕྱིན་འགྲོ་ནས་ལས་དོན་སྒྲུབ་སྐབས། ཁོང་གཉིས་ཀྱི་སེམས་ལ་དོགས་པ་དང་ཕྲག་དོག་ཁོ་ན་བྱེད་འདུག་ཀྱང་། དེ་རིང་ཁོང་གཉིས་པོས་རང་གཅིག་པུ་ཁྲིད་ནས་འབྲོག་སྡེ་ལ་བལྟ་སྐོར་འགྲོ་དོན་འདི་ཅི་ཡིན་ནམ་སྙམ། དེ་ནས་ཧྲུའུ་ཅི་ཤང་ཀྲང་དང་བློ་བཟང་བཅས་འགྲོགས་ཏེ་རླངས་འཁོར་ལ་བསྡད་ནས་ཧ་ལམ་དུས་ཚོད་ཕྱེད་ཀ་ལྷག་ཙམ་སོང་རྗེས། རྩྭ་ཆུ་མེ་ཏོག་ཅི་དགའ་འཛོམས་པའི་ཐང་ཞིག་ལ་གསོལ་སྟོན་གྱ་ནོམ་པ་གཤམ་ཡོད་པ་དེར་སྣེ་ལེན་མཁན་གདོང་ལ་དཀར་ཤ་དམར་མདངས་ཅན་གྱི་ལང་ཚོ་དར་བའི་གཞོན་ནུ་མ་གསུམ་ཡོད་པ་མ་གཏོགས། གཞན་ཅི་ཡང་རིག་རྒྱུ་མེད་པའི་འགྲམ་དུ་སླེབས། ཧྲུའུ་ཅི་ཡིས"ཡ། མར་འབབ་མར་འབབ་ཟེར་ནས་ཧྲུའུ་ཅི་དང་ཤང་ཀྲང་གཉིས་རླངས་འཁོར་གྱི་སྒོ་ལ་བུད་ཞོར་དུ་བློ་བཟང་ལའང"མར་བོབ་ཤོག"ཟེར། བློ་བཟང་རླངས་འཁོར་ནས་མར་བབས་ཏེ་བལྟས་པ་ཙམ་གྱིས། དེ་རིང་འདི་ན་གསོལ་སྟོན་གྱ་ནོམ་པ་སྒྲིག་ལུགས་ལ་བལྟས་ན། ཕལ་ཆེར་རྫོང་ནས་དཔོན་པོ་དང་ཡང་ན་ཁུལ་ནས་ཕེབས་པའི་མགོ་ཁྲིད་ལ་གྲ་སྒྲིག་བྱས་པ་རེད་འདུག་སྙམ་ནས། སྐད་དམའ་མོས"མགོ་ཁྲིད་སུ་ཞིག་དེ་རིང་འདི་ན་ཕེབས་ཡོང་གི་རེད"ཅེས་དྲིས་པས། ཧྲུའུ་ཅི་ཡིས"དེ་རིང་གི་གསོལ་སྟོན་ཆུང་ཆུང་འདི་ཤང་ཀྲང་དང་ངེད་གཉིས་ཀྱིས་ཁྱེད་ལ་གྲ་སྒྲིག་བྱས་པ་ཡིན། ཁྱེད་ནི་རིག་པའི་གནས་ཀྱིས་ལུས་སྟོབས་རྒྱས་པའི་མི་ཤེས་ཡོན་ཅན་དང་ཀུན་སྤྱོད་གཙང་བ། རྒྱང་རིང་གི་ཕུགས་བསམ་དང་ཀུན་སློང་ལྡན་པའི་མི་ཁྱད་པར་བ་ཞིག་ཡིན་ཕྱིར། འདི་འདྲའི་རྗེས་ལུས་མཐའ་འཁོབ་དབུལ་ཕོངས་ཀྱི་ལུང་ཁུག་ལ་འོང་ནས། དཀའ་སྡུག་ཁྱད་བསད་ཀྱིས་ལས་དོན་ལྷུར་ལེན་བགྱིས་ཏེ། རང་ཡུལ་གྱི་མགོ་རྣ་ཅོ་ས་ལ་མ་ཤོར་བ་བྱས་ཡོད་པས