སྔོན་གྱི་དུས་སུ་བཀྲ་ཤིས་ལྷ་གླིང་ཞེས་པའི་ཡུལ་སྡེ་དེའི་ལྟེ་བར་ལྷའི་དབང་པོ་བརྒྱ་བྱིན་གྱི་ཕོ་བྲང་རྣམ་པར་རྒྱལ་བའི་ཁང་བཟང་ལའང་སྐྱེངས་པར་བྱེད་པའི་མཁར་ཆེན་མཐོང་བ་རང་གྲོལ་ཞེས་པ་ཞིག་ཀ་བ་དང་སྒོ་སྐར་ཙན་དན་ལ་བྱས་པར་གསེར་དངུལ་དང་གཟི་བྱུར། གཡུ་དང་སྤོས་ཤེལ་མུ་ཏིག་སོགས་རིན་པོ་ཆེ་ཡི་དངོས་རྫས་མང་པོས་ཕྲ་རྒྱན་བྱས་ལ། མཐོ་ཚད་ཐོག་བརྩེགས་དགུ་ཡོད་པའི་ཕོ་བྲང་ཞིག་ཀྲོང་ངེར་འགྱིང་བ་དང་། དེའི་ནང་བཅུད་དུ་རྒྱལ་པོ་བཀའ་ལ་དབང་པོ་ཞེས་པ་མི་མིན་ལྷ་ཡི་ཐུགས་སྲས་འདྲ་བ་ཞིག་བཞུགས་ཡོད་པ་དེ་ལ། ཕྱི་བློན་བརྒྱ་དང་ཉེར་གཅིག་ནང་བློན་བརྒྱ་དང་བརྒྱད་ཀྱིས་མཐའ་ནས་བསྐོར་ཞིང་། ཁོང་ནི་ཐུགས་སྒམ་ལ་ཚུལ་མཐུན་དང་ལྡན་པ། བློ་གྲོས་གསལ་ལ་དཀར་ནག་ལས་ཀྱི་ཐིག་ཤིང་དང་། བཙན་པོ་རྣམས་ཀྱི་གོང་གནོན་ཉམ་ཆུང་རྣམས་ཀྱི་ཕ་མ་ལྟ་བུར་གྱུར་བ་རེད། དེ་བས་རྒྱལ་པོ་ཁོང་གི་མངའ་འོག་ཏུ་ཡོད་པའི་ཡུལ་གྲུ་ཐམས་ཅད་བདེ་སྐྱིད་ཀྱི་འཚོ་བ་ལྷ་དང་མཉམ་པ་རོལ་བཞིན་མཆིས།
དེ་འདྲའི་མཐོ་རིས་ཞིང་ཁམས་ཀྱི་དཔལ་ལ་འགྲན་པའི་ཡུལ་ཁམས་སུ་འབྲོག་སྡེ་ཆུང་ཆུང་ཞིག་རྒྱལ་པོའི་ཕོ་བྲང་དང་བར་ཐག་ཅུང་རིང་བའི་གནས་སུ་ཆགས་ཡོད་པ་དེའི་ནང་དུ། ཁྱིམ་ཚང་དབུལ་པོ་གཉིས་ཡོད་པ་ལས་ཕྱི་རབས་ཀྱི་མི་རྣམས་ཉན་ལ་སྤྲོ་བའི་གཏམ་རྒྱུད་ཐུང་ཐུང་ཞིག་དར་བ་ནི་འདི་ལྟར་ཏེ།
ཁྱིམ་ཚང་དབུལ་པོ་ཚང་ལ་མིང་སྲིང་གཉིས་མ་གཏོགས་མེད་པ་རེད། མིང་སྲིང་དེ་གཉིས་ཆུང་དུས་ནས་དྭ་ཕྲུག་ཏུ་གྱུར་བས་ལོ་ཆུང་བྱིས་པའི་དུས་ནས་འཚོ་བར་རང་ཚུགས་ཤེས་ཙམ་དུ་མ་གྱུར་བར་དུ་ཉམ་ཐག་གི་འཚོ་བར་རོལ། དེ་ནས་སྐབས་ཤིག་ཨ་ཅེ་ཉི་ཤུའི་ལང་ཚོ་རྫོགས་ནས་ས་ཐག་ཅུང་རིང་བ་ཞིག་ཏུ་བག་མར་འགྲོ་དགོས་བྱུང་། དེ་དུས་ནུ་བོའི་མིང་ལ་གཡུལ་རྒོད་ཅེས་པའང་རང་ལོ་བཅོ་ལྔར་ལོན་ཟིན། ཡིན་ནའང་། ཨ་ཅེས་ནུ་བོ་གཅིག་པུ་གནས་འདིར་བསྐྱུར་ནས་རང་ཉིད་གཞན་དུ་བག་མར་འགྲོ་བ་ནི་དྲན་པའི་སྙིང་?ག་བསྐྱུར་ན་གསོན་ཐབས་མེད་པ་ཇི་བཞིན་ཡིན་པས་ནུ་བོ་དང་ཁ་གྱེས་པར་མི་འདོད། འོན་ཀྱང་ནུ་བོས་དེ་ལས་ལྡོག་སྟེ་ཨ་ཅེ་ལ་བཤད་རྒྱུར"ཨ་ཅེ་ལགས། རང་ཆུང་བྱིས་པའི་དུས་ནས་ད་བར་ཁྱེད་ཀྱིས་དྲིན་ཆེན་མ་ཡུམ་ཞིག་དངོས་སུ་བཞུགས་པ་དང་ཁྱད་མེད་བྱས་ཏེ། གཞན་དག་ལས་ཟས་ཁམ་གང་དང་རང་ལུས་ཀྱི་རྔུལ་ཆུ་ལ་བརྗེས་ཏེ་ཉོས་པའི་གོས་ལྷེབ་གཅིག་ཙམ་ཡང་ཁྱོད་རང་གིས་ལོངས་སུ་སྤྱོད་མ་བྲ་བར་ང་ལ་ཟས་གོས་བསྒྲུབས་པས། ང་ལ་དེ་རིང་འདི་འདྲའི་གདོས་བཅས་ཤ་ཁྲག་གི་གཟུགས་པོ་སྟོབས་ལྡན་ཞིག་འཚར་ལོངས་བྱུང་བ་རེད། དེ་ཕྱིར་ད་ནི་ང་རང་ཡང་འཚོ་བར་རང་ཚུགས་ཐུབ་པས་ཨ་ཅེ་ཁྱེད་ཀྱིས་ཐུགས་ཁྲལ་མ་མཛད། འདི་ནི་ཁྱེད་ཀྱི་མདུན་ལམ་བཟང་པོ་ཡིན་པས་ངེས་པར་སོང་ན་དགའ། རྗེས་སུ་དུས་ནམ་ཡིན་ང་ཨ་ཅེའི་སར་ཐེངས་མང་པོ་ཐོན་ཡོང་། ཁྱེད་ཀྱང་ཁོམ་པ་འདྲ་བྱུང་ཚེ་ངའི་སར་ཡོང་བ་གྱིས། དེ་ལྟར་བྱས་ན་ཁྱེད་ཀྱིས་རང་གཉིས་གསོན་བྲལ་རེད་བསམ་པའི་སེམས་སྡུག་དེ་སེལ་ཐུབ་ངེས་ཡིན"ཞེས་ཡང་ཡང་ཞུས་པས། མཇུག་མཐར་གྲོས་མཐུན་ཏེ་ཨ་ཅེས་རང་ཡུལ་དང་ལྷག་པར་དུ་ནུ་བོར་སེམས་ཆགས་པས་གོམ་རེར་ཕྱི་མིག་རེ་བྱེད་པ་དང་། ཁྲ་ཆུང་སྤྱན་ཟུང་ལས་སྙིང་རྗེས་ཆུ་ཐིགས་རེ་རེ་བཞིན་འདམ་སྐྱེས་མེ་ཏོག་གི་བཞིན་དཔལ་འཛིན་པའི་ཞལ་ངོས་ནས་དལ་པོར་བབས་པ་དེ་རིམ་བཞིན་གྱོན་པའི་ལྭ་བར་ཐིམ་སོང་།
དེ་ལྟར་ཨ་ཅེ་སོང་བའི་ཤུལ་དུ་བུ་གཡུལ་རྒོད་གཅིག་པུ་བྱ་འཕུར་ཤུལ་གྱི་སྒོང་ང་བཞིན་ལུས་ནས་ཁོའི་འཚོ་བར་དཀའ་ཚེགས་མང་པོ་བྱུང་བས། ཐབས་མེད་པར་འབྲོག་སྡེ་དེར་ཕྱུག་པོའི་ཁྱིམ་ཚང་ཞིག་ཡོད་པ་དེ་ཚང་ལ་གཡོག་པོ་བྱས་ནས་ལོ་ཤས་རིང་རྟ་ནོར་ལུག་གསུམ་འཚོ་སྐྱོང་བྱེད་སྐབས། དགུན་ཟླ་གསུམ་ཁ་བ་བུ་ཡུག་གི་ནང་ནས་རི་དྭགས་ལས་སྡུག་པའི་དཀའ་ངལ་དང་། དབྱར་ཟླ་གསུམ་ཆུ་དང་ཆར་པའི་ནང་ནས་ཉ་སྦལ་ལས་ཐུ་བའི་སྡུག་བསྔལ་མྱངས། ཡིན་ནའང་། བུ་གཡུལ་རྒོད་ནི་སྡུག་བསྔལ་ལས་སྐྱེས་པ་ཞིག་ཡིན་པས་དཀའ་ངལ་དེ་ཙམ་སྡུག་བསྔལ་དུ་མཐོང་བ་ཕར་ཞོག ཁོའེ་སེམས་སུ་དུས་རྟག་པར་བདེ་ཞིང་སྐྱིད་པའི་སྣང་བ་ཤར། ཅིའི་ཕྱིར་ཞེ་ན། དེ་ནི་ཁོའི་ལུས་ལ་དཀའ་ངལ་ཅུང་ཙམ་བྱུང་ཡང་རྣ་བར་རྒྱུན་དུ་ཁོའི་ཨ་ཅེ་ནི་བདེ་སྐྱིད་ཀྱི་འཚོ་བ་ལོངས་སུ་སྤྱོད་བཞིན་གནས་ཡོད་པའི་འཕྲིན་བཟང་ཐོས་པར་མ་ཟད། ད་དུང་སྐབས་འགར་མིང་སྲིང་ལྷན་འཛོམས་ཀྱི་དུས་ཚོད་ཀྱང་མང་པོ་བྱུང་བ་དང་། ལྷག་པར་དུ་ཕྱུག་པོ་དེ་ཚང་ལ་ཁོ་དང་ལོ་ཚོད་མཉམ་པའི་བུ་མོ་མེ་ཏོག་སྒྲོན་ཞེས་པ་ཞིག་ཡོད་པ་དེས་ཡུན་རིང་ལས་ཀའི་སྐབས་སུ་ཁོ་དང་མཉམ་གཅིག་ཏུ་ཆར་རླུང་དང་དྲག་རླུང་གཡུག་པར་མ་ཡིན། དེ་སྔ་ལོ་འཁོར་མང་པོ་དེ་ཙམ་དུ་ཁ་ལ་ཀ་ར་སྦྲང་རྩི། རྒྱབ་ལ་དར་ཟབ་གོས་ཆེན་བྱས་ནས་གསོ་སྐྱོང་བྱས། ད་ཡང་བུ་མོ་འདི་ལ་མདུན་ལམ་ལེགས་
པོ་ཞིག་འཚོལ་བར་ངེད་གཉིས་ཀྱིས་བསམ་བློ་དང་ཐབས་ཤེས་བྱས་ན་ལེགས་པ་མ་གཏོགས་འདི་ལྟར་སྣང་མེད་བྱས་ན། རྗེས་སུ་བུ་མོ་འདི་སྤྲང་ཕྲུག་ཡོ་གེ་སྤུ་མེད་འདི་དང་སེམས་མཐུན་འགྲོ་བར་ཐེ་མི་ཚོམ་པ་རེད"ཟེར་ནས་ཅི་དྲགས་ཀྱི་གཏམ་གླེང་མང་པོ་བྱས་མཐར་རྒན་མོས་བཤད་རྒྱུར"སྤྲང་ཕྲུག་གཡོག་པོ་འདི་ཕར་བསྐྲད་དེ་གཡོག་གཞན་ཞིག་བཞག་ན་ལེགས"ཟེར། འོན་ཀྱང་རྒན་པོའི་བསམ་པར་གལ་ཏེ་ད་གཡོག་གཞན་ཞིག་བཙལ་ནའང་དེ་ལ་བུ་གཡུལ་རྒོད་དང་འདྲ་བ་ཤིན་ཏུ་དཀོན་མོ་རེད། ད་ལྟ་གཡོག་པོ་འདིས་ཉིན་རེར་མི་གཉིས་གསུམ་གྱི་གོ་སྤྱད་ཀྱང་རང་ཁྱིམ་གྱི་ལས་ཀར་ཚར་རྒྱུ་མི་འདུག་པས། འདི་བསྐྲད་ན་རང་ལ་དཀའ་ཁག་མང་པོ་འབྱུང་ངེས་རེད་སྙམ་ནས་བློ་གཉིས་འགལ་དུ་གྱུར་པས་དེ་ནུབ་འདི་ཡིན་གྱི་ཐག་མ་ཆོད་པར་ལུས་སོང་།
