འཇིག་རྟེན་ནི་མ་གཞི་མུན་ནག་གི་གྲོང་ཚོ་ཞིག་ཡིན་ཡང་ཉི་འོད་ལམ་ལམ་འཕྲོ་བའི་དཀར་ངོགས་ཤིག་ནས་ཡིད་ཁམས་བརྩེ་བས་དཀྲུགས་པའི་འདྲི་ཚིག་ཅིག་སླེབས་སོང་།"རང་ཉིད་ཆེས་དགའ་སའི་མི་དེ་སུ་རེད།"ཅེས་མེ་ལྕེ་བཞིན་མཆེད་པའི་སེམས་འགྱུ་དེས་གློ་མཆིན་བྲང་གསུམ་གློ་རྡེག་ཏུ་བསྒུལ་བས་གཉིད་སད་པ་ལྟ་བུའི་ཚོར་སྣང་ཞིག་གིས་ལམ་སྒོ་ཕྱེས། སྐབས་འདིར་བསམ་གཞིག་གི་སྣེ་མོ་དུ་མ་དཔྱང་མི་དགོས་ཤིང་རི་བོ་དང་རྒྱ་མཚོ་བརྒལ་བའི་ངལ་བ་ཞིག་དང་། ཚ་དམྱལ་དང་གྲང་དམྱལ་མྱོང་བའི་སྡུག་བསྔལ་ཞིག་ག་ལ་དགོས། ཚམ་ཚོམ་ཅི་ཡང་མེད་པར་འཇའ་ཚོན་ལྟ་བུའི་མཛེས་ཤིང་ལྟ་ན་སྡུག་པའི་སྙིང་གྲོགས་པདྨ་མཚོ་མོ་བློ་ཡིད་དུ་འཁོར་སོང་།
གཅིག
པདྨ་མཚོ་མོ་ནི་ཆུང་གྲོགས་ཚེ་སྒྲོན་ལྟ་བུའི་བག་ཆགས་མང་པོ་ཞིག་བཞག་མ་མྱོང་ཡང་བརྡ་འཕྲིན་གྱིས་སྤྱི་ཚོགས་ཡོམ་ཡོམ་སྒུལ་བའི་བར་སྐབས་འདི་ནས་ངོ་ཤེས་ཤིང་སེམས་ཐག་ཉེ་པོར་གྱུར། ཁོ་མོ་ནི་འདི་ནས་ཡར་ལ་བརྩིས་ན་ལོ་འཁོར་གཉིས་དང་ཟླ་བ་གཅིག་གི་གོང་རོལ་དུ་འཕྲིན་ཕྲན་ནང་ནས་ངོ་ཤེས་པས་ལས་དབང་དང་སྟེས་དབང་གང་ཡིན་མིན་ཆ་མ་འཚལ་ཡང་ཉིན་མཚན་བར་མེད་དུ་ཡིད་ལ་འཆར་བཞིན་པའི་ཟླ་བའི་ལྷ་མོ་དེ་ཡིན།
སྐབས་དེར་འཕྲིན་ཕྲན་ངོས་ཀྱི་གྲོགས་པོའི་གླིང་ནས་དཀར་ལ་གསལ་བའི་མདངས་དང་ལྡན་ཞིང་། ཞི་ཞིང་འཛུམ་པའི་ཉམས་དག་གིས་འཇིག་རྟེན་གྱི་མཛེས་པ་ཡོད་ཚད་ཕྱོགས་གཅིག་ཏུ་བསྡུས་པ་ལྟ་བུའི་ཁོ་མོའི་འདྲ་པར་མཐོང་བས་ཐུབ་པ་སངས་རྒྱས་ཡིན་ཡང་བསམ་གཏན་འཇིག་འགྲོ་བའི་སྣང་བ་བྱིན། ཚོར་བའི་འཇའ་རིས་འཁྲིགས་པའི་རི་གྲོང་ནས་སྐབས་རེར་བུ་མོ་ཞིག་ལ་ལས་སླ་བོར་དགའ་ཆོག་མོད། ཕ་ཡུལ་ནས་ཁ་ཡག་ངོ་མཚར་གྱི་གཞོན་ནུ་མ་སུ་ཞིག་དང་ཐུག་ཀྱང་ངའི་བླ་ཚེ་སྲོག་གསུམ་འགུགས་མ་མྱོང་། འོན་ཀྱང་པདྨ་མཚོ་མོ་ལ་མཚོན་ན་མིག་གི་ཡུལ་དུ་གྱུར་ཙམ་ཡང་མ་མྱོང་ཡང་ཁོ་མོའི་ལང་ཚོའི་གཟི་འོད་ཀྱིས་ངའི་ལུས་ངག་ཡིད་གསུམ་དབང་མེད་དུ་འཕྲོག