། ཁྱོད་ལ་དྲིན་གཟོ་བའི་ཆེད་དུ་གསོལ་སྟོན་ཆུང་ཆུང་འདི་གྲ་སྒྲིག་བྱས། དེ་མ་ཟད་མ་འོངས་པའི་ལ་རྒྱ་འཛིན་མཁན་ད་ཡོད་གཞོན་ནུ་ཁྱེད་ཚོ་ཡིན་པས། ཁྱེད་ཀྱིས་དེ་རིང་གི་གསོལ་སྟོན་འདི་དང་དེ་རིང་བཤད་པའི་ཚིག་དེ་དག་ཡིད་འཇོག་ཡག་པོ་གྱིས"ཞེས་བཤད་པར་མ་ཚད། ད་དུང་མུ་མཐུད་དེ་ཁོང་གཉིས་ཀྱིས་བློ་བཟང་ལ་ཅི་དགའ་ངོ་བསྟོད་ཀྱི་ཚིག་གྲངས་མེད་པར་བརྗོད་ཚེ། བློ་བཟང་གིས་ཁོང་གཉིས་པོས་བཤད་པའི་གཏམ་དེ་ཐོས་འཕྲལ་ཞེ་ནས་དབང་མེད་དུ་ཁྲེལ་དགོད་ཅིག་ཤོར་ཞིང་། གསོལ་སྟོན་འདི་ཁོ་ལ་གྲ་སྒྲིག་བྱེད་དོན་ནི་ཅི་ཡིན་མ་ཤེས་པར་རྨོངས་པའི་དྲ་བར་ཚུད་སོང་། རྩྭ་རྩི་ཏོག་གི་གདན་དང་གནམ་སྔོན་མོ་ཡོལ་བྱས་ཏེ་གསོལ་སྟོན་འདི་ལ་ལོངས་སྤྱོད་བྱེད་མགོ་ཚུགས། ཧྲུའུ་ཅི་ཡིས་ཐོག་མར་ཆང་ཤེལ་དམ་གང་ཁ་ཕྱེས་ནས་བློ་བཟང་ལ་གཏད་པར་བློ་བཟང་གིས་ཆང་ཤེལ་དམ་གང་དེ་ཚུར་ལེན་ཞོར་དུ་མིག་ཟུང་གིས་ཟུར་དུ་བསྡད་པའི་བུད་མེད་མཛེས་མ་གསུམ་ལ་དབང་མེད་ཀྱི་ངང་ནས་ཟུར་བལྟ་ཞིག་བྱས། ཟུར་དུ་པུས་མོ་བཙུགས་ནས་སྡོད་པའི་བུད་མེད་མཛེས་མ་གསུམ་པོ་ནི་ཞིང་ལས་བྱེད་པ་མ་ཡིན་ལ་གཞན་ཅི་ཡིན་ཧ་མ་གོདེ་ནས་བཟུང་ཁོང་གསུམ་པོས་ཆང་འཐུང་མགོ་ཚུགས། ཆང་ཁམ་གང་རེ་ནས་གང་རེ། ཤེལ་དམ་གང་ནས་གང་རེ། ཉི་མ་དེའི་ཕྱི་དྲོ་ཁོང་གསུམ་པོ་ཆང་གིས་ཧ་ལམ་བཟི་ནས་བཤད་པའི་ཚིག་ལ་སྙིང་པོ་མེད་པ་དང་སྒྲུབ་པའི་བྱ་བ་ལ་ཡང་དེ་ལས་ཀྱང་སྙིང་པོ་མི་འདུག