དེ་ལྟར་ཟླ་ཤས་འགོར་བའི་ཉིན་ཞིག རྒྱལ་པོ་བཀའ་ལ་དབང་བོའི་བློན་པོ་སྟག་རྒོད་ཅེས་པ་དེ་ཕྱུག་པོ་ཚང་ལ་སླེབས་ནས་ཕ་མ་གཉིས་ལ་བཤད་རྒྱུར"ཁྱིམ་བདག་རྣམ་གཉིས་ལགས། ངས་དེ་སྔར་ཁྲ་ཆུང་མིག་གིས་མ་མཐོང་ཡང་རིང་རིང་རྣ་བས་ཐོས་ཚུལ་ལ་བརྟགས་ན། ཁྱེད་ཚང་ལ་སྐྱེ་ཤ་ལོར་མེ་ཏོག་པདྨ། གཟུགས་བདེ་བ་སྦ་དཀར་སྨྱུག་མ། ལག་ལས་ཀ་ཀུན་ཡིད་མགུ་བ། ཤེས་རྒྱུ་བ་མོ་བརྒྱའི་ཡང་རྩེར་བུད་པ་ཞིག་འདུག་ཟེར་བ་དེ་ཁ་སང་རྒྱལ་པོའི་བཙུན་མོར་དགོས་པའི་བཀའ་གྲོས་ཕོ་བྲང་དུ་ཚོགས་རྗེས། རྗེ་རྒྱལ་པོ་བཀའ་ལ་དབང་པོས་ང་བློན་ཆེན་དེ་རིང་འདིར་གཉེ་བོ་རུ་ཆེད་མངགས་བྱས་ལེ་ཡིན། ཁྱེད་རྒན་རྒོན་གཉིས་ཀྱིས་དེ་ལྟར་བྱས་ན། ང་བློན་བོའི་བསམ་ཚུལ་ལ་རྗེས་སུ་བུ་མོའི་མདུན་ལམ་དང་ཁྱེད་ཕ་མ་གཉིས་ལའང་ཁེ་ཕན་ཆེན་པོ་ཡོད་ངེས་རེད"ཅེས་བཤད་པས། རྒན་རྒོན་གཉིས་པོས་ད་བསམ་དོན་འགྲུབ་སོང་སྙམ་སྟེ་སེམས་དགའ་བའི་རྟགས་མཚན་དེ་ཞལ་ངོའི་འཛུམ་དམུལ་གྱིས་མཚོན་པར་གྱུར་ནས"ལེགས་སོ་ལེགས་སོ། བློན་པོ་རིན་པོ་ཆེ། རྗེ་རྒྱལ་པོ་རྣམ་སྲས་འདྲ་བ་ཁོང་གིས་མོས་ན་ངེད་འབངས་མིས་དེ་ལ་ཅི་ཕྱིར་མི་ཉན"ཞེས་ཞུས་རྗེས། བློན་པོས་ཀྱང་དགའ་བའི་ངང་ནས་བཤད་རྒྱུར། "ད་དེ་འདྲ་ཡིན་ན་ཤིན་ཏུ་ལེགས། ང་དེ་རིང་ཕར་ལོག་ནས་ཇི་བཞིན་གྱི་འཕྲིན་བཟང་རྒྱལ་པོའི་སྙན་དུ་ཞུས་རྗེས། འདི་ཟླའི་ཡར་ངོའི་ཚེས་བཅུ་ལ་བག་སྟོན་གྱི་གཟའ་སྐར་འཕྲོད་སྦྱོར་ལེགས་པས། དེའི་ཉིན་ངེད་ཅག་བུ་མོ་བསུ་བར་ཡོང་། འདི་ནས་ཁྱེད་ཚོས་ཀྱང་གྲ་སྒྲིག་ཅི་ལྕོགས་མཛོད"ཟེར་ནས་རྒྱལ་པོའི་ཕོ་བྲང་དུ་ཕྱིར་ལོག་པར་གདའ།
ཉིན་དེའི་སྔ་དྲོར། བུ་གཡུལ་རྒོད་དང་བུ་མོ་མེ་ཏོག་སྒྲོན་གཉིས་འབྲོག་སྡེའི་མདུན་ཕྱོགས་དུ་རྩྭ་ར་པདྨ་སྟོང་ལྡན་ཞེས་པ་དེར་ནོར་ལུག་མཉམ་དུ་འཚོས་ནས་བསྡད་ཡོད་པ་རེད། ཨེ་མ་རྩྭ་ཐང་འདི་ནི་ཇི་འདྲའི་མཁའ་དབུགས་གསལ་ཤིང་དྭངས་ལ་སྤྲོ་ཉམས་དང་ལྡན་པ་ཞིག་ཨང་། ཤར་ཕྱོགས་གསེར་གྱི་ཉི་མ་དེ་དལ་བུར་ཡར་དགུང་སྔོན་མཐོན་པོའི་དབྱིངས་རིམ་དུ་འཕགས་ཚེ། ཨིནྡྲ་ནཱི་ལ་སྔོན་པོའི་རང་མདངས་དེ་སྙོམས་པར་ཉམས་མེད་གནས་པའི་མཁའ་ལམ་ནས་སྤྲིན་དཀར་ཕུང་པོ་འགའ་ཤས་འགུལ་ལ་མི་འགུལ་གྱི་སྒོ་ནས་གཡོ་བ་དང་། དེའི་ཞབས་ནས་བྱ་རིགས་རྣམས་འདབ་གཤོགས་བརྐྱངས་སྟེ་བློ་བདེ་དང་བག་ཕེབས་ཀྱི་ངང་ནས་སྐོར་འཕུར་བྱེད་བཞིན་ཡོད་པ་རེད། མ་ཚད་རིན་ཆེན་གཡུ་ཡི་མདངས་དཔལ་ཡོངས་སུ་འཛིན་པའི་རྩྭ་ཐང་དུ་ཕྱུགས་རྟ་ནོར་ལུག་གསུམ་དེ་ཁྱུ་དང་ཁྱུ་བྱས་ནས་མཆོང་ལྡིང་གར་སྟབས་དང་བཅས་ཏེ་རང་རང་གང་འདོད་ཀྱི་སྒོ་ནས། ལ་ལས་རྩྭ་སྣའི་བཅུད་ལ་རོལ་བ་དང་། ལ་ལས་རྩྭ་ཐང་དཀྱིལ་ནས་དྭངས་བསིལ་གྱི་གཙང་ཆབ་ཆུང་ཆུང་ཞིག་འབབ་པ་དེ་ནས་ཆུ་འཐུང་བཞིན་ཡོད་ལ། ལྷག་པར་དུ་རྫོགས་ལྡན་རྩྭ་ཐང་གི་ཆུ་འགྲམ་དེར་ཀུ་རེ་དང་རྩེད་དགའི་ངང་ལ་གཡེང་བའི་བུ་གཡུལ་རྒོད་དང་བུ་མོ་མེ་ཏོག་སྒྲོན་གཉིས་ནི་བདེ་སྐྱིད་ཀྱི་སྣང་བ་འབུམ་གྱིས་རབ་མཛེས་པདྨའི་ཚལ་དུ་བུང་བ་སྦྲང་རྩིས་མྱོས་པ་ཇི་བཞིན་སྤྲོ་བ་གསེང་ནས་བསྡད་པས། ཁོང་གཉིས་ཀྱིས་ཉིན་གུང་གི་ཟས་ཀྱང་བརྗེད་དེ་མཉམ་གཅིག་ཏུ་མེ་ཏོག་འཐུ་བཞིན་སོང་སྐབས། བུ་གཡུལ་རྒོད་ཀྱིས་རང་ཉིད་ཀྱི་སེམས་པ་མཚོན་པའི་མེ་ཏོག་སེར་ཆེན་འདབ་མ་བརྒྱད་དང་ལྡན་པ་ཞིག་བུ་མོ་མེ་ཏོག་སྒྲོན་གྱི་སྐྲའི་ལན་བུར་བཙུགས་པ་དང་། མེ་ཏོག་སྒྲོན་གྱིས་ཀྱང་ཞལ་ནས་བརྩེ་དུང་གི་སྦྲང་ཆར་མ་ཕབས་ཀྱང་སེམས་པར་མཛའ་བའི་ཆུ་སྐྱེས་ཀྱི་འདབ་མ་ལྷུགས་པར་གྲོལ་ནས་འཛུམ་པའི་བཞད་མདངས་བཅས་པས་མེ་ཏོག་ཆུན་པོ་ཞིག་ཐུས་ཏེ་གཡུལ་རྒོད་ལ་ཕུལ། དེ་ལྟར་ཁོང་གཉིས་རྩེད་མོར་གཡེང་བའི་སྐབས་སུ་ཕྱོགས་བཞི་ནས་འུར་ཟིང་གི་སྐད་སྒྲ་ཐོས་ཏེ་ཅི་ཡིན་སྙམ་ནས་བལྟས་ཚེ། གསེར་གྱི་ན་བཟའ་གྱོན་པའི་ཉིན་བྱེད་དབང་པོ་དེ་ནུབ་ཕྱོགས་ས་འཛིན་གྱི་རྩེ་ནས་ཕེབས་ལ་ཉེ་བས། འུར་ཟིང་གི་སྒྲ་དེ་ནི་གཞན་པའི་ཕྱུགས་རྫི་རྣམས་ཀྱིས་ནོར་ལུག་རུག་པའི་སྒྲ་རེད། ཁོང་གཉིས་ཀྱིས་ད་གཟོད་སྔ་བས་མཚར་སྣང་ཤོར་ཏེ་གཉིས་ཀས་ཉིན་གུང་གི་ཟས་ཀྱང་ཟོས་མེད་པར་དྲན། སྐབས་དེར་བུ་མོས་གཡུལ་རྒོད་ལྟོགས་ཀྱིན་ཡོད་པས་མོར་རང་ཁྱིམ་དུ་ཕྱིན་ནས་ཟ་རྒྱུ་ཞིག་ཁྱེར་ཏེ་ཕྱིར་ཡོང་དགོས་བསམས་ནས་བཤད་རྒྱུར། "གཡུལ་རྒོད་ལགས། ཁྱོད་ཀྱིས་རྗེས་ནས་ག་ལེར་ནོར་ལུག་དེད་ཤོག་ང་ལ་མོར་ཁྱིམ་དུ་འགྲོ་དགོས"ཟེར་བས། གཡུལ་རྒོད་ཀྱིས་ཀྱང་ཉིན་དུས་མོར་དཀའ་སྡུག་ཅི་འདྲ་བྱུང་ཡང་འདི་ལྟར་ཟེར་མ་མྱོང་། དེ་རིང་ངོ་མ་བཟོད་གླགས་མེད་པའི་ལྟོ་ལྟོགས་བྱུང་འདུག་སྙམ་ནས་དེ་ལྟར་འཐད་པའི་བརྡ་ཞིག་བསྟན་རྗེས་དགའ་བའི་འཛུམ་མདངས་དང་བཅས་ནོར་ལུག་གི་རྗེས་སུ་སོང་།
དེ་ནས་བུ་མོ་མེ་ཏོག་སྒྲོན་དེ་ལྟོགས་སྐོམ་གྱི་གདུང་བ་ཡོངས་རྫོགས་བརྗེད་དེ་སེམས་པར་མཛའ་བའི་བརྩེ་དུང་གིས་ཁེངས་བཞིན་དགོང་ཕྱི་དྲོའི་བསིལ་རླུང་ལ་ཞོན་ནས་མཆོང་ལྡིང་བྱེད་ཀྱིན་རང་ཁྱིམ་གྱི་སྒོར་སླེབས་པ་དང་། མོའི་ཕ་མ་རྣམ་གཉིས་ཀྱིས་ཉིན་དུས་དང་མི་འདྲ་བའི་འཛུམ་བག་རེ་ངོ་ལ་ཤར་ནས་སྒོར་བུད་དེ་མོ་རང་ཁྱིམ་དུ་གདན་འདྲེན་པ་ལྟར་བྱས། མོས་ཁྱིམ་ནང་དུ་ཐོན་ནས་བལྟས་པས་འདུག་སར་གདན་བརྩེགས་བྱས་ཡོད་ལ་མདུན་དུའང་ཀ་ར་སྦྲང་རྩི་སོགས་ཞིམ་མངར་གྱི་ཟས་སྣ་མང་པོ་བཤམས་ལོ་གསར་དགའ་སྟོན་དང་གཉིས་སུ་མེད་པར་བྱས་ཡོད་པས། མོའི་སེམས་སུ་འདི་ཅི་ཡིན་སྙམ་ནས་དོགས་པ་ཞིག་སྐྱེས་པ་དང་ཕ་རྒན་གྱིས་སྐད་འཇམ་འཇམ་དང་འཛུམ་དམུལ་དམུལ་གྱི་སྒོ་ནས"བུ་མོ་འདིར་བཞུགས"ཟེར། མོས"འོ་ཡ"ཞེས་ཕྱོགས་གཅིག་ནས་ལན་འདེབས་བཞིན་ཕྱོགས་གཅིག་ནས་ཀ་ར་སོགས་ཟས་སྣ་འགའ་རུམ་དུ་བཅུག་ཅིང་ཤ་སྐམ་?