དེ་ནས་བཟུང་རང་ཉིད་སུ་ཞིག་ཡིན་པ་བརྗེད་དེ་ལུས་ལ་ངུར་སྨྲིག་འགོས་ཡོད་མེད་ཀྱི་དོགས་པ་དང་ཐ་ན་མཁྱེན་པའི་ཡེ་ཤེས་གློག་བཞིན་འཁྱུགས་པའི་ལྷ་དང་ཡེ་ཤེས་པ་དག་ཐུགས་ཁྲེལ་འགྲོ་བའི་སྣང་དོགས་ཙམ་ཡང་མ་སྐྱེས།
དུས་དེར"བུ་མོ་ལགས། རྒྱུ་སྐར་འབུམ་ཕྲག་བཞད་པའི་དབུས་ནས་འོད་ལམ་ལམ་དུ་འཚེར་བ་གསེར་གྱི་སྐར་ཁྱིམ་དེ་ཁྱེད་ཡིན་ལ། མེ་ཏོག་སྣ་བརྒྱའི་ཁྲོད་ནས་དྲི་ངད་དང་མཛེས་པས་ཁྱབ་པའི་རྒྱ་སེ་མེ་ཏོག་དེའང་ཁྱེད་ཡིན། དེ་བས་གློ་བུར་ཁྱེད་ལ་འཕྲེང་པའི་ཡིད་སེམས་འདི་དངོས་རྫས་ཤིག་ཡིན་པའི་དབང་དུ་བཏང་ན་རི་བོའི་གཏོས་དང་མཉམ་ནའང་གཟུགས་མེད་སེམས་ཀྱི་མེ་ལོང་འདི་ཁད་ཀྱིས་སྟོན་མི་ནུས་པས་འཇིག་རྟེན་འདིར་ཆེས་དགའ་སའི་མི་དེ་ཁྱོད་གཅིག་པུའོ།"ཞེས་བསྐུར་ཏེ་འཕྲིན་ལན་ལ་ངང་སྒུག་བྱས་ནས་ཁོ་མོའི་འདྲ་གཟུགས་ལ་བསྐྱར་ལྟ་བྱས།
ཁོ་མོས། "བཀའ་དྲིན་ཆེ། ཁོ་མོའི་མི་ཚེའི་ཁྲོད་ནས་བརྩེ་བའི་རྒྱལ་སྲས་དེ་སུ་ཡིན་མི་ཤེས་ཀྱང་འཇིག་རྟེན་གྱི་འོད་སྣང་དེ་ཕ་རོལ་ཕ་རོལ་ཞིག་ན་ཡོད་པས་མུ་ཏིག་བསྟར་ལ་བརྒྱུས་པ་ལྟ་བུའི་ཁྱེད་ཀྱི་བརྩེ་བའི་གཏམ་ལ་ཡིད་སྨོན་སྐྱེས། འོན་ཀྱང་མི་ཚེའི་སྣང་བ་འདི་རེས་གསལ་རེས་མོག་གི་ཟླ་བ་ལྟ་བུ་ཡིན་པས་ང་རང་ཁྱོད་ཀྱི་ཡོད་ཚད་ཡིན་པའི་ངེས་པ་མེད། དེ་བས་ངའི་འཇིག་རྟེན་ལ་ཁྱོད་མཛའ་འམ། མ་ཟད་ངའི་དྲོད་འཇམ་གྱི་གནས་མལ་དེ་ན་ཁྱེད་ལྟ་བུའི་དམར་ལ་འཚེར་བའི་ཁ་དོག་ཅན་ཞིག་རུང་ངམ།"ཞེས་བསྟུད་མར་བཙོ་སྦྱང་ཡང་ཡང་བྱས་པའི་དྲི་ཚིག་འགའ་བཏང་སོང་། དེ་ནས་ངོ་ཚ་དང་འཇིགས་སྐྲག་གིས་ཡོངས་སུ་མནར་བས་ཅི་ཞིག་བཤད་དགོས་པའི་འཆར་གཞི་མེད་པར་གྱུར་ཏེ་ཁོ་མོའི་ཞི་ཞིང་འཛུམ་པའི་ཞལ་རས་བདག་གི་སེམས་ངོ་ནས་གློ་བུར་དུ་བོར་སོང་། ཡིན་ཡང་མི་སེམས་ནི་སྐད་ཅིག་སྐད་ཅིག་ཙམ་ལ་གློག་བཞིན་འགྱུར་སླ་བས་ཡང་བསྐྱར་ཁོ་མོར་བཤད་འདོད་པའི་སྐད་ཆ་དག་རྒྱ་མཚོའི་རྦ་རླབས་བཞིན་བ?ལ་བས་སེམས་ཀྱི་སྐད་ཅིག་རེ་རེ་ཁོ་མོའི་ཕྱོགས་ལ་དབང་མེད་དུ་ཤོར།
