ཆར་སྨག

བཀྲ་ཤིས་ཟླ་བ། (སྐྱེ་རྒུ) རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 12-14


        ཆར་ད་དུང་མུ་མཐུད་ནས་འབབ་བཞིན་འདུག 

        ནངས་སྔ་དྲོ་ནས་བཟུང་བབ་པའི་ཆར་དེ་ད་དུང་འབབ་མཚམས་ཆད་མེད།

        བློ་བཟང་གིས་ནོར་ལུག་རྣམས་གོ་ལག་བསྡུས་ཏེ་དགོང་ཟས་ཟོས་རྗེས་ཉལ་སའི་སྟེང་དུ་གན་རྐྱལ་ལོག་སྟེ་ཐང་ཆད་པའི་དབུགས་རིང་ཞིག་བཏང་མུར།

        "སྤྲང་གནམ་འདི་ཞབས་བུག་སོང་བ་མིན་ནམ"ཞེས་གནམ་ལ་འཁང་ར་བྱེད་པའི་ཁ་རྡུང་གཏོང་བཞིན་གཉིད་དུ་ཡུར།  མཚན་ཚད་ག་འདྲ་ཞིག་ལ་སླེབས་ཡོད་པ་མི་ཤེས་མོད། རྒྱུན་དུས་ཁ་ཁུ་སིམ་མེ་འདུ་ལོང་བྲལ་བའི་ལུང་ཁུག་དེར་ཆར་པ་ཆག་ཆག་ཏུ་འབབ་པའི་སྒྲ་དང་འ་འུར་ཟ་ཟིང་གི་ཁྱིའི་ཟུག་སྐད་རི་ལུང་བཀང་བ་ཞིག་གློ་བུར་དུ་རྒྱབ་བྱུང་བས། བློ་བཟང་གཉིད་ལས་སད།

        "རོ་ཁྱི་འདི་ཚོ་དོ་ནུབ་སྨྱོས་སོང་བ་མིན་ནམ"ཟེར་ཏེ་ཁེར་ལབ་བྱེད་བཞིན་མལ་ལས་ལངས་ནས་སྦྲ་སྒོའི་བར་ནས་མགོ་དོན་ཏེ་ཕར་ལྟ་ཚུར་ལྟ་ལན་འགའ་བྱས་ཀྱང་ངམ་ནག་གི་ཆར་

        སྨག་ནི་རྔམ་མཐུག་གི་རྒྱ་མཚོ་བཞིན་མིག་ནང་མཛུབ་གུ་བཙུགས་ཀྱང་མཐོང་མི་ཐུབ་པ་ཞིག་མངོན།  བློ་བཟང་གི་སེམས་ལ་་མི་བརྒྱལ་ཀ་མེད་འདྲེས་འགྲམ་ལྕག  ཁྱི་མི་ཟུག་ཀ་མེད་རྐུན་མས་རྣ་གཅོད།  ཁྱིའི་ཟུག་སྐད་འདི་ལ་བརྟགས་ན་གནས་ཚུལ་ཞིག་ཡོད་ངེས་ཅན་རེད་བསམས་ནས་རྣ་བ་ཀྲོག་ཀྲོག་བྱས་ནས་ཕྱི་རོལ་གྱི་སྒྲ་ལ་ཡང་བསྐྱར་ཉན་རྣ་རྒྱག་དུས། ངོ་མ་རང་གི་ལྷས་རའི་ཉེ་འདབས་སུ་ལྡབ་ལྡིབ་ཤབ་ཤུབ་གསལ་ལ་མི་གསལ་བའི་མི་སྐད་སྨྲ་བ་ཞིག་ཐོས་བྱུང་།  བློ་བཟང་གཟབ་ནན་དང་བཅས་པས་མྱུར་བ་ནང་དུ་འཛུལ་ཏེ་རང་གི་

        ཆུང་མ་དཔལ་མཚོ་ལ་སྐད་དམའ་མོས།  རོགས་དོ་དགོང་ཡག་མ་ཐལ། ང་ཚོའི་ལྷས་ནང་དུ་རྐུན་མ་ཐོན་འདུག"ཟེར།