ག་གཅིག་ལག་ཏུ་ཁུར་ཏེ་འགྲོ་གྲབས་བྱས་པ་དང་། མོའི་ཨ་ཕས"བུ་མོ་ད་ག་ན་འགྲོའམ"ཞེས་དྲིས་ཚེ། མོས་ལན་དུ"བུ་གཡུལ་རྒོད་ཀྱིས་དེ་རིང་ཉིན་གུང་གི་ཟས་ཀྱང་ཟོས་མེད་པས་ད་ལྟ་ལྟོ་ལྟོགས་ཀྱིན་ཡོད། ངས་ཁོ་ལ་ཟས་ཤིག་སྟེར་རྗེས་ཕྱིར་འོང་ནས་སྡོད་ཆོག"ཅེས་ཟེར་བཞིན་འགྲོ་གྲབས་བྱས་པས། མོའི་ཨ་མས་ལག་གི་ཟ་མ་ཕར་འཕྲོག་སྟེ་གཟབ་ནན་གྱིས"སྤྲང་ཕྲུག་གཡུལ་རྒོད་ལ་ཟ་མ་སྟེར་དུ་ང་རང་སོང་ཡང་ཆོག ཁྱོད་རང་ད་ཕྱིན་ཆད་སྤྲང་ཕྲུག་ཡོ་གེ་སྤུ་མེད་འདིའི་རོགས་སུ་འགྲོགས་མི་ཆོག གལ་ཏེ་སོང་ན་ཁྱོད་རང་ཚེ་མཇུག་སྡུག་བསྔལ་གྱི་ལམ་དུ་ཁྲིད་ངེས་རེད། དེ་བས་ཁྱོད་ཀྱིས་བསམ་བློ་ཐོངས་དང་། རང་རེ་ཕྱུག་པོ་ཚང་ལ་བུ་མོ་མཛེས་མ་ཁྱོད་འདྲ་བ་གཅིག་ཡོད་པ་ལ། མཐར་སྤྲང་ཕྲུག་གཡོག་ངན་ཞིག་དང་བསྡེབས་ན་ཡུལ་སྡེས་ཀྱང་དེ་འདྲ་ཟེར་ཏེ་གླེང་འོང་། དེ་ཕྱིར་ངེད་ཕ་མ་གཉིས་ཀྱིས་ཁྱེད་ཚེ་འདིར་བདེ་སྐྱིད་ཕུན་སུམ་ཚོགས་པར་ཡོང་ཆེད། དེ་རིང་སྔ་དྲོར་རྗེ་རྒྱལ་པོ་བཀའ་ལ་དབང་པོས་ཆེད་མངགས་བྱས་པའི་བློན་པོ་ཞིག་རང་ཁྱིམ་དུ་སླེབས་ནས་ཁྱོད་ཉིད་རྒྱལ་པོའི་བཙུན་མོར་དེ་རིང་ནས་རྩིས་པའི་ཞག་བདུན་གྱི་མཚམས་ནས་འགྲོ་གྲབས་དགོས་པའི་བཀའ་ཕབ་བྱུང་། ངེད་ཕ་མ་གཉིས་ཀྱིས་གཅིག་ནས་རྒྱལ་པོའི་བཀའ་ལ་ཡར་ཟློག་མ་ཕོད། གཉིས་ནས་རྒྱུ་ལོངས་སྤྱོད་ལ་རྣམ་ཐོས་ཀྱི་སྲས་འདྲ་བའི་རྒྱལ་མཆོག་དེ་དང་གཉེན་ཉེར་གྱུར་ན་མིན་རྒྱུ་མི་འདུག་སྙམ་ནས་དེ་ལྟར་གྲོས་ཐག་བཅད་ཡོད་པས་ཁྱོད་ཀྱིས་ད་ནས་བཟུང་་་་་་་་"ཞེས་མུ་མཐུད་ནས་ཤོད་གྲབས་བྱེད་པ་ལ་བུ་མོས་ཉན་མ་བཟོད་པར། "ང་བསད་ཀྱང་དེར་མི་འགྲོ"ཟེར་ནས་ངུ་བཞིན་སྒོར་རྒྱུག་པས། རྒན་རྒོན་གཉིས་ཀྱིས་རྗེས་མ་ཟིན་པར་ཤོར། སྐབས་དེར། བུ་གཡུལ་རྒོད་གྱིས་ཕྱུགས་ཁྱུ་ཐམས་ཅད་རུག་ཚར་ནས་ཁོ་དང་མེ་ཏོག་སྒྲོན་གཉིས་རྟག་པར་རྩེད་མོར་འགྲོ་བའི་ཆུ་འགྲམ་དེ་ནས་ཚུར་དེད་ཀྱིན་ཡོད་པ་དང་། གློ་བུར་དུ་མེ་ཏོག་སྒྲོན་མདུན་གྱི་ལུག་ཁྱུའི་ཁྲོད་ནས་རྒྱུག་ཡོང་བ་མཐོང་། ཁོས་ཅི་ཡིན་ནམ་སྙམ་སྟེ་ལམ་སང་མོའི་མདུན་དུ་སོང་བ་དང་། མོས་འདི་ཡིན་གྱི་གཏམ་གང་ཡང་བཤད་ལོང་མ་བྱུང་བར་གདོང་མཆི་མས་དཀྲིས་ནས་གཡུལ་རྒོད་ལ་འཐམ་པ་དང་དྲན་མེད་དུ་བརྒྱལ་སོང་། སྐབས་དེར་གཡུལ་རྒོད་དངངས་འཚུབ་ཆེན་པོས་མེ་ཏོག་སྒྲོན་པང་དུ་ཡར་སྐྱོར་བས། མོའི་རུམ་ནས་ཀ་ར་ལ་སོགས་ཞིམ་མངར་ཅན་གྱི་ཟས་སྣ་མང་པོ་ས་ཐོག་ཏུ་འཐོར་བྱུང་ཚེ། ཁོས་མེ་ཏོག་སྒྲོན་གྱིས་བདག་གི་ཕྱིར་དུ་ཞིམ་ཟས་འདི་དག་བླངས་པས་ཕ་མ་གཉིས་མ་རངས་ནས་སྡིག་རྡུང་བྱས་པ་རེད་སྙམ་སྟེ། སྙིང་ཁོང་རུས་པའི་གཏིང་དུ་སྐྱོ་བ་ཚད་མེད་འཁྲུག་ནས་དར་ཟབ་ལས་འཇམ་པའི་བུ་མོའི་ཞལ་ངོར་ཐེངས་དང་པོ་ཁོའི་ཞལ་རས་གཏུགས་བཞིན་བརྩེ་དུང་གི་མིག་ཆུ་ཟློག་མེད་དུ་ཞལ་ངོ་ནས་དལ་གྱིས་བཞུར་བ་རེད། དེ་ནས་ཡུད་ཙམ་འགོར་རྗེས་མེ་ཏོག་སྒྲོན་གྱི་དྲན་པ་སོར་ཆུད་སྐབས་མོའི་ཞལ་གྱི་པདྨའི་དཀྱིལ་འཁོར་ལ་སྔར་དང་མི་འདྲ་བའི་གེ་སར་གྱི་ཟེར་ཕྲེང་ཡོད་པ་ཤེས་ཏེ་དགའ་བ་དང་སྐྱོ་བ་ཟུང་འབྲེལ་གྱི་སྒོ་ནས་བུ་གཡུལ་རྒོད་ཀྱི་མགུལ་དུ་འཁྱུད་དེ། ཇི་བཞིན་གྱི་གནས་ཚུལ་ཚང་མ་ཆད་ལུས་མེད་པར་ངུ་ངག་གིས་བཤད་རྗེས། བུ་གཡུལ་རྒོད་གྱི་སེམས་སུ་འདྲེ་སྲིན་གདུག་པ་ཅན་ཞིག་གིས་རང་ཉིད་ཀྱི་སྙིང་?ག་དངོས་སུ་ལེན་གྲབས་བྱེད་པ་དང་གཉིས་སུ་མེད་པའི་སྡུག་བསྔལ་བྱུང་ཡང་། མེ་ཏོག་སྒྲོན་གྱི་སེམས་སྐྱོ་བར་དོགས་ནས་དེ་ཕྱོགས་ཀྱི་བྱ་བ་བསྐྱུར་ཏེ"ད་མུན་རུབ་པ་ལའང་རིང་པོ་མི་འདུག་པས་རང་གཉིས་ཀྱིས་དང་པོ་ནོར་ལུག་འདི་ཚོ་ལྷས་ལ་དེད་ན་དྲགས། གཞན་གྱི་བྱ་བ་རྣམས་ཅི་དགོས་རྗེས་སུ་བལྟས་ན་ལེགས"ཟེར་བཞིན་མེ་ཏོག་སྒྲོན་གྱི་ལག་པ་གཡས་པ་དེ་དམ་པོར་བཟུང་ནས་ནོར་ལུག་ལྷས་སུ་དེད་པ་དང་། གློ་བུར་དུ་ཕ་རྒན་པོ་དེས་ལག་རྟེན་ཀླད་དུ་འཕྱར་ནས"ཁོ་རེ་གཡོག་ངན་གཡུལ་རྒོད། ཉིན་དེ་རིང་ནས་བཟུང་སྟེ་འདིར་མི་སྡོད་པར་སོང་ན་མ་གཏོགས་མཐའ་ཡག་པོ་མི་ཡོང་ཁག་ཐེག་ཡིན"ཞེས་ཟེར་ནས་ཤོར་བྱུང་སྐབས། བུ་མོ་མེ་ཏོག་སྒྲོན་གྱི་མ་རྒན་མོས་སྟོབས་ཤུགས་ཡོད་རྒུ་ཕུད་དེ་བཟུང་ཡང་མ་ཐུབ་པར་ཤོར་བས། མོས་ཕ་རྒན་གྱི་རྐང་པར་ངུ་འཐམ་བྱེད་བཞིན"ཨ་ཕ་ལགས། མི་མཐུན་ཕུང་གཞི་ང་རང་གིས་བྱས་པ་ཡིན་མ་གཏོགས་བུ་གཡུལ་རྒོད་ལ་ངན་ཁག་མེད་པས་ཁྱེད་ཀྱིས་ང་ལ་རྒྱག་རོགས"ཞེས་ཁ་ཞེ་གཉིས་མེད་ཀྱི་སྒོ་ནས་ངུ་ངག་གིས་རེ་བ་ཞུས་པས། ཕ་རྒན་གྱིས་ཅི་བྱ་མེད་པར་ཁྱིམ་དུ་སོང་སྟེ་རྒན་མོ་ལ"ད་གལ་ཏེ་གཡོག་ངན་འདི་ལ་མི་ལེགས་པ་བྱས་ན་བུ་མོས་འཆི་བ་སྲོག་ལའང་མི་ལྟ་བར་ངེས་པ་རེད་འདུག་པས། ད་ཅི་འདྲ་བྱས་ན་ལེགས་སམ"ཞེས་རྒན་མོ་ལ་བློ་དྲིས་ཀྱང་། རྒན་མོས་ནི་འདི་ཡིན་གྱི་གྲོས་གཞི་འདོན་རྒྱུ་མ་རྙེད་པས། ཐ་མར་བུ་མོ་དང་གཡུལ་རྒོད་གཉིས་ཀ་ཁྱིམ་དུ་མི་ཁྲིད་ཀ་མེད་བྱུང་བ་རེད།
དེའི་ཕྱི་ཉིན། མེ་ཏོག་སྒྲོན་ཁ་སང་བརྒྱལ་བ་སོགས་ཀྱིས་རྐྱེན་བྱས་ཏེ་མལ་ལས་ལངས་རྒྱུ་མེད་པར་གྱུར། དེ་ནུབ་གཡུལ་རྒོད་ཀྱང་ནམ་སྟོད་ལ་གཉིད་མ་ཁུག་ནམ་སྨད་ཅུང་ཟད་འཐིབས་པ་དང་ཐོ་རངས་ཤར་ཚར་བས་མལ་ལས་ལངས་རྗེས། མེ་ཏོག་སྒྲོན་གྱི་སྔས་མགོར་སོང་ནས་བཤད་རྒྱུར། "ངའི་སྙིང་དང་འདྲ་བའི་མེ་ཏོག་སྒྲོན། །ཐུགས་མ་གཡེང་ང་ཡི་ཚིག་ལ་ཉོན། །ཚེ་ཡར་སྟོད་རང་རེ་གཉིས་པོ་འདི། །མདངས་དྲི་ཞིམ་ཅན་གྱི་པད་མའི་ནང་། །མཉམ་གཅིག་རྩེན་གསེར་སྦྲང་གཡུ་སྦྲང་ཡིན། །དུས་དེང་སང་སྟོན་ཟླའི་ཐ་མ་ལ། །རླུང་སྐྱི་བསེར་གཡུག་ནས་གཏོར་བསམ་རེད། །དེ་སྔོན་ལས་བཙན་པོའི་བསྐོས་ཐང་འདྲ། །དུས་ཁ་སང་ཕ་མས་བཤད་པ་ལྟར། །ང་དྭ་ཕྲུག་ཡོ་གེ་སྤུ་མེད་རེད། །ཁྱོད་གལ་ཏེ་ང་དང་འགྲོགས་གྱུར་ན། །དྲིན་ཕ་མའི་རེ་ཁ་སྐོང་མི་ཐུབ། །ཚེ་འདི་ལ་བདེ་སྐྱིད་ཐོབ་པ་དཀའ། དེ་ཡིན་པས་ང་རང་འགྲོ་ན་དགའ། །ང་སོང་རྗེས་བློ་གཉིས་མ་བྱེད་པར། །དྲིན་ཡབ་ཡུམ་ངག་བཞིན་བཙུན་མོར་སོང་། །ཁྱོད་རང་ལ་བདེ་སྐྱིད་འཛོམས་དང་གཅིག །དྲིན་ཕ་མའི་རེ་བ་འགྲུབ་དང་གཉིས། །སྟོང་སྡེ་བས་མི་ཁ་མེད་དང་གསུམ། །ཕྱོགས་གང་ཐད་བཀྲ་ཤིས་བདེ་ལེགས་ཡོང"ཞེས་སྙིང་ཐག་པ་ནས་ནན་ཞུ་མཛད་རྗེས། མེ་ཏོག་སྒྲོན་གྱིས་ཁོའི་ལག་པ་ནས་དམ་པོར་འཇུས་ཏེ་སྐྱོ་ངག་གིས་ལན་དུ"ངའི་སྙིང་གྲོགས་ལྷ་གླིང་གཡུལ་རྒོད་ལགས། །ཐུགས་སོར་ཆུད་ང་ཡི་ཚིག་གསུམ་ཉོན། །ཚེ་ཡར་སྟོད་རང་རེ་གཉིས་པོ་འདི། །ཉམས་དགའ་བ་ནགས་ཀྱི་རྫིང་བུ་རུ། །བྱེའུ་གསེར་མདོག་ཅན་དང་དངུལ་མདོག་ཅན། །དུས་དེང་སང་སྐྱ་ཁྲ་ངར་མ་ཡིས། །བྱེའུ་དངུལ་མདོག་འཕྲོག་ནས་འགྲོ་གྲབས་རེད། །དེ་སྔོན་ལས་བཙན་པོས་བསྐོས་པ་འདྲ། །དེ་ཡིན་ཡང་ཁོ་མོའི་སེམས་ནང་དུ། །ཚེ་གཅིག་ལ་ཁྱེད་ལས་གཞན་མི་འཇོག །ཁྱེད་གལ་ཏེ་མ་བཞུགས་ཕེབས་སོང་ན།། རབ་ཡིན་ན་ང་རང་མ་སྐྱུར་ཁྲིད། །དེ་མིན་ན་ད་དུང་བཞུགས་རོགས་ཞུ། །ཁྱེད་རྒྱ་ལ་དེ་ལས་ལྡོག་གྱུར་ན། །ང་མི་ཡུལ་འདུག་པ་དེ་ཙམ་ཡིན"ཞེས་བློ་ཐག་གཅོད་པའི་ཚིག་འདི་ལྟར་བཤད་རྗེས། གཡུལ་རྒོད་ལ་སྐྱོ་གདུང་དང་དངངས་སྐྲག་ཆེན་པོ་སྐྱེས་པའི་སྒོ་ནས་མེ་ཏོག་སྒྲོན་གྱི་གདོང་གི་མཆི་མ་དེ་དལ་བུར་ཕྱི་བཞིན། "ངའི་སྙིང་དང་འདྲ་བའི་མེ་ཏོག་སྒྲོན། །ཐུགས་མ་གཡེང་ང་ཡི་ཚིག་དོན་ཉོན། །ཐབས་རྡུགས་པོ་དེ་འདྲ་དྲན་ཕོད་དམ། །རྟེན་མི་ལུས་རྙེད་པ་ད་རེས་ཡིན། །འདི་དེ་འདྲའི་སྣང་མེད་མ་བྱེད་ཞུ། །ཁྱོས་གལ་སྲིད་དེ་ལྟར་བྱས་པ་ན། དྲིན་ཕ་མའི་སྙིང་རྩ་རླུང་ལ་བསྐུར། །ང་རང་ཡང་ཁྱེད་ལྟར་ཡོང་བ་ངེས། །ཁྱེད་གལ་ཏེ་བཙུན་མོར་སོང་གྱུར་ན། །ངས་ཕ་མ་གཉིས་ལ་བུ་ཚབ་བྱེད། །ཁྱོད་ཡོད་དང་ཁྱད་པར་མེད་ངེས་བྱེད། །དེ་མ་ཚད་ཉིན་རེ་ཁྱོད་ཕྱོགས་སུ། །རི་རྩེ་གསུམ་མགོ་ནས་ལན་གསུམ་བལྟ། །ཁྱོད་བློ་སེམས་དེ་ཡིས་བདེ་ལགས་སམ"ཞེས་བཤད་རྗེས། ཡང་མེ་ཏོག་སྒྲོན་གྱིས་ལན་དུ"ངའི་སྙིང་གྲོགས་གཡུལ་རྒོད་ཚུར་གསོན་དང་། །ང་སྲིད་འདིར་ཡུད་ཙམ་འཚོ་བའི་ཚེ། །གྲོགས་ཁྱེད་ཀྱི་ཞལ་རས་མ་མཇལ་ན། །འཁོར་མངའ་ཐང་ཆེ་ཡང་ང་མི་དགའ། །ནོར་ལོངས་སྤྱོད་མང་ཡང་ངར་མི་དགོས། །དེ་ཐམས་ཅད་སྡུག་བསྔལ་འཁོར་བའི་རྒྱུ། མི་གཞན་ལ་གནོད་མེད་ཕན་པ་ཙམ། །ཟས་གོས་ནོར་སྤྱོད་བདེར་བྱུང་བས་ཆོག །ང་གལ་ཏེ་ཁྱེད་དང་མཉམ་གནས་ན། །སྲོག་དམར་པོ་ཐེངས་དགུར་ཆད་ཀྱང་བཟོད"ཅེས་ཟེར་བས་ཁོས་ད་མང་པོ་བཤད་ཀྱང་མི་ཕན་བར་ཤེས་ཏེ་ཅི་བྱ་མེད་པར་གྱུར་ནས། མཐར་སྔར་ལྟར་རྟ་ནོར་ལུག་གསུམ་དེད་དེ་ཁོང་གཉིས་ཀྱི་རྩེད་རར་འགྲོ་རྒྱུ་བྱས་ནས་སོང་། དེ་འདྲའི་ཉིན་ཤས་རིང་དུ་གཡུལ་རྒོད་གཅིག་པུ་སྒོ་ཕྱུགས་རྣམས་འཚོས་ཏེ་སོང་བས་ཁོའི་སྣང་བར་ཉིན་གཅིག་ལ་ཉིན་གཉིས་རེར་གྱུར་པ་དང་། མེ་ཏོག་སྒྲོན་ཡང་མལ་ལ་དེ་ལྟར་གྱུར་ནས་ལུས་པ་རེད།
སྐབས་དེར་ཕ་མ་གཉིས་ཀྱིས་བུ་མོ་ཉལ་བ་ནི་གནས་ལ་འགྲོ་མི་དགོས་ཐབས་བྱེད་པ་རེད་མ་གཏོག དངོས་གནས་ན་མེད་བསམས་ནས་བསྡད།
དེ་ནས་ཉིན་གཅིག་གི་སྔ་དྲོར་མ་རྒན་མོ་དེ་བུ་མོའི་སྔས་ཟུར་དུ་ཡོང་སྟེ"བུ་མོ་མ་ཉལ་བུ་མོ་ལོངས། །སྨན་བུ་མོ་ཉལ་ན་གནས་མགོ་ཉམས། །སྟག་ཤར་པ་ཉལ་ན་དགྲ་མགོ་མཐོ། །གོང་དཔོན་པོ་ཉལ་ན་ཁྲིམས་མགོ་ཤོར། །ཕ་བླ་མ་ཉལ་ན་ཆོས་མགོ་འཐོར། །ཤིང་སྡོང་བོ་ཉལ་ན་རྩ་བ་རུལ། །?་གོར་མོ་ཉལ་ན་འཁྱགས་ལ་འབྱར། །ད་བུ་མོ་མ་ཉལ་གནས་ལ་སོང"ཞེས་བཤད་པས། བུ་མོས་ལན་དུ"ཚེ་འདི་ཡི་ལུས་རྟེན་མཆོག་སྦྱིན་མཁན། །མ་དྲིན་ཆེན་ཁྱེད་ཀྱིས་བདག་ལ་གསོན། །ཚེ་འདི་ཡི་སྙན་གྲགས་ང་མི་དགའ། །ནོར་ལོངས་སྤྱོད་མང་པོར་ངས་མི་སྲེད། །གནས་གཞལ་མེད་ཕོ་བྲང་ངས་མི་མོས། །གྲོགས་རྣམ་སྲས་རྒྱལ་པོར་ངས་མི་འདོད། །ཟས་ཀ་ར་སྦྲང་རྩིར་ངས་མི་རྔམ། །གོས་དར་ཟབ་གྱོན་རྒྱུར་ངས་མི་ཆགས། །ང་ཚེ་གཅིག་དགའ་བ་མི་གཅིག་ཡིན། །དེ་བུ་ཆུང་ལྷ་གླིང་གཡུལ་རྒོད་རེད། །ཁོར་སྙན་གྲགས་རྒྱལ་པོ་འདྲ་མིན་ཡང་། །གྲོགས་སྙན་དབང་སྤྲོ་བའི་ངག་འཇམ་ཡོད། །ནོར་རིན་ཐང་ཆེན་པོ་མེད་ནའང་། །ཁོའི་བརྩོན་ལྡན་ཕྱག་བྱུང་དེ་ལས་ལྷག །གནས་ཕོ་བྲང་འདྲ་བ་མ་ལགས་ཏེ། །ཁོའི་རུམ་ཕུག་གཞལ་ཡས་ཁང་ལས་ལྷག །ཟས་ཞིམ་ཟས་མངར་རིགས་མ་ཡིན་ཀྱང་། །ཁོའི་ལག་ཟས་ཡིན་ན་དེ་ལས་ལྷག །རྒྱན་གོས་ཆེན་སྣ་འཛོམས་མ་ལགས་ཀྱང་། །ཁོའི་ལུས་ཀྱི་སློག་པ་དེ་ལས་དྲོས། །དེ་ཡིན་ཕྱིར་དྲིན་ཆེན་མ་ཡུམ་ལགས། །བདག་གཡུལ་རྒོད་གྲོགས་དང་ཁ་མ་གཏོར། །ང་གལ་ཏེ་གཡུལ་རྒོད་མཉམ་གནས་ན། །ཉིན་རེ་ལ་གཟའ་ཆས་ཡུངས་འབྲུ་དང་། །སྐོམ་ཆུ་ཐིགས་གཅིག་ལས་མེད་པ་དང་། །ཤི་དམྱལ་ཁམས་བཅོ་བརྒྱད་འགྲིམ་ཡང་བཟོད། །ང་བཙུན་མོར་མི་འགྲོ་ཐག་ཆོད་ཡིན"ཞེས་ཟེར་ནས་སྙིང་ཐག་པ་ནས་སེམས་ཐག་བཅད། ཡང་ཉི་མ་དེའི་ཕྱི་དྲོར་ཕ་རྒན་གྱིས་བུ་མོར་གནས་ལ་འགྲོ་དགོས་ཚུལ་མང་དུ་ལབ་ཀྱང་མོས་སྔོན་མ་རྒན་ལ་ཞུས་པ་ཇི་བཞིན་ཞུས་ནས་ཕ་རྒན་ཡང་ཅི་བྱ་མེད་པར་ལུས།
དེ་ནས་རྒྱལ་པོར་བཙུན་མོ་ཕུལ་བའི་གྲོས་བྱས་ཀྱི་ཉིན་དེར་ཐུག་པའི་སྔ་ཉིན། བུ་མོའི་ཕ་མ་གཉིས་ཀྱིས"ད་མོ་ལ་དེ་འདྲའི་འཇམ་མ་སོང་ན་སྐྲག་ཅིག་བཀོལ་དགོས"ཞེས་གྲོས་བྱས་རྗེས། ཁོང་རྒན་རྒོན་གཉིས་ཀ་བུ་མོའི་སྔོན་དུ་ཡ་ང་བའི་རྣམ་འགྱུར་སྒོས་ཡོང་ནས་པུས་མོ་སར་བཙུགས་ཏེ་བཤད་རྒྱུར"བུ་མོ་ལགས། ད་སང་ཉིན་ཁྱོད་གནས་ལ་འགྲོ་བའི་དུས་ཡིན། གལ་ཏེ་ཁྱོད་མ་སོང་ན་རྒྱལ་པོ་བློན་འཁོར་དང་བཅས་པ་ཡོང་ནས་ངེད་རྒན་རྒོན་གཉིས་པོར་ཁ་བཤད་དོན་ལ་མི་འདུག་ཟེར་ནས་ལྕེ་གཅོད། བལྟས་བལྟས་རིག་རིག་ལ་མགོ་སྐོར་ཟེར་ནས་མིག་འདྲུ། རྫུན་གཡོ་སྒྱུ་གཉིས་ཀྱིས་ས་ཐག་མི་ཆོད་ཟེར་ནས་རྐང་པ་གཅོད་རྒྱུ་དེ་རྒྱལ་པོའི་ཁྲིམས་ཆད་གསུམ་ཡིན་པས་དེ་ལྟར་བྱེད་ངེས་ཡིན་ལ་མ་ཚད་ཁྱོད་དང་རང་ཁྱིམ་གྱི་རྒྱུ་ནོར་ཐམས་ཅད་འཕྲོག་ངེས་རེད"ཅེས་བཤད་དེ་འཇིགས་སྐྲག་བསྐུལ་བས། བུ་མོས་ཐོས་པ་དང་རེ་ཞིག་བརྒྱལ་བ་ལྟ་བུར་གྱུར་རྗེས་སླར་དྲན་པ་