ཧྲུའུ་ཅི་ས་ཐོག་ཏུ་སྐྱིལ་ཀྲུང་བཅས་ནས་ཆང་འཐུང་ཞོར་དུ"ཡ-བུ་མོ་བདེ་སྐྱིད་ཚུར་ལ་ཤོག་དང་མཉམ་དུ་སྡོད་ནས་ཆང་འཐུང"ཞེས་སྒྲ་དེ་གསལ་ལ་མི་གསལ་བ་ཞིག་བོས་པས། མཛེས་སྡུག་གཞོན་ཤ་དྭངས་བའི་བུ་མོ་བདེ་སྐྱིད་ཧྲུའུ་ཅིས་འབོད་པའི་སྒྲ་དེ་ཐོས་པ་ཙམ་གྱིས་དགའ་སྣང་སྤྲོ་སྐྱིད་ལྡན་པའི་ངང་ཡར་ལངས་ནས་ཧྲུའུ་ཅིའི་པང་ལ་བསྡད་དེ། ལག་ཟུང་གིས་ཧྲུའུ་ཅིའི་སྐེ་ནས་འཇུ་ཞོར་ཕན་ཚུན་མཆུ་སྦྱོར་བྱས་ཤིང་མགྲིན་པ་ནས་གསལ་ལ་མི་གསལ་བའི་ཚིག་འགའ་ཧྲུའུ་ཅི་ལ་བཤད་ཀྱིན་འདུག བློ་བཟང་གིས་མིག་སྔོན་གྱི་གནས་ཚུལ་མཐོང་སྐབས་འདུག་བཟོད་མེད་པའི་ཉམས་འགྱུར་ཞིག་དོད་ནས་གདོང་ཁུག་དམར་པོར་གྱུར་ཏེ་མགོ་བོ་པང་ལ་དུད། ཤང་ཀྲང་ཡང་ཡར་ལངས་ནས་ལག་གཡས་པས་བུ་མོ་གཡུ་མཚོའི་སྐེ་ལ་འཇུས་ཏེ་ལག་གཡོན་པས་བུ་མོ་དུང་དཀར་སྒྲོན་མ་ཟེར་བའི་ལག་མགོ་ནས་བཟུང་ཞིང་། ཤ་ཁྱིས་རི་དྭགས་བདས་པ་བཞིན་ཆ་རྒྱུས་སྤུ་ཙམ་མེད་པའི་བུ་མོ་དུང་དཀར་སྒྲོན་མ་བློ་བཟང་གམ་དུ་མངགས་བྱུང་། བློ་བཟང་གིས་བུ་མོ་དེའི་ཡིད་དབང་འཕྲོག་པའི་མཛེས་སྡུག་གི་བཞིན་རས་མཐོང་བ་ཙམ་གྱིས། ཆགས་པའི་སྤུ་ལོང་ལུས་ལ་གཡོས་ཤིང་། མྱོས་པའི་མིག་ཟུང་ཟུམ་པ་མེད་པ་ཅེར་རེར་མཛེས་མའི་བཞིན་རས་ལ་བལྟས་པ་ཙམ་གྱིས་ལུས་ཧྲིལ་པོའི་དབང་རྩ་?ད་པར་གྱུར་ཏེ། "དབྱངས་ཅན་མ་དང་གཉིས་སུ་མ་མཆིས"ཞེས་དབང་མེད་དུ་ཚིག་དེ་ཁ་ནས་ཤོར་སོང་།
ཤང་ཀྲང་ཆང་གིས་བཟི་ཞིང་བུ་མོ་གཡུ་མཚོ་པང་ལ་པང་ནས། བློ་བཟང་ལ"ཁྱེད་ནི་བློ་དང་རིག་པ་ལྡན་ལ་དཔའ་རྩལ་ལུས་སྟོབས་རྒྱས་པའི་གཞོན་ནུ་དར་མ་ཞིག་རེད། ཅི་དགའ་འཛོམས་པའི་འཇིག་རྟེན་གྱི་འཚོ་བའི་ཁྲོད། ལོངས་སྤྱོད་བྱེད་པའི་ལས་དབང་དང་བསོད་ནམས་མེད་ན་ལས་ཀྱི་བསྐོས་རེད། ལོངས་སྤྱོད་བྱེད་པའི་དབང་ཐང་ཡོད་ན། མི་སུ་འདྲ་