        དཔལ་མཚོ་དངངས་འཚུབ་འཁོལ་བཞིན་མལ་ལས་ཡར་ལངས་ཏེ་བློ་བཟང་ལ།  "ད་ཅི་བྱ"ཟེར།   བློ་བཟང་གིས་སྔས་འོག་གི་སྐེད་གྲི་རིང་མ་ཐུང་དེ་ཡར་བླངས་ནས་སྒོར་བུད།  གོམ་པ་གང་རེ་གང་རེ་བྱ་ལ་འཇབ་པ་བཞིན་འདམ་ཆུ་འཁྱིལ་པའི་ལྷས་ཟུར་ནས་དོགས་ཟོན་ངང་ག་ལེར་འགྲོ་ཞོར་ཉན་ཞོར་བྱེད་དུས། 

        "རྒན་ང་ལགས་ཁྱེད་ཀྱི་ལུས་འཁྱག་ཨེ་འདུག"

        "མི་སྐྱོན"ཅེས་རྒྱ་སྐད་ཀྱིས་མི་གཉིས་ཁ་བརྡ་བྱེད་བཞིན་པ་ལྕི་བས་བརྩེགས་པའི་ལྷས་ཁུག་ནས་བློ་བཟང་གིས་གསལ་པོར་ཐོས། ཁོས་སྐད་ཆ་ལ་བརྟགས་ནས་འདང་རྒྱག་ཅིག་བྱས་ཚེ། ཁོ་ཚོ་ཕལ་ཆེར་རྒྱུན་དུས་ལུང་པ་འདི་བརྒྱུད་ནས་འགྲོ་འདུག་མཁན་དབྱར་རྩྭ་དགུན་འབུ་རྐོ་མི་ཡིན་པ་འདྲ་སྙམ་སྟེ། ད་གཟོད་སེམས་ཅུང་ཟད་ལྷོད་དེ་ཡང་སྐྱར་ཉན་པས།

        "རྒན་ང་ལགས།  ང་ཚོ་སང་ཉིན་ད་དུང་རི་མགོ་མཐོན་པོར་འཛེག་དགོས་དོ་ནུབ་ཀྱི་ཆར་པ་འབབ་མཚམས་ཡང་མི་ཆད། ད་ཅི་བྱ"

        "ཅུང་ཙམ་སྒུག་ན་ཆར་ཕལ་ཆེར་འཇམ་རྒྱུ་རེད། དེ་ནས་ལམ་སྣེ་ཞིག་རྙེད་ན་མཐོང"

        ཞེས་སླར་ཡང་རྒྱ་རིགས་གཉིས་ཀྱི་ཁ་བརྡ་བྱེད་པ་དེ་ཐོས།  བློ་བཟང་གིས་མི་གཉིས་ལས་མེད་པ་དང་མི་འདི་གཉིས་ཆར་སྨག་གིས་ལམ་འཛོལ་ནས་མགོ་འཁོར་སོང་བ་འདྲ། འདི་གཉིས་དོ་ནུབ་ཆར་སྨག་འདི་འདྲའི་ནང་མུ་མཐུད་དུ་སོང་ན་ལམ་མི་ཆོད་ཅིང་མགོ་མི་ཐོན་ཁག་ཐེག་རེད་བསམས་ནས།

    "ཝེ་ཁྱོད་ཚོ་སུ་ཡིན། མཚན་གཞུང་འདི་རུ་ཅི་བྱེད་དུ་ཡོང་བ་ཡིན"ཞེས་སྐད་བཏང་ནས་བློ་བཟང་གམ་དུ་སོང་བས་མི་གཉིས་ཀྱི་གཟུགས་རབ་རིབ་ངང་མཐོང་བྱུང་། མི་དེ་གཉིས་ཀྱིས་ཀྱང་གློ་བུར་གནམ་ནས་ལྷུང་བ་ལྟ་བུའི་སྐད་སྒྲ་དེས་སྐྲག་སྣང་དབང་རྩ་ལྡོག་པ་ལྟ་བུ་ཞིག་སྐྱེས་ནས་ཡུད་ཙམ་ལ་ཅི་ཡང་བརྗོད་རྒྱུ་མེད་པ་ཧད་དེ་ལུས།  ཅུང་ཙམ་འགོར་རྗེས་ད་གཟོད་སྐད་གསང་ཉམ་དམའ་མོས།