རྙེད་དེ། རང་ལ་ཚེ་འདིའི་ཤ་ཁྲག་གདོས་བཅས་ཀྱི་ཕུང་པོ་སྦྱིན་མཁན་ཕ་མ་འདི་གཉིས་ལ། གལ་ཏེ་བདག་གིས་རྐྱེན་བྱས་ཏེ་བཀའ་ཆད་ཉེས་པ་མི་བཟོད་པ་དེ་འདྲ་ཞིག་བྱུང་ན། རང་ཉིད་འཇིག་རྟེན་དུ་འཚོ་ཡང་དགའ་བ་མེད། ད་ཅི་འདྲ་བྱས་ཀྱང་གཡུལ་རྒོད་དང་མཐུན་པའི་དུས་ནི་མེད་པས་ངེས་པར་འཆི་བ་ལས་མི་འདུག་སྙམ་སྟེ་མོས་ཕ་མ་གཉིས་ལ་དགོངས་དག་ཞུ་བའི་གུས་ཕྱག་རེ་བྱས་ཏེ་བཙུན་མོར་འགྲོ་བར་ཁས་བླངས་པ་དང་། མ་ཚད་རེ་བར་ཁོ་མོ་སོང་རྗེས་བུ་གཡུལ་རྒོད་ལ་ཁྱེད་ཕ་མ་རྣམ་གཉིས་ཀྱིས་རང་རྒྱུད་ཀྱི་བུ་དངོས་དང་འདྲ་བའི་ལྟ་ཚུལ་བྱེད་པའི་རེ་བ་ཞུས་པས། ཕ་མ་གཉིས་ཀྱིས་ཀྱང་དཀོན་མཆོག་གསུམ་པོ་དཔང་དུ་བཞག་ནས་དམ་བཅས་ཏེ་མནའ་བསྐྱལ་རྗེས། ཕ་མ་གཉིས་དང་བུ་མོ་གྲོས་འགྲིག་པར་གྱུར་བས། ཕ་མ་གཉིས་པོས་ཡིད་དགའ་བའི་ངང་ནས་གཟི་བྱུར་དང་གློ་ཆ། སྤོས་ཤེལ། གོས་ཆེན་སྲམ་གོས་སོགས་རིན་བྲལ་གྱི་རྒྱན་ཆ་ཡོད་ཚད་བླངས་ནས་གྲ་སྒྲིག་བྱས་པ་དང་། བུ་མོས་ཀྱང་ལུས་ཀྱི་ན་བར་མ་འཛེམས་པར་མགོ་བཀྲུས་གདོང་བཀྲུས་བྱས་ཏེ་སྐྲ་ལོ་དར་ཐོག་ནས་གཙང་ཆུ་ཕྱར་འདྲ་དེ་ཨ་མ་རྒན་མོ་ཡོང་ནས་སླས་རྗེས་མི་སྲིད་རྒྱན་གོས་དེ་ཚོས་ལུས་ལ་ལེགས་པར་བརྒྱན་ནས་བསྡད་པ་རེད།
དེ་དགོང་བུ་གཡུལ་རྒོད་ཀྱི་ཕྱུགས་ཁྱུ་ལྷས་སུ་དེད་ནས་ཐོན་ཚེ། སྙིང་གྲོགས་མེ་ཏོག་སྒྲོན་དེས་དྲང་ཞིང་ལྡེམ་པའི་སྐུ་ལུས་ལ་ཆུ་སྲམ་དཀར་ཁྲས་མཐའ་ནས་ཡོངས་སུ་རྒྱན་པའི་གོས་དེ་གོན་ནས་སྐེད་པར་དར་ཚོན་སྣ་ལྔའི་སྐ་རགས་བཅིངས་ཤིང་འོག་དཔག་འཕྱང་བ་དང་མཉམ་དུ་ཁམ་པ་དངུལ་གྱི་གློ་ལུང་དང་ཕྲ་གསུམ་གྱི་གྲི་ཆུང་སོགས་ཀྱིས་རྒྱན་ཡོད་ལ། རྒྱབ་ཕྱོགས་ནས་གནག་ཅིང་སྣུམ་པའི་ལན་བུ་རྣམས་ཚར་དུ་དངར་བའི་སྣེ་མདོར་རིན་ཆེན་གཡུ་ཡིས་མི་འཕར་གོང་གནོན་བྱས་ཏེ་དེའི་སྣེར་སྟོང་སྐུད་དམར་པོའི་ཚར་ལོ་བཏགས། མགུལ་དུ་གཟི་བྱུར་གཙབ་ལེན་བྱས་པའི་མགུལ་རྒྱན་ཨ་ལུང་གསུམ་གོན་ཞིང་མགོ་རུ་སྤོས་ཤེལ་སེར་པོ་གསུམ་ལ་གཡུ་བྱུར་གྱིས་གདན་བྱས་ཏེ་བཏགས་པའི་སྟེང་དུ་བྱུར་རུ་དམར་པོ་རེ་རེས་བརྒྱན་ཏེ། ཁྱིམ་གྱི་སྒོ་མདུན་ནས་ཚུར་གཡུལ་རྒོད་ཀྱི་སྔོན་དུ་བྱ་རྨ་བྱས་སྒྲོ་གུར་ཕུབ་པ་ལྟར་སྒེག་འགྲོས་ཀྱིས་ཡོང་བས། གཡུལ་རྒོད་ཀྱིས་འདི་རྨི་ལམ་མ་ཡིན་ནམ་སྙམ་བཞིན་མདུན་དུ་སོང་བ་དང་མེ་ཏོག་སྒྲོན་གྱི་ཞལ་རས་ཆུ་སྐྱེས་མེ་ཏོག་ཏུ་འདྲེན་བྱེད་བུང་བའི་གཤོག་རྩལ་བརྐྱོངས་ནས་གཡོ་བ་མ་ཟད། ད་དུང་ཚེམས་ཕྲེང་དུང་དཀར་གྱི་ཕྲེང་བ་དེ་བཞད་འཛུམ་འདབ་དཔལ་དང་ལྷན་དུ་ལྷུག་པར་གྲོལ་བས། ཁོས་མེ་ཏོག་སྒྲོན་གྱི་ཉམས་འགྱུར་དེ་ལས་ལྡབ་འགྱུར་ཡིན་པ་མཐོང་རྗེས། སྔར་གྱི་མཛའ་སེམས་དེ་ལྷག་པར་དུ་གཏིང་ཇེ་ཟབ་དང་བག་ཇེ་མཐུག་ཏུ་གྱུར་བ་རེད། དེ་ནི་ཁོ་སྔར་མེ་ཏོག་སྒྲོན་ལ་དགའ་བ་ནི་མོའི་དཀའ་སྤྱད་བག་ཆགས་ཀྱི་སྤྱོད་པ་དང་བསམ་དཀར་གྱི་རྒྱུ་བ་ལ་ཡིན་པ་དང་། སྐབས་དེར་ཁོའི་སེམས་པ་འཕྲོག་བྱེད་ནི་མོའི་མཛེས་སྡུག་གི་ལང་ཚོ་ཡིན་པས་རེད། དེ་ལྟར་བྱུང་བས་ཁོས་སྙིང་གྲོགས་ཀྱི་ལུས་ཁམས་བདེ་ཐང་དུ་ཐོན་ཡོད་པར་སྙམ་ནས་དགའ་སྤྲོའི་ངང་ཁྱིམ་དུ་སོང་བ་དང་། བུ་མོ་མེ་ཏོག་སྒྲོན་གྱིས་ཟས་སྣ་མང་པོ་ཁྱེར་ཏེ་ཁོ་ལ་བྱིན་ཅིང་ཕ་མ་གཉིས་ཀྱིས་ཀྱང་སྔར་དང་མི་འདྲ་བར"བུ"ཞེས་གཅེས་མིང་གིས་འབོད་བཞིན་འཛུམ་པའི་མདངས་དང་བཅས་ཁོ་དང་མཉམ་དུ་སྐད་ཆ་ལབ་ནས་བསྡད།
དེ་ནུབ་མེ་ཏོག་སྒྲོན་གྱིས་ད་ནི་རང་ཉིད་མི་ཡུལ་འཇིག་རྟེན་འདི་ལ་ཁ་བྲལ་པ་ལ་ཉིན་ཤས་ལས་མེད་པས། དོ་དགོང་སྙིང་གྲོགས་དང་མཉམ་དུ་འདུག་དགོས་སྙམ་སྟེ་གཡུལ་རྒོད་ལ"ནངས་ཀ་ང་རང་འགྲོ་རན་པ་ཡིན་པས། དོ་ནུབ་རང་གཉིས་མཉམ་དུ་འདུག"ཅེས་བཤད་ཚེ། གཡུལ་རྒོད་ཀྱི་སེམས་སུ་སྡུག་བསྔལ་ཚད་མེད་སྐྱེས་ཀྱང་། མེ་ཏོག་སྒྲོན་གྱི་སེམས་ཕམ་པར་དོགས་ནས་བཟོད་བསྲན་གྱིས་ཡིད་བདེ་ཁུལ་གྱི་རྣམ་འགྱུར་དང་བཅས་ཏེ་དེ་ལྟར་བྱ་བར་ཐག་བཅད། དེ་ནུབ་ཁོང་གཉིས་པོས་སེམས་གཏིང་གི་སྡུག་བསྔལ་ཐམས་ཅད་དོར་ཏེ་སྔོན་དུས་རྩེད་རར་གཡེང་བ་ལྟར་སྐབས་འགར་རྩེད་མོ་དང་ཀུ་རེ་བྱེད་པ་དང་། སྐབས་འགར་སྙིང་གཏམ་ལབ་རེས་བྱས་ཚེ་མེ་ཏོག་སྒྲོན་གྱིས་མོ་རང་འཆི་བའི་གྲ་སྒྲིག་ཡོད་པ་དེ་རེ་ཞིག་ཞུ་མ་སྤོབས་པ་མ་གཏོགས་གཞན་ཚང་མ་བཤད་རེས་བྱས་པས་མཚན་མོའི་དུས་དེ་ཡུད་ཙམ་ལས་མ་སོང་བའི་སྣང་བ་གཅིག་གི་སྒོ་ནས་ཐོ་རངས་ཀྱི་སྐར་ཆེན་ཤར་འདུག སྐབས་དེར་ཁོང་གཉིས་ཀྱིས་བརྩེ་དུང་གི་དར་ཐག་དེ་ནམ་ཡང་འབྲེལ་བར་འདོད་ཀྱང་དུས་ཚོད་ཀྱི་དབང་གིས་མཐར་ཁ་ཁར་མི་གྱེས་ཐབས་མེད་བྱུང་ནས། བུ་གཡུལ་རྒོད་ནོར་ལུག་ལ་ལྟ་བར་སོང་བ་དང་། མོས་ཇ་བསྐོལ་ཏེ་ཕ་མ་གཉིས་ལ་མཇུག་མཐའི་གསོལ་ཇ་ཕུལ་རྗེས་མོ་རང་གི་ལུས་རྒྱན་ཐམས་ཅད་ལེགས་པར་གོན་ཚེ། ཤར་ཕྱོགས་རྟ་ལྗང་དབང་པོའི་ཟེར་ཕྲེང་དེ་སེར་གྱི་ལེར་མི་ནུབ་བརྟན་ཅིང་བརླིང་བའི་དབྱིག་འཛིན་སྒེག་མོའི་སྟེང་དུ་འཕྲོས་པ་དང་། རྗེ་རྒྱལ་པོ་བཀའ་ལ་དབང་པོའི་བློན་ཆེན་གསུམ་གཙོར་བྱས་པའི་རྟ་བ་བརྒྱ་ཕྲག་ཙམ་ཞིག་ཕྱུག་པོ་ཚང་གི་སྒོར་སླེབས་ཏེ། བློན་ཆེན་གཅིག་གིས་བག་རྟ་ཅང་ཤེས་དངུལ་གྱི་སྒ་སྲབ་སྤྲས་ཤིང་རྔ་རྔོག་ཐམས་ཅད་དར་དང་གོས་ཆེན་གྱིས་རྒྱན་པ་ཞིག་ཁྲིད་དེ་སྒོ་ཁར་བཏགས་བྱུང་བ་དང་། བུ་མོའི་ཕ་མ་གཉིས་ཀྱིས་བློན་ཆེན་གསུམ་ལ་དར་དཀར་པོ་དྲི་མ་མེད་པ་རེ་རེ་ཕུལ་ནས་བཀྲ་ཤིས་པའི་སྨོན་ལམ་བཏབ། སྐབས་དེར། མེ་ཏོག་སྒྲོན་གྱིས་ཕ་མ་གཉིས་ལ་གཞིས་བདེ་བའི་སྨོན་ལམ་བྱས་རྗེས། བྱ་རྨ་བྱས་སྒྲོ་གུར་ཕུབ་ནས་སྒེག་འགྲོས་བྱས་པ་ལྟར་འདོ་བ་ཅང་ཤེས་དེའི་རྒྱུད་དུ་སོང་སྟེ་མོའི་སྙིང་གྲོགས་གཡུལ་རྒོད་ཀྱིས་རྟ་ཁ་འཇུས་ནས། སྐྱོ་བ་དང་ཉམ་སྣང་སྤུ་ཙམ་མེད་པར་རྟ་གོང་དུ་བུད་ནས་འགྲོ་གྲབས་ཀྱིས་དུས་དེར། གཡུལ་རྒོད་ཀྱིས་སྙིང་གྲོགས་མེ་ཏོག་སྒྲོན་གྱི་རྣམ་འགྱུར་ལ་བལྟས་པས། མདང་ནུབ་མོས་མ་བཤད་ཀྱང་ད་མོ་རང་མི་ཡུལ་འཇིག་རྟེན་དང་ཁ་བྲལ་བའི་སེམས་ཐག་བཅད་ཚར་བ་ཤེས་ཏེ། སྤྱང་གྲུང་འཛོམས་པོས་མེ་ཏོག་སྒྲོན་ལ"ཁྱོད་སོང་རྗེས་སྡུག་བསྔལ་ཅི་འདྲ་བྱུང་ཡང་ང་དང་སླར་ངོ་ཞིག་མ་ཐུག་བར་དུ་ཚེ་སྲོག་ལ་བདག་གཅེས་བྱེད་རོགས་མཛོད"ཅེས་ཞུས་པས། མོས་དེ་མ་ཐག་ལན་མ་ཐོན་པར་རྟ་ཁ་འཐེན་ཏེ་ཧད་སེ་ལུས། དེ་ནས་རྟ་ཁ་ལྷོད་ནས་འགྲོ་བར་ཐུག་ཚེ་མེ་ཏོག་སྒྲོན་གྱིས་སྙིང་གྲོགས་གཡུལ་རྒོད་ཀྱིས་ད་དུང་ཚིག་ལན་སྒུག་ནས་རང་གི་ངོ་གདོང་ལ་བལྟས་ཡོད་པར་མཐོང་བས། ད་གཟོད་བརྩེ་དུང་དང་སྡུག་བསྔལ་འདྲེས་མའི་མིག་ཆུ་དེ་བཟོད་སྒོམ་མ་ཐུབ་པར་ཕྱི་རུ་ཤོར་བཞིན་ཁོའི་རེ་བ་ལྟར་བྱ་བའི་ཁས་འཆེས་ནས་སོང་ངོ་།
བུ་མོ་མེ་ཏོག་སྒྲོན་དེ་རྒྱལ་པོའི་ཕོ་བྲང་དུ་འབྱོར་བ་དང་རྒྱལ་པོས་མཐོང་བས། ད་ཐེངས་ཀྱི་བག་གསར་འདི་བདག་གི་བཙུན་མོ་ཀུན་ལས་དང་རྩེ་ཞིག་འདུག་དགོངས་ཏེ་ཐུགས་དགྱེས་པའི་སྒོ་ནས་བསུ་མཁན་གྱི་བློན་པོ་གསུམ་དང་ལྷག་པར་དུ་ཐོག་མར་གཉེན་གྱི་འདུན་མ་བྱེད་མཁན་གྱི་བློན་ཆེན་སྟག་རྒོད་ལ་གཟེངས་བསྟོད་དང་དཔའ་དར་ཆེ་ཆེར་མཛད་རྗེས། སང་ཉི་མ་ཤར་བ་ནས་བཟུང་སྟེ་ཉིན་ལྔའི་རིང་དུ་བག་སྟོན་དགོས་པའི་བཀའ་ཕབ་སྟེ་བློན་ཚོགས་རྣམས་སོ་སོར་གྲ་སྒྲིག་ཏུ་མངགས། ཉི་མ་དེའི་ཕྱི་ཉིན་ནས་བཟུང་སྟེ་བག་སྟོན་གྱི་མགོ་བརྩམས་སྟེ་རྒྱལ་བློན་འབངས་མི་ཐམས་ཅད་ཞལ་ལ་དགའ་བའི་ཇ་ཆང་སྦྲང་རྩི། མིག་ལ་དགའ་བའི་རྩེད་རིགས་འདྲ་མིན་མང་པོ་དང་། རྣ་བར་སྙན་པའི་སྒྲ་དབྱངས་སྣ་ཚོགས་བཅས་མ་ཚང་བ་མེད་པ་བྱས་ནས་སྤྲོ་བ་དང་སྐྱིད་པའི་ངང་ལ་ལོངས་སྤྱོད་ཀྱིན་བསྡད། འོན་ཀྱང་བུ་མོ་མེ་ཏོག་སྒྲོན་དེས་ལྟད་མོར་ལྟ་ཙམ་ཡང་མི་བྱེད་ལ་ཟས་ཀྱང་ལེགས་པོ་མི་ཟ་བས། རྒྱལ་པོས་མོ་ན་བ་འདྲ་ཡིན་ནམ་དགོངས་ནས་ཁོང་གི་སྨན་བླ་ཀུན་ཤེས་ཐིག་པོ་ལ་རྩ་གཟིགས་སུ་བཅུག་པས། སྨན་བླ་ཀུན་ཤེས་ཐིག་པོ་དེས་རྩར་བརྟགས་རྗེས་རྒྱལ་པོ་ལ"ནད་འདིར་སྨན་བཟང་དྲུག་བསྡེབས་ཀྱང་བཅོས་ཐབས་མི་འདུག ནད་འདི་ལ་དགོས་པ་ནི་རྒྱལ་པོས་བུ་མོའི་ཅི་བསམ་བྱེད་དུ་བཅུག་ན་རང་ཤུགས་སུ་མོའི་ལུས་ཕུང་བདེ་ཐང་དུ་འགྱུར་ངེས་འདུག"ཅེས་ཟེར་བས། རྒྱལ་པོས་དེ་མ་ཐག་མོ་ལ་སེམས་པའི་མི་ཞིག་རྗེས་སུ་ཡོད་པ་མིན་ནམ་སྙམ་ཏེ་མེ་ཏོག་སྒྲོན་གཟིམ་ཤག་ཏུ་བོས་ནས་མོ་ལ་བསམ་ཚུལ་ཅི་འདུག་ལྟ་བའི་སྐད་ཆ་འདྲི་གྲབས་བྱས་ཚེ། ཤར་ཕྱོགས་བྱུ་རུའི་སྐར་ཁུང་ཐད་ཀའི་རྩྭ་ཐང་དུ་ཤྭ་བ་ཆེ་ཆུང་གསུམ་བྱུང་བས། རྒྱལ་པོ་ངོ་མཚར་སྐྱེས་ཏེ་ཚིགས་སུ་བཅད་པ།
"ཨོ་སྭ་སྟི། ངའི་བཙུན་གསར་ན་ཆུང་ཚུར་ལ་ཉོན། །ཐད་བྱུ་རུའི་དྲ་མིག་ལས་ལྟོས་དང་། །ངོ་མཚར་བའི་ཤྭ་བ་ཆེ་ཆུང་གསུམ། །ཤྭ་སྔོན་མ་སྔོན་ནས་འགྲོ་རྒྱུ་འདི། །མགོ་དུང་རྭ་དཀར་ཆེན་བཅུ་ལག་ཅན། །གཟུགས་རྔམ་སྟོབས་ཆེ་ལ་མགོ་འཕང་མཐོ། །ང་རྒྱལ་པོ་བཀའ་དབང་ཨི་འདྲ་འོ། །ཤྭ་བར་མ་བར་ནས་འགྲོ་རྒྱུ་འདི། །མགོར་དུང་རྭ་མི་གདའ་ཡུ་མོ་རེད། །ལུས་སྙིང་སྟོབས་ཉམས་ཤིང་རྒུད་པ་དང་། །སྔོན་ཤྭ་བོའི་རྗེས་འབྲང་མི་འདོད་པར། །ཞེ་རྗེས་ལ་ཆགས་བཞིན་འགྲོ་བ་འདི། །ཆགས་བཞག་ན་ཁྱོད་ལ་ཨི་འདྲ་འོ། །ཤྭ་རྗེས་མ་རྗེས་ནས་འགྲོ་རྒྱུ་འདི། །ཤྭ་ཅི་འདྲ་ཡིན་པ་ངས་མི་ཤེས། །སྨན་ན་ཆུང་ཁྱོད་ཀྱིས་ངོ་ཤེས་སམ། །ད་མ་གསང་སྐད་ཆ་དྲང་བཤད་བྱོས"ཅེས་འདྲི་བའི་ཚུལ་དུ་གསུང་པས། མེ་ཏོག་སྒྲོན་གྱིས་ལན་དུ"རྗེ་རྒྱལ་པོ་བཀའ་ལ་དབང་པོ་ལགས། །སྙན་མ་གཡེང་ཚིག་གསུམ་ཞུ་བར་དགོངས། །ཤྭ་སྔོན་མ་བར་མ་གཉིས་པོ་འདི། །རྗེ་ཁྱེད་དགོངས་འཁྲུལ་བ་ག་ལ་ཡོད། །ཤྭ་རྗེས་མ་རྗེས་ནས་འགྲོ་རྒྱུ་འདི། །ཤྭ་ཡུ་མོས་ཕྱི་མིག་བྱེད་ས་དང་། །ཡིད་བརྩེ་དུང་ལུས་སའི་ཤྭ་བ་རེད། །མགོར་དུང་རྭ་བཅུ་ལག་རྒྱས་མེད་ཀྱང་། །མགོ་དབུ་འཕང་མཐོ་བའི་ཤྭ་བ་འདི། །བུ་ལྷ་གླིང་གཡུལ་རྒོད་མཚོན་པ་འདྲ"ཞེས་ཟེར་བས། རྒྱལ་པོས་བུ་མོའི་གནས་ཚུལ་ཤེས་ཏེ་མོའི་ཟུར་དུ་ཕར་ཕེབས་ནས་གསུང་གླེང་གནང་བས། མེ་ཏོག་སྒྲོན་གྱིས་རང་ཉིད་ཀྱི་ལོ་རྒྱུས་
ཐམས་ཅད་སྦ་གསང་མེད་པར་ཞུས་རྗེས། རྒྱལ་པོའི་ཐུགས་སུ་སྙིང་རྗེ་ཚད་མེད་སྐྱེས་ནས་མོ་རང་ལ་མོ་བརྒྱའི་ཡང་རྩེར་ཐོན་པའི་སྐྱེས་གཟུགས་ཡོད་ཀྱང་ལུས་ལ་གནོད་པ་ཅུང་ཙམ་ཡང་མེད་པར་ཕྱིར་ཁྱིམ་དུ་མངགས་དགོས་པའི་བཀའ་དེ་བློན་ཆེན་སྟག་རྒོད་ལ་བྱས་ཏེ། མོ་རང་གི་རྒྱུ་ནོར་ཐམས་ཅད་གཅིག་ཀྱང་མ་ལུས་པར་སྤྲད་པ་དང་། མ་ཚད་མོ་ལ་ད་དུང་རིན་ཆེན་གྱི་རྒྱུ་ནོར་མང་པོ་གནང་ནས་རང་ཁྱིམ་དུ་སྐྱེལ་བཅུག་པས། མེ་ཏོག་སྒྲོན་གྱིས་ཀྱང་འགྲོ་ཁར་རྒྱལ་པོ་ལ་ལུས་ངག་ཡིད་གསུམ་གྱིས་གུས་པ་དང་སྨོན་ལམ་བཏབ་པར་མ་ཟད། ད་དུང་མོ་ལ་རིན་ཆེན་གྱི་མགུ་ཡ་ཞིག་ཡོད་པ་དེ་ཕུད་དེ་དར་དཀར་པོ་དྲི་མ་མེད་པ་ཞིག་གི་སྟེང་དུ་བཞག་ནས་རྒྱལ་པོར་བཀའ་དྲིན་ཆེ་ཆེར་ཞུ་བའི་ཚུལ་དུ་ཕུལ་རྗེས། རང་ཡུལ་གྱི་ཕྱོགས་སུ་དགའ་བ་འབུམ་ལྡན་གྱི་སྒོ་ནས་ཁ་བསྐོར་ཏེ་སོང་བ་རེད།