ཡིན་ཡང་དེ་ལ་ལོངས་སྤྱོད་བྱེད་མི་དགའ་མཁན་ནི་གཅིག་ཀྱང་མེད། དེང་རབས་སྤྱི་ཚོགས་ཀྱི་འགྲོ་ལུགས་ངས་ཁྱེད་ལ་གསལ་བཤད་མ་བྱས་ནའང་ཁྱེད་ཀྱིས་ལོས་མཁྱེན། དཔོན་པོས་ཟུར་བཟའ་ཁྲིད་རྒྱུ་དང་འབྲོག་པའི་ཕོ་གསར་གྱིས་སྦག་སྦག་ཚགས་རྒྱུ་གཉིས་གཅིག་པ་ལྟར་ཐམས་ཅད་འཚོ་བའི་ཐོག་གི་མཁོ་དགོས་གལ་ཆེན་ཞིག་ཡིན། རྒན་རབས་ལ་ལས་དེ་ལ་རིག་མི་འདོད་པ་དང་ཡང་ན་ངོ་ཚ་བའི་བྱ་བ་ཞིག་ལ་རྩིས་འདུག་པས། ངས་བལྟས་ན་མི་དེ་ཚོའི་བསམ་བློ་རྙིང་ཞེན་ཆེ་བའི་རྟགས་མཚན་དང་། དེང་རབས་སྤྱི་ཚོགས་འཕེལ་རྒྱས་ཀྱི་གོམ་འགྲོས་ལ་རྗེས་སྙེག་མི་ཐུབ་པའི་བསམ་པ་དེ་རང་རེད། ད་ཕྱིན་ཁྱེད་ལ་འདི་འདྲ་བའི་གོ་སྐབས་མང་པོ་ཐོབ་སྲིད་པས་ངས་བཤད་པའི་ཚིག་འདི་དག་མ་བརྗེད"ཟེར་ནས་ཨ་རག་ཤེལ་དམ་ཁ་ལ་གཏུགས་ནས་ཆང་ཁ་གང་དོ་འཐུང་། ཧྲུའུ་ཅི་ཡིས"ཉིན་མ་དེ་རིང་ཕན་ཆོད་ནས་ངེད་གསུམ་གྱི་མཛའ་བརྩེ་མི་འགྱུར་?་རྗེའི་བྲག་བཞིན་བརྟན་པོར་གནས་དགོས་པས། ཕྱིན་ཆད་ཁྱེད་ཀྱིས་དཔོན་ས་ཆེ་ཆུང་ཅི་འདྲ་ཟིན་ན་ཡང་། ངེད་ཚོའི་མཛའ་མཐུན་གྱི་བྱ་བ་ནི་ཡེ་ནས་བརྗེད་མི་རུང"ཞེས་བཤད་པ་དང་མཉམ་དུ་གླུ་འདི་ལྟར་བླངས་སོང་། "མནའ་མ་ཁྱིམ་ཐབ་ལ་མགོ་ཐོམ། རྒད་པོ་ཟུར་བཟའ་ཡིས་སྣ་ཁྲིད། སྡུག་བསྔལ་མནའ་མས་ཁུར། ལོངས་སྤྱོད་ཟུར་བཟས་རོལ"ཞེས་བླངས་ནས་ཨ་རག་ཤེལ་དམ་གང་ལག་ལ་བཟུང་སྟེ་ཕར་འགྲོ་ཚུར་འགྲོ་བྱས།
བློ་བཟང་གིས་གོང་དུ་བཤད་པའི་ཚིག་དེ་དང་ད་ལྟ་བླངས་པའི་དབྱངས་ཚིག་ཐོས་རྗེས། ད་གཟོད་རིག་མ་མྱོང་བའི་བུ་མོ་མཛེས་མ་གཉིས་ནི་ཧྲུའུ་ཅི་དང་ཤང་ཀྲང་གཉིས་ཀྱི་ཟུར་བཟའ་ཡིན་པ་གཞི་ནས་ཧ་གོ་སོང་། ཞོར་དུ་ཁོང་གཉིས་ཀྱིས་བློ་བཟང་ལ་བུད་མེད་ཅིག་ངོ་སྤྲོད་བྱེད་དོན་ནི་བློ་བཟང་གི་སྔོན་རྒྱབ་ལ་ཕ་མ་དཔོན་པོ་དང་གཉེན་ཉེ་སྐུ་དྲག་མང་པོ་ཡོད་པ་དེ་ཚོའི་རྒྱབ་རྩ་རྒྱུ་ཤུགས་ལ་བསྟེན་ནས་ཁོང་གཉིས་ཀྱི་བསམ་དོན་འགྲུབ་ཐབས་ཞིག་འཚོལ་དགོས་པའི་ཆེད་དུ་བློ་བཟང་ལ་ངོ་བསྟོད་ཀྱི་བྱ་ཚད་མེད་པར་སྒྲུབ་པ་རེད། ཉིན་དེའི་དགོང་མོར་ཁོང་གསུམ་པོ་མཉམ་དུ་འབྲོག་དུད་ཞིག་ལ་ཞག་སྡོད་བྱས།