        "སྤུན་ཟླ་ལགས……ང……ང་ཚོ་རྐུ་མ་མིན། ང་ཚོ་ནི་མཐོ་སྒང་སྐྱེ་དངོས་ཁོར་ཡུག་སྲུང་སྐྱོབ་ཞིབ་འཇུག་ཁང་གི་ཡིན། རི་མགོར་སོང་མཐར་ཆར་སྨག་འཐིབས་པས་ལམ་བོར་ནས་ལམ་གོལ་བ་ཡིན"

        ཟེར་ནས་རྒྱ་སྐད་ཀྱིས་ལབ་བྱུང་བས་བློ་བཟང་རྒྱ་ཡིག་མཁས་པོ་དེ་འདྲ་ཞིག་མིན་ཀྱང་ཁོ་རྒྱུན་པར་རྫོང་དང་ཁུལ་ལ་འབྲུ་རིགས་སོགས་ཉོ་རུ་རྡལ་ལེན་དུ་འགྲོ་སྐབས་ཟ་སྐད་འཐུང་སྐད་འགྲོ་སྐད་འདུག་སྐད་ཕལ་ཆེར་གོ་ཤག་ཤག་ཡིན།  བློ་བཟང་གིས་འདང་རྒྱག་ཅིག་བྱས་མཐར་མཐོ་སྒང་ཁོར་ཡུག་སྲུང་སྐྱོབ་ཟེར་བའི་དོན་གནས་ལུགས་མཐར་ཐུག་ཅིག་མ་ཤེས་ཀྱང་གོ་སྐད་ལ་ཕ་ཡུལ་གྱི་སྣོད་བཅུད་སྲུང་སྐྱོབ་བྱེད་པའི་དོན་བཟང་ཡིན་པ་ཧ་གོ དེ་ནས་ཁོས་མི་དེ་གཉིས་ལ། "ད་ཁྱོད་གཉིས་དོ་ནུབ་ལམ་མི་ཆོད་པས་འགྲོ།  ངའི་སྦྲ་ཁྱིམ་ནང་ལ་འགྲོ"ཟེར་ནས་མི་དེ་གཉིས་ལ་ལམ་སྣ་ཁྲིད་དེ་སྦྲ་ནང་དུ་འཛུལ།  དཔལ་མཚོས་སྒྲོན་མེ་སྦར་ནས་རློན་པ་ཆུས་བཤེར་བ་ལྟ་བུའི་མི་གཉིས་ལ་ལྟ་ཙམ་བྱས་ནས།

        "སུ་རེད"ཅེས་དྲིས། བློ་བཟང་གིས་ཕོ་ལོ་ལྔ་བཅུ་ཡས་མས་ཀྱི་མདོག་སྐྱ་ལ་ལུས་ཟུངས་རིད་པ། གཟེངས་མཐོ་བའི་སྣ་སྒང་དུ་ཤེལ་མིག་དཀར་པོ་བརྒྱབ་པའི་འོག་ཟིམ་ཟིམ་བྱེད་པའི་མིག་ཟུང་ལྡན་པའི་རྒྱ་རིགས་རྒས་པོ་དེ་དང་ལུས་ཕྲ་ལ་གཟུགས་ཚད་རན་པ།  གདོང་གཟུགས་སོ་ཁའི་དབྱིབས་ཅན་ལ་མིག་སྣ་སོགས་དབང་པོའི་ངོ་ཆོས་སྒྲོས་པའི་གཞོན་ནུ་གཉིས་ལ་ཞིབ་ལྟ་ཞིག་བྱས་མཐར།  ཀོ་བས་བཟོས་པའི་ཨོང་གདན་གཉིས་ཐབ་ཀའི་རྩ་ལ་དྲུད་དེ།