ཡིན་ནའང་། བློན་སྟག་རྒོད་དེའི་སེམས་སུ་གདོན་འདྲེ་འདི་འདྲ་ཞིག་ཞུགས་ཏེ་བསམ་པ། ངས་དེ་སྔར་རྒྱལ་པོ་ལ་བྱ་བ་མང་པོ་བསྒྲུབས་ཀྱང་འདི་ལས་ལྷག་པའི་རྒྱལ་པོའི་ཐུགས་དགྱེས་པ་བྱུང་མ་མྱོང་། འོན་ཀྱང་དེང་སང་རྒྱལ་པོར་ཕན་མེད་དུ་གྱུར་འདུག་པས། ད་རྗེས་སོར་རྒྱལ་པོས་ང་ལ་ལྟ་ཚུལ་བཟང་པོ་དེ་འདྲ་མེད་ངེས་རེད། དེ་དག་ཚང་མ་འདྲེ་མོ་འདིས་བཟོས་པ་ཡིན་པས། དེ་རིང་ངས་ལག་བྱམས་མི་བྱེད་ཐག་ཆོད་ཡིན་ཞེས་ཞེ་སྡང་ལངས་ཏེ་ཁོག་མནའ་སྐྱལ། དེ་ནས་ཅི་ཡིན་མེད་པར་བློན་སྟག་རྒོད་ཁོའི་གྲོང་སྡེའི་ཐད་དུ་སླེབས་པ་དང་བུ་མོ་མེ་ཏོག་སྒྲོན་ཏེ་རྟ་ནས་བྱེའུ་ཕྲུག་ཁྲས་ཁྱེར་བ་ལྟར་བྱས་ཏེ་འཁོར་ནོར་རྒྱན་ཆ་ཐམས་ཅད་འཕྲོག་སྟེ་མོ་རང་ཡང་གཅེར་བུ་བཙོན་ཁང་དུ་བཙོན་ནས་རྒྱག་རྡུང་གི་ཉེས་ཆད་དྲག་པོ་བཅད་པ་རེད། ལྷག་པར་དུ་བློན་ངན་སྟག་རྒོད་དེས་ཉིན་ཞིག་མི་ཤ་རློན་ཟོས་བྱེད་མཁན་གྱི་ཤན་པ་འགའ་ཁྲིད་དེ་བུ་མོ་མེ་ཏོག་སྒྲོན་དེ་ཤིང་སྡོང་ཞིག་ལ་བསྡམས་ཏེ་རྟ་ལྕག་གིས་ཐེངས་བརྒྱ་ཙམ་བཞུས་པ་དང་། ཡང་སྡོང་པོ་ལས་ཕབ་རྗེས་སྐྲ་ནས་བཟུང་སྟེ་?་ཐོ་རྒྱག་བཞིན་ཡར་དྲུད་མར་དྲུད་བྱས་ནས་ཤི་མ་གསོན་དུ་བཞག་པས། དགོང་ཕྱི་དྲོའི་ཉི་མ་དེ་ནུབ་ཕྱོགས་རི་བོའི་རྩེ་ནས་ཟིམ་ཟིམ་བྱེད་པ་དང་། མེ་ཏོག་སྒྲོན་དེ་ད་གཟོད་ཁ་ཁྲག་སྣ་ཁྲག་གི་ནང་ནས་མགོ་བོ་ཡར་དལ་བུར་བཏེགས་ཚེ། སྐྱ་སེང་སེང་གི་བཙོན་ར་མཐོང་བ་དང་ལུས་ཕུང་ཡོངས་སུ་བཟོད་གླགས་བྲལ་བའི་གཟེར་སྒྲོག་གིས་འཆིང་བས། ད་ནི་ངེས་པར་འཆི་ན་དགའ་སྙམ་ནས་བཙོན་རའི་ནང་དུ་རིམ་པ་དགུ་ཅན་གྱི་ས་དོང་ཞིག་ཡོད་པ་དེའི་ནང་དུ་མཆོང་གྲབས་བྱས། སྐབས་དེར་མགོ་ཀླད་ནས་བྱ་སྐད་འདྲ་བ་ཞིག་ཐོས་པས་མོས་ཡར་ནམ་མཁར་བལྟས་ཚེ། བྱ་ངང་དཀར་གཉིས་མཉམ་དུ་བྱང་ཕྱོགས་སུ་འདབ་གཤོག་བསྒྲིགས་ཏེ་འཕུར་འགྲོ་བར་མཐོང་། དེས་མོའི་སེམས་སུ་རང་ཤུགས་ཀྱིས་སྔར་རང་ཉིད་བུ་གཡུལ་རྒོད་དང་མཉམ་དུ་སོང་བའི་རྣམ་པ་རེ་རེ་བཞིན་མིག་ལམ་དུ་ཤར་བཅུག་པས་དོང་དུ་མཆོང་མ་བཟོད་པར་གདའ། དེ་ལྟར་ཉིན་རེ་བཞིན་འཆི་བ་དགུ་ལས་སྡུག་པའི་དུས་མང་པོ་ཤར་ཡང་། མོས་འགྲོ་ཁར་སྙིང་གྲོགས་གཡུལ་རྒོད་ཀྱིས་རང་གཉིས་ད་དུང་ངོ་ཞིག་མ་ཐུག་གི་བར་དུ་ལུས་སྲོག་ལ་བདག་གཅེས་བྱེད་རོགས་གནོངས་ཞེས་པའི་རེ་ཞུ་དེ་ཡང་ཡང་སེམས་སུ་དྲན་ནས་བཟོད་བསྲན་ཆེན་པོས་བསྡད་པ་རེད།
སྐབས་དེར། བུ་ལྷ་གླིང་གཡུལ་རྒོད་ཀྱིས་བརྒྱ་ཡར་འགྲོ་དང་སྟོང་ཕྱིར་འོང་ཐུག་ཚད་ལ་བུ་མོ་མེ་ཏོག་སྒྲོན་གྱི་གནས་ཚུལ་དྲིས་ཀྱང་ཤེས་ཟེར་མཁན་གཅིག་ཀྱང་མ་བྱུང་། དེ་ལྟར་ཉིན་བཅོ་ལྔ་འགོར་རྗེས་སུ་ཁོའི་སེམས་ཀྱིས་མ་ནུས་པར་ནམ་སྔ་མོར་མལ་ལས་ལངས་ཏེ་ནོར་ལུག་ཐམས་ཅད་རི་ལ་དེད་རྗེས། འདོ་བ་རག་དཀར་འཕུར་ཤེས་ཀྱི་གོང་དུ་བུད་དེ་སོང་བས། ཉིན་ཕྱེད་ཙམ་དུ་བློན་སྟག་རྒོད་ཡོད་སའི་གྲོང་སྡེའི་ཐད་དུ་སླེབས་པ་དང་། བུ་མོ་གཞོན་ནུ་མ་ཞིག་གིས་གྲོང་བའི་མདུན་ཕྱོགས་ཀྱི་གཙང་པོའི་འགྲམ་ནས་ཟོམ་ནང་དུ་ཆུ་འཆུ་བཞིན་ཡོད་པ་དེར་ཐུག་པས། ཁོས་ཕར་ངོ་མ་ཤེས་ཀྱང་བུ་མོ་དེས་ཚུར་ངོ་ཤེས་ཏེ་ཁྱེད་གང་དུ་བྱོན་ཞེས་དྲིས་པར། ཁོས་ལན་དུ་ངའི་ནོར་འགའ་ཉིན་ཤས་སྔོན་ལ་བོར་ཤོར་བས་ང་དེ་དག་འཚོལ་དུ་འགྲོ་བ་ཡིན་ཟེར། མ་གཞི་གཞོན་ནུ་མ་དེ་ནི་བློན་སྟག་རྒོད་ཚང་གི་གཡོག་མོ་ཞིག་ཡིན། མོས་བཤད་རྒྱུར"གཞོན་ནུ་ཁྱེད་ཀྱིས་ང་ལ་བློ་དོགས་མ་བྱེད་ཅིག བདག་ནི་ལོ་ཤས་ཡར་སྔོན་སློང་མོ་བ་ཞིག་ཡིན། ཐེངས་ཤིག་བདག་ཁྱེད་ཡུལ་དུ་ལྟོ་སློང་དུ་སོང་ཚེ་ཁྱེད་དང་མེ་ཏོག་སྒྲོན་གཉིས་ཀྱིས་ཉིན་གཅིག་གི་རྫི་ཟས་སྦྱིན་ས་དེ་ང་ཡིན། ད་སྐབས་བློན་སྟག་རྒོད་ཚང་གི་གཡོག་མོ་བྱས་ཏེ་བསྡད་ཡོད"ཟེར། གཡུལ་རྒོད་ཀྱིས་རྣ་ལམ་དུ་མེ་ཏོག་སྒྲོན་ཞེས་ཐོས་མ་ཐག་སེམས་སུ་ནམ་ལངས་པ་འདྲ་བ་ཞིག་བྱུང་ནས་བུ་མོ་དེ་ལ"ཁྱོད་ཀྱིས་མེ་ཏོག་སྒྲོན་དེ་དེང་སང་ཅི་འདྲ་འདུག་པའི་གནས་ཚུལ་འདྲ་གོའམ"ཞེས་དྲིས་པས། དེས་གཡས་གཡོན་དུ་དོགས་མི་བདེ་བའི་སྒོ་ནས་ལྟ་སྐོར་གཅིག་བྱས་ཏེ"ཁྱེད་ཀྱིས་དོན་འདི་ངས་ལབ་པ་ཡིན་ཞེས་གཞན་ལ་མ་བཤད། གལ་ཏེ་བཤད་ན་བློན་ངན་སྟག་རྒོད་ཀྱིས་ཤེས་ཏེ་ངའི་མིག་འདྲུ་བ་དང་ལྕེ་གཅོད་ངེས་རེད། གཞོན་ནུ་ལགས། དེ་རིང་ཁྱེད་སླེབས་པ་ཤིན་ཏུ་ལེགས། ཁྱེད་ཚོའི་བུ་མོ་མེ་ཏོག་སྒྲོན་རྒྱལ་པོའི་བཙུན་མོར་ཕུལ་རྗེས། མོས་རྒྱལ་པོ་དང་ཕོ་བྲང་བྱུར་རུའི་ཁང་བཟང་ལ་སེམས་མ་ཤོར་བར། ཉིན་གཉིས་གསུམ་ཙམ་ལ་ཁར་ཟས་མ་ཟོས། རྒྱབ་ཏུ་བཙུན་མོའི་གོས་མ་གྱོན་པས་རྒྱལ་པོས་མེ་ཏོག་སྒྲོན་གནོད་མེད་དུ་ཕྱིར་ཁྱིམ་དུ་བཏང་མོད། འོན་ཀྱང་བློན་ངན་སྟག་རྒོད་ཀྱིས་ལམ་བར་ནས་ཞབས་བསུ་བྱེད་ཁུལ་གྱིས་བུ་མོའི་ནོར་རྫས་རྣམས་འཕྲོག་པར་མ་ཟད། ལུས་རྒྱན་རྣམས་ཀྱང་དཀྲོལ་རྗེས་གཅེར་བུར་བཙོན་རར་བཅུག་ཡོད"ཅེས་བཤད་བྱུང་བས། ཁོས་ཐོས་མ་ཐག་ཞེ་རྒོད་གཏིང་ནས་འཁྲུགས་ཏེ་བློ་གྲིའི་མགོ་འཕུར་བཞིན"བློན་ངན་སྟག་རྒོད་ཟེར་བ་དེ་ད་ལྟ་གང་ན་ཡོད"ཟེར་ཏེ་རྒྱུག་གྲབས་བྱས་པ་དང་། གཞོན་ནུ་མ་དེས་ཁོའི་དཔུང་པ་ནས་བཟུང་སྟེ"ཨ་བོ་ལགས། ཁྱེད་གཅིག་པུ་སོང་ན་གཅེས་སྲོག་འཆོར་བ་ལས་མི་འོང་། ད་ཁྱེད་དང་པོ་རྒྱལ་པོ་བཀའ་ལ་དབང་པོའི་དྲུང་དུ་སོང་ནས་ཇི་བཞིན་གྱི་གནས་ཚུལ་ཞུས་ན་ལེགས"ཞེས་ཟེར་བས། ཁོས་དེ་བདེན་པར་གོ་ནས་རྟ་ཁ་ལྷོད་དེ་ལམ་དུ་ཞུགས་ཚེ་རྟ་ཁྱུ་གཅིག་དང་ཐུག་པ་དེར། བུ་མོ་མེ་ཏོག་སྒྲོན་གྱི་ཀ་ཅ་འགེལ་སའི་རྟ་དྲེལ་འགའ་ཡོད་པ་ངོ་ཤེས་པས། ད་ལྟའི་གཞོན་ནུ་མ་དེས་བཤད་པར་འཁྲུལ་མེད་ཡིན་པ་བདེན་དཔང་ཐོབ་སྟེ་སྐད་གཅིག་ཉིད་ལ་རྟ་ཁ་དཀྲུག་བཞིན་རྒྱུག་པས་རྒྱལ་པོའི་ཕོ་བྲང་དུ་ཉིན་མཚན་ཆ་གཅིག་གིས་སླེབས་ཏེ། རྒྱལ་པོར་དར་ཁ་ཉིན་མོ་བདེ་ལེགས་གཅིག་གིས་ཞུ་སྣ་བྱས་ཏེ་ཇི་བཞིན་གྱི་གནས་ཚུལ་ཡར་ཞུ་ཕུལ་བས། རྒྱལ་པོས་དེ་སྐད་ཐོས་པ་དང་ཐུགས་ཤིན་ཏུ་འཁྲུགས་ཏེ་དེ་མ་ཐག་བང་ཆེན་མངགས་ནས་བློན་སྟག་རྒོད་ཡིན་གཅིག་མིན་གཉིས་དེ་རིང་ལ་རྒྱལ་པོའི་དྲུང་དུ་མི་འབྱོར་ཐབས་མེད་ཡིན་པའི་བཀའ་འཕྲིན་སྐུར། དེ་ཉིན་བློན་སྟག་རྒོད་ཁོས་བུ་མོ་མེ་ཏོག་སྒྲོན་ཡུལ་གཞན་གྱི་གྲོགས་པོ་ཞིག་ལ་བག་མར་སྟེར་གྲབས་བྱས་ཡོད་ཀྱང་། རྒྱལ་པོའི་བཀའ་ཆབ་བཙན་པས་གླགས་མ་རྙེད་པར་རྒྱལ་པོའི་དྲུང་དུ་མི་ཡོང་ཀ་མེད་བྱུང་བ་རེད།