ཁོམ་པའི་དུས་ཞིག་ཡོད་ན་ཧྲུའུ་ཅི་དང་ཤང་ཀྲང་གཉིས་ཀྱིས་བློ་བཟང་བོས་ནས་མཉམ་དུ་ཅི་དགའི་ལོངས་སྤྱོད་རོལ་བ་དང་ངོ་ཚ་ཁྲེལ་མེད་ཀྱི་བྱ་བ་ལག་ཕྲེང་བགྲང་བ་བཞིན་བསྒྲུབས་པས། མང་ཚོགས་ཀྱི་ལྟ་ཚུལ་ཇེ་ངན་ཇེ་སྡུག་སོང་བ་དང་རང་ཉིད་མི་རིགས་སློབ་གྲྭ་ཆེན་མོ་ནས་མཐར་ཕྱིན་པའི་སློབ་བུ་ཞིག་གི་ཕུགས་བསམ་དང་འདུན་པ་གར་སོང་ཆ་མེད་གྱུར། གཡོ་སྒྱུའི་ཐབས་ཤེས་ཀྱི་ཤན་ཤུགས་ཆེ་བའི་འོ་དོན་སྟོང་ཟད་དུ་གྱུར་ནས་ཁྱི་སྤྱང་ངན་འབྲེལ་བྱས་ཏེ་ངན་པའི་བསམ་པ་ཇེ་ཟབ་ཇེ་རྒྱས་སུ་སོང་།
ཉིན་མོ་རྒྱན་ཞག་སྟེ་ཤོ་བག་དང་མ་ཅང་བརྒྱབ་ནས་དུས་འདའ་བ་དང་། མཚན་མོ་ཆང་དང་བུད་མེད་ཁྲིད་དེ་མི་ཚེ་སྟོང་ཟད་མངགས་པས། རྒྱ་ཆེའི་མང་ཚོགས་ཀྱི་བདེ་སྡུག་ལ་བལྟ་སྐོར་དང་བསམ་གཞིགས་བྱེད་པའི་ཁོམ་པ་ཕལ་ཆེར་མེད། རང་ཉིད་ནི་ལོ་མང་པོ་ལ་སློབ་གསོ་ཐོབ་སྟེ་སློབ་གྲྭ་ཆེན་མོ་ནས་མཐར་ཕྱིན་པའི་འདུན་པ་དེ་ཡེ་ནས་དོར་ཞིང་། ཆང་དང་ཤོ་བག་ནག་མོ་གསུམ་ལ་ལོངས་སྤྱོད་མཁས་པའི་ཕོ་དམན་ཞིག་ཏུ་གྱུར།
ལོ་འགའ་ཞིག་སོང་རྗེས། བློ་བཟང་གི་ཕ་མ་དཔོན་པོ་དང་ཉེ་འབྲེལ་སྐུ་དྲག་ཡིན་པའི་བཀའ་དྲིན་གྱིས་རྫོང་གི་ཅུའུ་ཞིག་ལ་ཅུའུ་ཀྲང་གཞོན་པ་བྱས་ནས་ཁྲིད་སོང་། ཁོས་དེ་སྔོན་གྱི་འཚོ་བའི་སྤྱོད་སྟངས་དེར་ཆགས་ཞེན་ཆེ་བའི་དབང་གིས། ད་ལྟའི་ལས་གནས་ཐོག་ནས་ལྐོག་གཡོ་ངན་ཇུས་དང་གཡོ་སྒྱུ་ཁྲམ་གསུམ་གྱི་བསམ་པ་ཇེ་དྲག་བྱུང་ཞིང་། སྔོན་གྱི་བྱ་བ་ཐ་ཤལ་ཅན་སྐྱུག་བྲོ་བ་དེ་དག་སྔར་བཞིན་ལུས་ལ་གོམས་ཡོད་ཀྱང་རང་ཉིད་ཀྱི་རྒྱབ་རྩ་བཙན་པའི་དབང་གིས་མཐར་ཅུའུ་ཀྲང་རྒན་པའི་གོ་སའི་སྟེང་ལ་སླེབས།བློ་བཟང་གི་མནའ་མ་ནི་གཤིས་རྒྱུད་བཟང་ལ་ཡ་རབས་སེམས་བཟང་གི་བུད་མེད་ཅིག་ཡིན་ལ། ནམ་རྒྱུན་དུ་ནངས་སྔ་ལངས་དང་ནུབ་ཉལ་འཕྱི་བྱས་ནས་ཁྱིམ་གྱི་ལས་ཀ་ལས་པ་དང་། ཟས་ཞིམ་པོ་ཡོད་ན་བློ་བཟང་སྒུག གོས་དྲོས་མོ་ཡོད་ན་བློ་བཟང་བསམས་ནས་རྒྱུན་དུ་རྒྱ་སྒོའི་འགྲམ་དུ་བསྡོད་དེ་བྱ་ཁུ་བྱུག་གིས་གནམ་ཆུ་སྒུག་པ་ལྟར་བློ་བཟང་རེ་སྒུག་བྱས་ནས་བསྡད། སེམས་ལྡན་གྱི་མི་ཞིག་ཡིན་ཕྱིར་བློ་བཟང་གིས་མནའ་མའི་སྒྲུབ་སྟངས་ལ་ཕྱིར་འདང་རེ་བརྒྱབ་ན། སྐབས་རེར་རྒོད་བྲོ་བ་དང་། ལན་རེར་ངུ་འཆོར་བ། མཚམས་རེར་ཡི་མུག་པ་ཞིག་རེད། ཁོ་མོ་བློ་བཟང་གི་མནའ་མ་བྱས་ཕྱིན་ཆད་སྐྱིད་ཟེར་བ་དེ་ནི་མནའ་མ་ལ་གསལ་ཆ་སྤུ་ཙམ་ཡང་མེད་པར་གངས་དཀར་གྱི་སེམས་ལ་སྡུག་གི་རི་རབ་བརྩེགས་པ་དང་གློ་དང་མཆིན་པའི་བར་ན་སྡུག་གི་རྒྱ་མཚོ་འཁྱིལ་ཡོད། འོན་ཀྱང་བློ་བཟང་ས་གར་སོང་ཟུར་བཟའ་མེད་ས་མེད། གནས་གར་སྤོས་སྤྱོད་ངན་གྲངས་མེད་བསྒྲུབས་ཏེ། ད་ལྟའི་ལས་གྲོགས་དཔལ་མོའི་བར་བརྩེ་དུང་གི་ཐག་ནག་ཇེ་དམ་ནས་ཇེ་དམ་སོང་བ་མ་ཟད། དཔལ་མོ་གཡོ་ཐབས་རྣོ་བའི་དབང་གིས་བློ་བཟང་གི་སེམས་པ་རང་དབང་མེད་པར་བསྒྱུར་ནས་བྱ་བ་ཅི་སྒྲུབ་དཔལ་མོ་ལ་བློ་འདྲི་དགོས་པ་དང་། དཔལ་མོས་ཅི་བཤད་བློ་བཟང་གིས་མི་ཉན་ཀ་མེད་བྱུང་། ལས་ངན་གྱི་མནའ་མས་སྔོན་ཆད་བློ་བཟང་གི་བྱ་བ་བཟང་ངན་ཅི་བསྒྲུབས་ཧ་མི་གོ