        "ཁོ་གཉིས་མཐོ་སྒང་ཁོར་ཡུག་སྲུང་སྐྱོབ་ཞིབ་འཇུག་བྱེད་མཁན་ཡིན"ཟེར།

        "མཐོ་སྒང་ཁོར་ཡུག་སྲུང་སྐྱོབ་ཟེར་ན་ཅི་འདྲ་ཞིག་རེད།"དཔལ་མཚོས་ཐབ་ཐོག་ཏུ་ཇ་ཐབ་སྒྲིག་ཞོར་བློ་བཟང་ལ་དྲིས། བློ་བཟང་གིས།  "ཤེས་ཚོད་ལ་དེ་ནི་ངོ་མ་བྱ་བ་ཡག་པོ་ཞིག་རེད།  དེང་སྐབས་ང་ཚོའི་བོད་ཡུལ་སོགས་མདོ་དབུས་མཐོ་སྒང་གི་ཁོར་ཡུག་ཇེ་ངན་དུ་འགྲོ་བཞིན་པ་དང་ས་བརྐོ་?་སློག་དང་རྩི་ཤིང་ནགས་ཚལ་བྲེག་པ།  གཅན་གཟན་རི་དྭགས་འཚེ་བ་སོགས་ད་ཕྱིན་བཀག་འགོག་མ་བྱས་ན་རི་དྭགས་རི་ན་དག་ཅིང་།  ཁྱིམ་བདག་ཁྱིམ་ན་དག་དགོས་པའི་བྱ་བ་རྩོམ་མཁན་རེད"ཅེས་སྨྲས་པས།  དཔལ་མཚོས་སྒྲོན་མེའི་འོད་ཀྱིས་གསལ་བའི་སྦྲ་ནང་གི་མི་དེ་གཉིས་ལ་ཞིབ་ལྟ་ཞིག་བྱས་ནས་ཡི་རངས་པའི་རྣམ་འགྱུར་ཞིག་ཕྱུང་།

         ཆར་ད་དུང་འབབ་བཞིན་འདུག  ཆར་སྨག་འཁྲིགས་པའི་མཚན་མོའི་འོག་ཆེ་རྒྱུ་མེད་པའི་བློ་བཟང་ཚང་གི་སྦྲ་སྲུབ་ནས་མཆེད་པའི་ཐབ་ཀའི་མེ་འོད་དམར་ལིང་ངེ་གསལ་འདུག

       ཕྱི་ཉིན་བློ་བཟང་སྔར་བཞིན་གཡག་རྒོད་ལྟ་བུ་གདོས་ཧྲག་ཆེ་བའི་ལུས་ཟུངས་ལ་བོད་ལྭ་སྐྱ་བོ་ཞིག་གྱོན་ནས་ཚར་ལོ་དམར་པོའི་སྟག་རལ་དཔྲལ་ཐོད་ནས་ཐད་ཀར་འཁྱུད་དཀྲིས་འགའ་རྒྱབ་ཅིང་།  བྱ་རྒོད་གཤོག་ཟུང་ལྟ་བུ་སྨིན་མ་སྟུག་པོའི་འོག་གི་ཆ་ག་དོད་པའི་མིག་འབྲས་གཉིས་གཡོ་བཞིན་ནོར་ལུག་རྣམས་སྔོན་མོ་རྩྭ་ཐོག་ཏུ་བརྒྱབ་ནས་ཚུར་སླེབས།

      ཤར་རིའི་རྩེ་ནས་མཆེད་པའི་ཉི་འོད་གསེར་གྱི་ཞགས་པས་ཆར་རྗེས་ཀྱི་རི་ལུང་ལ་སྔར་མེད་ཀྱི་མཛེས་ཉམས་ཤིག་ཕབ།

        རྒྱ་རིགས་མགྲོན་པོ་གཉིས་ཀྱིས་སྐམ་ཐག་ཆོད་པའི་རང་གི་གོས་ལ་ལྟ་ཙམ་བྱས་ནས་བློ་བཟང་དང་དཔལ་མཚོ་གཉིས་ལ་ཡིད་འགུལ་ཐེབས་བཞིན།