དེ་ནས་བློན་སྟག་རྒོད་རྒྱལ་པོའི་གམ་དུ་སླེབས་ཚེ། ཁོས་རྒྱལ་པོ་ཐུགས་ཁྲོ་བ་མཐོང་བས་རང་ཉིད་ཀྱི་བྱ་ངན་རྐུབ་བ?ལ་བ་ཤེས་ཀྱང་། གཡོ་སྒྱུའི་སྒོ་ནས་ངོ་གདོང་དུ་དོགས་ཅི་ཡང་མེད་པའི་རྣམ་འགྱུར་ཞིག་བསྟན་ཏེ"རྒྱལ་མཆོག་ལགས། ཁྱེད་ཀྱིས་དེ་འདྲའི་བཀའ་བཙན་ཅི་ལགས"ཞུས་པས། རྒྱལ་པོས་ལན་དུ"ཁྱོད་ཉིད་ཀྱིས་ཤེས"ཞེས་སྐད་ཆེན་པོས་བཤད་པས། ཁོ་སྐྲག་དེ་པུས་མོའི་སླ་ང་སར་བཙུགས་ནས་མགོ་བོ་མར་དུད་དེ་བསྡད། སྐབས་དེར་ཁོའི་སེམས་སུ་ད་རྒྱལ་པོ་འདི་སྔོན་ལ་ཕར་ཐུབ་ན་མ་གཏོགས། ཁོས་ང་ལ་ལག་མི་བྱམས་ཐག་ཆོད་རེད་སྙམ་སྟེ་རྒྱལ་པོར་གུས་ཕྱག་གི་ཚུལ་བྱས་པ་དང་ཞོར་དུ་བློ་གྲི་ཤུབས་ནས་ཕྱུང་བ་དེ་ཁོའི་རྒྱབ་ཕྱོགས་སུ་བུ་གཡུལ་རྒོད་ཡོད་པ་དེས་མཐོང་བས། བུ་གཡུལ་རྒོད་ཀྱིས་དེ་མ་ཐག རང་གི་བློ་གྲིའང་ཤུགས་ནས་ཕྱུང་ལོང་མེད་པར་སྟག་རྒོད་ལ་འཐབ་པས། ཕན་ཚུན་ཐེངས་གསུམ་རེར་གཡུག་རེས་བྱས་ཀྱང་ཕམ་རྒྱལ་མ་བྱུང་བའི་ངང་དེར། བློན་སྟག་རྒོད་ཀྱི་གྲི་དེ་སྟབས་མ་ལེགས་པར་གཡུལ་རྒོད་ཀྱི་གཞོག་གཡས་པར་ཐེབས་ནས་བསྒྱེལ་བྱུང་བས། བློན་སྟག་རྒོད་ཀྱིས་ཡང་གཡུལ་རྒོད་ལ་གྲི་གཅིག་བཙུགས་བརྩིས་བྱས་པ་དང་རྒྱལ་པོས་ལག་གི་དཀར་ཡོལ་འཕང་བྱུང་བ་དེ་ཁོའི་ལག་མགོར་ཕོག་སྟེ་གྲི་སར་ཤོར། དེ་ནས་བློན་སྟག་རྒོད་དེ་ཁོང་ཁྲོ་ལྷག་པར་ལངས་ནས་ས་ཐོག་དུ་ལྷུང་བའི་གྲི་དེ་ཡར་བླངས་ནས་རྒྱལ་པོའི་ཐོག་ཏུ་ཐད་ཀར་ཤོར་བའི་སྐབས་དེར། གཡུལ་རྒོད་ཀྱིས་ཨམ་གཙིག་སྡམ་བཞིན་ཡར་ལངས་ཏེ་མདུན་དུ་ཤིང་གི་ཅོག་ཙེ་ཞིག་ཡོད་པ་ལག་གཉིས་ཀྱིས་དམ་པོར་བཟུང་རྗེས། སྟག་རྒོད་ཀྱི་མགོ་ལ་ཤེད་ཀྱིས་གཅིག་རྒྱབ་པས། ཁོས་གང་ནས་སུས་རྒྱབ་པའང་མ་ཤེས་ལ་རྒྱལ་པོ་ལའང་གྲི་བཙུགས་ལོང་མེད་པར་ཁ་སྦྲིག་ཏུ་དགྱེལ་སོང་།
དེ་ལྟར་བུ་ལྷ་གླིང་གཡུལ་རྒོད་ལ་གྲི་རྨས་ཆེ་ཙམ་བྱུང་ཡང་རྒྱལ་པོའི་སྨན་བླ་ཀུན་ཤེས་ཐིག་པོ་དེ་སྨན་རྩལ་མཁས་པས་སྐྱོན་མ་བྱུང་བ་གདའ། དེ་ནས་རྒྱལ་པོ་ཐུགས་ཤིན་ཏུ་དགྱེས་ཏེ་གཡུལ་རྒོད་ལ་གཡུལ་རྒོད་ཐོག་རྒྱལ་ངར་མ་ཞེས་མིང་བཏགས་ནས་ཁོང་གི་བློན་གྲལ་ལ་བཞག་སྟེ། ཁྲབ་རྨོག་འཁོར་གསུམ་གནངས་བ་དང་བུ་དཔའ་བོར་དཔའ་བའི་དཔའ་དར་བཅས་བྱས་རྗེས། རྒྱལ་པོའང་བློན་མང་པོས་འཁོར་དུ་བསྐོར་ནས། བློན་གཡུལ་རྒོད་ཐོག་རྒྱལ་ངར་མ་ལ་དཔུང་རོགས་ཀྱི་ཚུལ་དུ་བྱོན་ཏེ་བློན་ངག་སྟག་རྒོད་ཀྱིས་བཟོས་པའི་བཙོན་ཁང་དེ་རྨང་ནས་གཏོར། ནང་གི་ཉེས་མེད་ཁྲིམས་ལ་བཅུག་པའི་བཙོན་པ་ཡོད་ཚད་བཙོན་ལས་བཀྲོལ་བས། ཐམས་ཅད་ཀྱིས་རྒྱལ་པོ་ལ་གུས་ཕྱག་ཡང་ཡང་བྱས་ནས་བསྡད། སྐབས་དེར་བུ་མོ་མེ་ཏོག་སྒྲོན་ནི་ད་དུང་མ་མཐོང་བས། རྒྱལ་བློན་རྣམས་ཀྱིས་ཅི་ཡིན་སྙམ་ནས་བྲེལ་འཚུབ་ཏུ་གྱུར་ཚེ། གཡུལ་རྒོད་གིས་སྤྱང་དྲུང་འཛོམས་པོས་ཐོག་མར་བློན་ངན་སྟག་རྒོད་ཀྱི་རྒྱུག་ཁྱི་ཤན་པ་ཁ་ཤས་ཡོད་པ་དེ་ཚོ་བཟུང་ནས་འཇིགས་སྐྲག་སྟོན་ཏེ"ཁྱོད་ཚོས་མེ་ཏོག་སྒྲོན་ག་ཡོད་མྱུར་དུ་ཤོད་ཅིག མ་བཤད་ན་ད་ལྟ་ནས་རེ་རེ་བཞིན་མགོ་སྐེ་མི་གཅོད་
རེ"ཞེས་ཟེར་བཞིན་གྲི་ཤུབས་ནས་ཕྱེད་ཙམ་ཕྱུང་བས། རྒྱུག་ཁྱི་དེ་དག་བླ་ཆད་ཧོན་ཐོར་དུ་སོང་བའི་སྒོ་ནས"བློན་ཆེན་ལགས། ཁ་ཉིན་སྟག་རྒོད་ཀྱིས་མེ་ཏོག་སྒྲོན་དེ་ཕྱི་སྡེའི་མི་ཞིག་ལ་སྦྱིན་དགོས་ཟེར་ཏེ་མོའི་གྱོན་ཆས་རྣམས་སྔར་ལྟར་སྐོན། འོན་ཀྱང་གློ་བུར་དུ་རྒྱལ་པོའི་བཀའ་འཕྲིན་སླེབས་པས་ཁོས་བྱ་བར་ཕྱི་འགྱངས་མི་བྱེད་ཀ་མེད་དུ་གྱུར་ནས། འགྲོ་ཁར་མེ་ཏོག་སྒྲོན་བྲོས་པར་དོགས་ཏེ་རྐང་ལག་ལ་ལྕགས་སྒྲོག་བྱས་རྗེས་བཙོན་དོང་སྦྲིབས་ཀྱི་ཀ་བ་དེར་བཏགས་པར་མ་ཟད། ད་དུང་ཁོ་རང་ཕྱིར་མ་སླེབས་ཀྱི་བར་དུ་ཟས་སྦྱིན་པ་ལས་དེ་མིན་གྱི་རེག་ཐུག་མི་ཆོག་ཅེས་བཀའ་ཕབས་ཏེ་སོང"ཞེས་ཞུས་པས། གཡུལ་རྒོད་ཀྱིས་དེ་སྐད་ཐོས་མ་ཐག་ཞེ་སྡང་དྲག་པོ་མེ་ལྟར་འབར་བཞིན་ཤན་པ་གཅིག་གི་རྒྱབ་དཀྱིལ་ནས་བཟུང་ཁྲིད་བྱས་ཏེ་བཙོན་ཁང་གི་སྒོ་ག་ཡོད་སྟོན་དུ་བཅུག་པས། སྒོ་དེ་ལ་ཁོས་དོམ་ནག་ཁྲག་གིས་མྱོས་པ་ལྟར་ངར་སྟབས་ཀྱིས་གྲི་གཤར་རྒྱབ་ནས་ཐར་རེར་གཏོར་ཏེ་ནང་དུ་མཆོང་བ་དང་། བུ་མོ་མེ་ཏོག་སྒྲོན་ནི་ལུས་ལ་སྔར་གྱི་གོས་དག་བསྐོན་ཡོད་ཀྱང་ཞལ་ནི་རིད་ཅིང་སྐམ་ལ་ངོས་སུ་རྟ་ལྕག་བྲབ་པའི་རྗེས་ཤུལ་གྱིས་ཁེངས་ནས་དོང་ནང་གི་ཀ་བ་སྦོམ་པོ་ཤིག་ལ་བསྡམས་འདུག་པ་མཐོང་བས། ཁོས་ལམ་སང་སྙིང་ན་བའི་སྒོ་ནས་སྐྱིགས་ཐག་ཐམས་ཅད་གྲི་རྒྱབ་ནས་བཅད་དེ་མེ་ཏོག་སྒྲོན་ལ་འཐམ། མེ་ཏོག་སྒྲོན་གྱིས་འདི་ནི་རྨི་ལམ་མ་ཡིན་ནམ་སྙམ་ནས་མི་མཐོང་བར་འགྱུར་དོགས་ཀྱིས་གཡུལ་རྒོད་ཀྱི་སྐུ་ལུས་ལ་དམ་དུ་འཐམས་ཏེ་པང་དུ་བདེ་སྐྱིད་སྣང་བས་སེམས་མྱོས་ཏེ་རེ་ཞིག་དྲན་མེད་ལྟར་ལུས་སོང་།
དེ་ནས་རྒྱལ་བློན་ཐམས་ཅད་སོང་བའི་དོན་འགྲུབ་སྟེ་རང་རང་གི་གནས་སུ་འགྲོ་བར་ཐུག་ཚེ། བུ་གཡུལ་རྒོད་དང་བུ་མོ་མེ་ཏོག་སྒྲོན་གཉིས་ཀྱིས་དྲིན་ཆེན་གྱི་རྒྱལ་མཆོག་བཀའ་ལ་དབང་པོ་ལ་བཀའ་དྲིན་ཆེ་ཆེར་ཞུས་པ་མ་ཟད། ད་དུང་ཚེ་གཅིག་ཁོང་གི་མངའ་འོག་ཏུ་བདེ་སྐྱིད་ཀྱི་འཚོ་བ་རོལ་ཐུབ་པའི་སྨོན་ལམ་བཏབ་སྟེ་རྟ་དྲེལ་སོགས་རྒྱུ་རྫས་མང་པོ་ཕུལ་བས། རྒྱལ་མཆོག་རིན་པོ་ཆེ་ཁོང་ཡང་གཞོན་ནུ་གཉིས་ཀྱི་བསམ་དོན་འགྲུབ་པ་དང་། ལྷག་པར་དུ་བུ་གཡུལ་རྒོད་ཀྱི་དཔའ་མཛངས་དང་བུ་མོ་མེ་ཏོག་སྒྲོན་གྱི་བློ་བརྟན་འགྱུར་མེད་ཀྱི་གཤིས་རྒྱུད་བཟང་པོ་ལ་ཐུགས་རབ་ཏུ་དགྱེས་ཏེ་ཁོང་གཉིས་ཀྱི་མགུལ་ལ་དར་དཀར་པོ་རེ་བསྐོན་པ་དང་། ཕྱིན་ཆད་ཀྱང་བློན་གཡུལ་རྒོད་ཐོག་རྒྱལ་ངར་མ་དེ་ལ་བློན་སྟག་རྒོད་ཀྱི་གོ་ས་སྤྲད་རྒྱུའི་ཞལ་གྱིས་བཞེས་རྗེས། ཁོང་གཉིས་ཀྱིས་ཡར་ཕུལ་བའི་དངོས་པོ་དེ་དག་ཚང་མ་མར་གནང་སྦྱིན་མཛད་རྗེས་ཕོ་བྲང་དུ་བྱོན། དེ་ནས་བུ་གཡུལ་རྒོད་དང་བུ་མོ་མེ་ཏོག་སྒྲོན་གཉིས་ཀྱང་རྒྱུ་རྫས་ཐམས་ཅད་རྟ་དྲེལ་ལ་བཀལ་ཏེ་རང་ཡུལ་ཕ་མའི་རྒྱུད་ལ་ལོག་རྗེས། མི་ཚེ་གང་བོ་སྐྱིད་དགའ་བ་དགུང་དུ་མཉམ་ཞིང་སྡུག་ལོ་མ་ཆུ་ལ་བསྐུར་ནས་བསྡད་པར་གདའོ།།
རྩོམ་སྒྲིག་འགན་འཁུར་བ། བསྟན་པ་ཡར་རྒྱས།