ཡིན་ན་ཡང་རྫོང་ལ་ཐོན་རྗེས་བློ་བཟང་གིས་སྒྲུབ་རབ་སྒྲུབ་ཚུལ་ཐམས་ཅད་མནའ་མས་ཅུང་ཙམ་གོ་ཐོས་བྱུང་ཡོད། ཉིན་ཞིག་ལ་བློ་བཟང་ལས་དོན་གྲོལ་ནས་ཁྱིམ་ལ་ཐོན་རྗེས། མནའ་མས་བློ་བཟང་ལ་ཁྱིམ་མཚེས་ཉི་མ་བཟའ་ཚང་གི་དགའ་སྐྱིད་འཚོ་བ་རོལ་སྟངས་དང་ད་ཕྱིན་ངེད་ཁྱོ་ཤུག་གཉིས་མཛའ་མཐུན་དགོས་ལུགས་ཀྱི་ཁ་ཏ་མང་པོ་བྱས་པའི་ཟུར་དུ། བློ་
བཟང་ལ་ལས་གྲོགས་དཔལ་མོའི་རྒྱུ་མཚན་ཅུང་ཙམ་དྲིས་པས། བློ་བཟང་དེ་མ་ཐག་ཏུ་གདོང་མདོག་འགྱུར་ཏེ་མནའ་མ་ལ"ཁྱོད་ཀྱིས་དཀོར་རྒྱུ་དཀོར་ཟས་ཟོས་ནས་སྡོད། གཞན་གྱི་དོན་ལ་བསམ་གཞིགས་དགོས་དོན་མེད"ཅེས་མ་དགའ་བའི་ངང་དེ་སྐད་བཤད། མནའ་མས་ལན་དེ་ཐོས་པ་ཙམ་གྱིས། བློ་ཕམ་ཡིད་ཆད་ནས་སྡུག་བསྔལ་གྱི་ཆུ་ཞགས་དབང་མེད་ངང་བཞུར་བ་དང་མཉམ་དུ་འཇིག་རྟེན་འཚོ་བར་སྙིང་པོ་མེད་པ། འཁོར་བ་ནི་སྡུག་བསྔལ་གྱི་རྒྱ་མཚོ་ཡིན་པ་མནའ་མའི་མིག་ལམ་དུ་གསལ།
ནམ་རྒྱུན་བློ་བཟང་ཆང་གིས་བཟི་ནས་མནའ་མ་ལ་རྒྱག་རྡུང་གྲངས་མེད་བྱེད་འདུག ལས་ངན་གྱི་མནའ་མའི་ལུས་ཡོངས་ལ་རྨ་རྨས་མེད་ས་མེད། དེ་ནས་ཁོང་བཟའ་ཟླའི་བར་གྱི་འབྲེལ་བ་མར་ངོའི་ཟླ་ལྟར་ཉིན་རེ་ནས་ཉིན་རེར་ཇེ་ཉམས་ཇེ་སྡུག་ཏུ་སོང་བས། མཐར་ལོ་མང་པོའི་ཁྱོ་ཤུག་གི་འབྲེལ་བ་དེ་ཉིན་མོའི་སྐར་མ་ལྟར་ཡལ་ཏེ་ཡེ་ནས་མེད་པར་སྡུག་ཡོངས་རྫོགས་མནའ་མའི་མགོ་ལ་ལྷུང་། བདེ་བ་ཐམས་ཅད་བློ་བཟང་གི་པང་ལ་ལུས། ཏང་དང་རྒྱལ་ཁབ་ཀྱིས་རུལ་སྲུངས་རྩ་གཏོར་གཏོང་རྒྱུའི་བཀའ་རྒྱ་ཇི་བཞིན་གསར་འགྱུར་གྱི་ནང་དང་རྫོང་ཕྱི་ནང་གི་རུལ་སྲུང་དཔོན་ངན་རེ་རེ་བཞིན་མི་མང་གི་མིག་ལམ་དུ་གདོང་རིས་དམར་རྗེན་དུ་བཏོན་པའི་ཡིག་ཆ་དང་གསར་འགྱུར་ཉིན་རེ་བཞིན་ཇེ་མང་དུ་གྱུར་རིམ་བཞིན་བློ་བཟང་གི་གདོང་གཤིས་ཇེ་ཞན་ནས་ཇེ་ཞན་དུ་གྱུར།
རྩོམ་སྒྲིག་འགན་འཁུར་བ། ཀུན་ཁྱབ། བསྟན་པ་ཡར་རྒྱས།