        "བོད་རིགས་སྤུན་ཟླ་བཀའ་དྲིན་ཆེ།  བཀའ་དྲིན་ཆེ"ཞེས་ཡང་ཟློ་སྐྱར་ཟློ་བྱས་ནས་ངོ་ལ་ཡིད་སྐྱོ་བའི་ཉམས་ཤིག་ཤར་ནས་མིག་མཐའ་མཆི་མས་གང་།   བློ་བཟང་གི་གདོང་ལ་འཛུམ་ཞིག་དོད་ནས་ཆུང་མ་དཔལ་མཚོའི་བགད་ཉམས་སྟོན་པའི་ངོ་ལ་ལྟ་ཙམ་བྱས་ནས།

    "དེ་འདྲ་བཤད་མི་དགོས།  དེ་འདྲ་ག་ལ་བཤད་དགོས"ཟེར་བཞིན་དཔལ་མཚོས་གྲ་སྒྲིག་བྱས་ཟིན་པའི་ནངས་ཇ་འཐུང་མགོ་བརྩམས།  "ལྟོས་དང་ང་ཚོ་ངོ་མ་གླེན་པ་རེད།  ད་དུང་ཁྱེད་བཟའ་མི་གཉིས་ཀྱི་མིང་ཅི་ཟེར་མི་ཤེས"ཟེར་ནས་འདྲི་རྩིས་བྱེད་སྐབས་བློ་བཟང་གིས་རང་ངོ་རང་གིས་སྤྲད་དེ།  

        "ངའི་མིང་བློ་བཟང་ཟེར། ཆུང་མ་དཔལ་མཚོ་ཡིན།  བུ་ལོ་བརྒྱད་ཅན་ཞིག་ཡོད་པ་དེ་ད་ལྟ་སློབ་གྲྭར་བཞག་ཡོད"ཅེས་བཤད་པས།  རྒྱ་རིགས་རྒས་པོ་དེས་ཀྱང་རང་ངོ་སྤྲོད་རྩིས་བྱས་ཏེ།  "ངའི་མིང"

        "ཁྱོད་ཀྱི་མིང་ངས་ཤེས་སོང་ཁྱོད་ལ་རྒན་ང་ལགས་ཟེར་བས་དཔེ་ཆ་ཁྲིད་མཁན་ཞིག་ཀྱང་ཡིན་ཚོད་འདུག"ཅེས་བློ་བཟང་གིས་བཤད་པས་རྒྱ་རིགས་རྒན་པོ་ཧ་ལས་པའི་ངང་ཚུལ་ཞིག་བསྟན་ནས།

        "དེ་འདྲ་རེད། དེ་འདྲ་རེད། ངའི་རུས་ང་དང་མིང་རྐང་རེད། ཚང་མས་ང་ལ་ལས་མིང་བཏགས་ནས་རྒན་ང་ལགས་འབོད། སྤུན་ཟླ་བློ་བཟང་ངོ་མ་སྤྱང་གྲུང་ལྡན་པ་ཞིག་རེད་རྒྱ་སྐད་

        ཀྱང་འདི་འདྲ་ཡག་པོ་ཞིག་བཤད་ཤེས་འདུག"ཟེར།

        དེའི་རྗེས་གམ་དུ་ཡོད་པའི་རྒྱ་རིགས་གཞོན་ནུ་དེས་ཀྱང་།

        "ཨ་ཁུ་བློ་བཟང་ངའི་མིང་ལ་ཀྲང་ཅང་ཟེར།

        ང་ནི་རྒན་ང་ལགས་ཀྱི་སློབ་མ་ཡིན། ཕལ་ཆེར་ང་ལ་ཞའོ་ཀྲང་ཞེས་འབོད"ཟེར་ནས་བློ་བཟང་ལ་གུས་འཛུམ་ཞིག་བསྟན།

        ནངས་ཇ་འཐུང་རྗེས་རྒན་ང་ལགས་དང་ཞའོ་ཀྲང་གཉིས་ཁུག་མ་ཕྲག་ཏུ་གཡུག་ནས་འགྲོ་གྲབས་བྱས། དཔལ་མཚོས་རས་ཁུག་ཆུང་ཆུང་གྲོ་ཆས་གང་ཡོད་པ་ཞིག་ཁྱེར་ནས།  "རི་མགོར་ཐོན་དུས་ལྟོགས་ཡོང་བས་སྐྱ་གྲོ་འདི་ཁྱེར་སོང"ཟེར་ནས་ཞའོ་ཀྲང་གི་ལག་ཏུ་སྤྲད།  "རི་མགོར་སོང་རྗེས་དོགས་ཟོན་གྱིས"ཟེར་བ་ལ་བློ་བཟང་གིས་གྱེན་དུ་བསྲིངས་པའི་ལམ་བུ་དེ་བསྟན་ནས་ལམ་རྒྱུད་ལ་བསྐྱལ།

        ཉིན་གུང་གི་དུས་ཚོད་ཅི་ཙམ་འདས་ཟིན་པ་མི་གསལ་ཡང་བློ་བཟང་གིས་ཉི་མའི་གྲིབ་གཟུགས་ལ་བརྟགས་ན་དུས་ཚོད་ག་ཚོད་ཡིན་པ་ཧ་ལམ་ངེས་ཤེས་སྐྱེད་ཐུབ་པས།  "ཁོ་གཉིས་ཕལ་ཆེར་ལམ་ཐག་རིང་པོ་ཞིག་ལ་བུད་སོང་།   མིན་ན་ཧ་ལམ་ཚུར་ཐོན་རྒྱུ་རེད"ཟེར་ནས་སྦྲ་སྒོའི་གཡས་ཟུར་ན་བལ་སྐུད་འཁེལ་བཞིན་པའི་ཆུང་མ་དཔལ་མཚོ་ལ་བཤད། 

        དཔལ་མཚོས་གནམ་ངོར་གཅིག་བལྟས་ནས། "དེ་རིང་ཉི་མ་འདི་འདྲ་ཚ་ལུགས་ལ་དོ་ནུབ་ཀྱང་ཆར་འབབ་ཁག་ཐེག་རེད"ཅེས་བློ་བཟང་ལ་བཤད།

        བློ་བཟང་གིས་བསམ་བློ་ཞིག་བཀོལ་མཐར"ད་ཡག་མ་ཐལ། དོ་ནུབ་གལ་སྲིད་གནམ་ཞིག་བབ་ན་མི་དེ་གཉིས་གཅོང་རོང་སོགས་སུ་ལྷུང་ནས་འཆི་རྒྱུ་རེད"ཟེར་ཞིང་མགོ་བོའི་ལྟག་

        རལ་དམར་པོ་དཔྲལ་ཐོད་ནས་དཀྱུས་དཀྲི་རྒྱག་སྐྱོར་ཞིག་བྱས་ཏེ།  

        "ང་སྔ་མོ་སླེབས་མ་ཐུབ་ན་ཁྱོད་ཀྱིས་ཟོག་ལུག་གོ་ལག་ཨེ་འཆོས་ལྟོས"ཟེར་ཞོར་སྦྲ་ནང་དུ་འཛུལ་ཞིང་སྔས་འོག་གི་སྐེད་གྲི་དེ་བླངས་ནས་སྐེད་རགས་ཀྱི་བར་དུ་དྲངས་ཏེ་ལམ་དུ་ཆས།   བློ་བཟང་གྱེན་ནས་གྱེན་དུ་བསྲིངས་པའི་ལམ་ཕྲན་དེད་དེ་ནུབ་རིའི་རྩེ་ལ་ཉེ་བའི་ཉི་མའི་རྗེས་སྙེག་པ་བཞིན་དལ་ལྷོད་ཅུང་ཟད་ཙམ་ཡང་མེད་པ་རི་མགོར་འཛེགས། ཅུང་མ་འགོར་བར་ཉི་མ་ནུབ་རིའི་ཕག་ཏུ་ཡིབ་ཅིང་ས་སྲོད་ཀྱི་མུན་པའི་ཡོལ་རས་འཐེན་བཞིན་འོང་། མཁའ་དབྱིངས་ཀྱི་སྤྲིན་ནག་ཕྱོགས་གཅིག་ཏུ་བསྡུས་ཏེ་ནམ་མཁའ་བསྒྲིབས་པས་དྲག་ཆར་ཆེན་པོ་ཞིག་མྱུར་དུ་འབབ་རྒྱུ་གདོན་མི་ཟ་བའི་ཆར་སྨག་མ་རུངས་པ་ཞིག་འཁྲིགས། བློ་བཟང་མུ་མཐུད་དུ་གྱེན་དུ་བསྲིངས་པའི་ལམ་དེ་དེད་ནས་སོང་། ཡུད་ཙམ་སོང་རྗེས་གློག་འོད་འཁྱུག་ཅིང་འབྲུག་སྒྲ་ལྡིར་བའི་དྲག་ཆར་དེ་ལྷུང་བྱུང་། བློ་བཟང་གིས་ཅི་ཡང་མཐོང་རྒྱུ་མེད་པའི་ཆར་སྨག་གསེབ་ནས།  "ང་དགེ་རྒན།  ཞའོ་ཀྲང"ཞེས་སྐད་གསེང་མཐོན་པོས་ལན་འགའ་བོས་ནས་གཏད་སོ་མེད་པའི་རྣམ་ཤེས་ཇི་བཞིན་གློག་འགྱུ་འོད་ཀྱི་བར་ནས་ཡར་རྒྱུག་མར་རྒྱུག་བྱེད་བཞིན་བཙལ།  

        དྲག་ཆར་ཇེ་ཆེར་སོང་ཞིང་གློག་འོད་དང་འབྲུག་སྒྲས་རི་ལུང་ཐམས་ཅད་ཁྱུར་མིད་གཏོང་འདོད་པ་བཞིན་འཁྱུག་ཅིང་ལྡིར།  བློ་བཟང་གིས་དྲག་ཆར་ཁྲོད་ནས་ཅི་ཞིག་བྱ་དགོས་པའང་གདེང་ཚོད་མེད་པ་ནུད་ཞོར་འདྲེད་ཞོར་སླར་ཡང་སྐད་མཐོན་པོས་མུ་མཐུད་དུ་བོས་མཐར་མི་རིང་བ་ཞིག་ནས་གདངས་དམའ་མོའི་ཀི་ལན་ཅིག་གིས།

        "སྤུན་ཟླ་བློ་བཟང་།  ང་ཚོ་འདི་ན་ཡོད།  འདི་ན་ཡོད"ཅེས་སྐད་རྒྱབ་བྱུང་།

        བློ་བཟང་གིས་གདོང་ནས་ཟགས་པའི་ཆར་ཆུ་དེ་ལག་པས་ཕྱིས་ཙམ་བྱས་ཏེ་འགྲོ་མ་ནུད་ཀྱིས་འབོད་ཞོར་ཕྱོགས་དེའི་ངོས་ལ་སོང་།  

        "ཨ་ཁུ་བློ་བཟང་། ངེད་གཉིས་འདི་ན་ཡོད།   འདི་ན་ཡོད"ཅེས་ཞའོ་ཀྲང་གིས་ཉམ་ང་བའི་སྨྲེ་ངག་བཏོན་བྱུང་།  བློ་བཟང་གིས་ནག་ནོག་གི་གཟུགས་གཉིས་ལ་བལྟས་ནས་ཁོ་གཉིས་ལ་གནས་ཚུལ་ཅི་བྱུང""ཨ་ཁུ་བློ་བཟང་།  ཚང་མ་ངས་ལན།  རྒན་ང་ལགས་ངེད་གཉིས་ཚུར་ལོག་ཡོང་དུས་ངས་བག་ཡོད་མ་བྱས་པར་འཕྱི་ཁུང་ནང་ལ་རྐང་པ་ལྷུང་ནས་སུག་ཚིགས་འཆུས་པས་ད་གཟོད་ལྷག་སོང"ཞེས་ཞའོ་ཀྲང་ངུ་སྐད་འདྲེས་པའེ་གཏམ་དེ་བཤད་བྱུང་།"ཡ་ད་དོགས་རྒྱུ་མེད། ང་ཚོ་འགྲོ"ཟེར་བཞིན་བློ་བཟང་གི་རྒྱབ་དེ་ཞའོ་ཀྲང་ལ་གཏད་དེ"ངའི་རྒྱབ་ལ་ཤོག  ངས་ཁྱོད་ཁུར"ཟེར།

        ཞའོ་ཀྲང་དོག་མ་བདེ་བའི་ངང་ནས"ཨ་ཁུ་བློ་བཟང་།  མིན།  ངས་ཅི་ནས་ཀྱང་འདི་འདྲ་མི་ཉན།  ང་འགྲོ་ཨེ་ཐུབ་བལྟ"ཟེར་ཡང་བློ་བཟང་གིས"མགྱོགས་པོ་གྱིས།  ང་ཚོས་ལམ་མི་ཆོད"ཟེར་བའི་གཏམ་ལྷུང་བ་དང་ཆབས་ཅིག་ཞའོ་ཀྲང་རྒྱབ་ལ་བཙན་གྱིས་ཁུར་ནས་ཐུར་དུ་བབས།ཞའོ་ཀྲང་ཡིད་སྐྱོ་བའི་སྙིང་ཁོང་ནས་བསླངས་པའི་མིག་ཆུའི་ཐིགས་ཕྲེང་དག་ཆར་གྱིས་གཤེར་བའི་གདོང་པའི་ངོས་ནས་བློ་བཟང་གི་རྒྱབ་ལ་ལྷུང་བཞིན་འདུག

        ཆར་རྒྱུན་འབབ་མཚམས་ཅུང་ཟད་ལྷོད་དེ་འབྲུག་སྒྲའི་ངར་སྐད་དལ་གྱིས་སོང་།  ལྷོ་མཚམས་གྱི་མཁའ་མཐའ་ནས་སྐར་མའི་འོད་མདངས་མཆེད།

        མཚན་མོ་འཇམ་ཐིང་ངེ་།  ཁུ་སིམ་མེ།  སྦྲ་འདབས་ཀྱི་སྒོ་ཁྱིའི་ཟུག་སྐད་རེ་གཉིས་ཙམ་ལས་ཅི་ཡང་གོ་རྒྱུ་མེད་ཅིང་ཅི་ཡང་ཚོར་རྒྱུ་མེད།  བློ་བཟང་ཚང་གི་ཐབ་ཀའི་ནང་གི་མེ་འོད་དེས་ལུང་ཁུག་ནང་གི་སྦྲ་ཁྱིམ་འདི་ལ་དམར་འོད་སྦྱར་བཞིན་འདུག

        ལོ་འགའ་ཤས་བུད་སོང་།  བློ་བཟང་གི་དཔྲལ་ཐོད་ལ་གཉེར་མ་འགའ་རེ་རེ་དོད་འདུག  ཡིན་ནའང་བློ་བཟང་གིས་རྒན་ང་ལགས་ཀྱིས་དྲན་རྟེན་དུ་བྱིན་པའི་ལག་མགོའི་དུས་ཚོད་འཁོར་ལོ་ལྟ་ཐེངས་རེར"སྤུན་ཟླ་བློ་བཟང་……ཨ་ཁུ་བློ་བཟང……ད་ཕྱིན་བོད་ཡུལ་འདི་སྔར་ལས་ལྷག་པའི་མི་ཡུལ་གྱི་ཞིང་ཁམས་སུ་འགྱུར་ངེས"ཞེས་གསལ་ལྷང་ལྷང་གི་སྐད་སྒྲ་དེ་ད་དུང་བློ་བཟང་གི་རྣ་ལམ་ལ་བར་མེད་དུ་འཁོར་བཞིན་འདུག

རྩོམ་སྒྲིག་འགན་འཁུར་བ།  ཀུན་ཁྱབ།  བསྟན་པ་ཡར་རྒྱས།  

 


རྩོམ་ཡིག་སྔོན་མ།
ཟུར་བཟའ།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1