"སྙིང་ཉེ་ལགས། ང་ནི་མི་ཡུལ་གྱི་གྲུ་ག་འདི་ནས་ཡོད་ཚད་བློས་བཏང་སྟེ་དབེན་དགོན་འགྲིམས་པ་མིན། ཆུང་བྱིས་པའི་དུས་སུ་ཕ་མའི་བཀའ་ཁྲིམས་ཟློག་པར་མ་ནུས་པས་དབང་མེད་དུ་རྒྱལ་བ་ཟས་གཙང་སྲས་པོའི་ཆ་ལུགས་འཆང་། ངའི་ཕྱི་ཚུལ་ནི་མཚམས་སྤྲིན་བཞིན་དམར་ལ་གསལ་བའི་མདངས་དང་ལྡན་ཡང་ནང་དུ་དུག་གསུམ་གྱི་མཚོ་ མོ་རབ་ཏུ་འཕྱུར་བས་འདོད་ཡོན་གྱི་དངོས་པོ་དག་ལ་ལོངས་སུ་སྤྱོད་འདོད་ཀྱི་སེམས་པ་མེ་བཞིན་འབར་གྱིན་འདུག ཁེར་རྐྱང་གི་ངོ་གདོང་སྐྱ་ཐིང་ཐིང་དུ་གྱུར་པའི་བདག་ནི་གླང་ཆེན་ཆང་གིས་མྱོས་པ་བཞིན་འདོད་པའི་ལུས་ཕུང་ཤུགས་ཀྱིས་འབར་བས་འཇིག་རྟེན་འདིར་གདམ་ཀ་མང་པོ་མེད་པ་ཤེས། ཚུལ་འཆོས་རྐྱང་པས་མི་ཚེའི་རྨི་ལམ་རིང་མོ་འགྲུབ་མི་ནུས་པ་ལྷགས། དོན་ངོ་མ་ང་ཁྱེད་ལ་དགའ་བའི་སེམས་ཀྱི་གསང་བ་འདི་དཀོན་མཆོག་མ་གཏོགས་སུས་ཀྱང་ཤེས་དཀའ། ང་ལ་ཡིད་ཆེས་གནང་རོགས།"ཞེས་རང་ཉིད་ཀྱིས་བཤད་འདོད་པའི་སྐད་ཆ་གང་མང་ཞིག་བྱོ། འདི་ལྟར་ངོ་ཚ་དོགས་མེད་པའི་སྐད་ཆ་དམར་པོ་ཁོ་མོའི་ཆེད་དུ་བཏང་དོན་ནི་འཇིག་རྟེན་གྱི་ཁམས་ཡངས་མོ་ཞིག་ནས་སེམས་ཀྱི་རྟ་ཕོ་རང་དབང་གིས་ཁ་ལོ་བསྒྱུར་བའི་ཆེད་དང་། ངའི་རྨི་ལམ་ནི་གཤིན་རྗེའི་ཁྲིམས་ར་བརྒལ་ཏེ་མཐའ་མེད་པའི་རི་གྲོང་གི་གཏམ་རྒྱུད་གསོན་པོ་དེ་དག་འཚོལ་བའི་ཕྱིར་ཡིན། ཡང་ན་འགྲོ་བ་མི་ལ་ལྷན་སྐྱེས་སུ་ཡོད་པའི་ཆགས་སྡང་འདི་འཇིག་རྟེན་གྱི་བྱེད་པོ་ལྟ་བུའི་དཀོན་མཆོག་ལ་སྟོན་འདོད་པས་ཡིན།
སྟོང་ལྷང་ལྷང་གི་མཚན་ལྗོངས་ཤིག་ནས་ཡང་བསྐྱར་ཟླ་བའི་གཏམ་རྒྱུད་ཀློག་བཞིན་རང་སེམས་ལ་དག་ཁྲུས་ལན་གཅིག་བྱས་པས་བརྩེ་བའི་རྒྱ་མཚོ་འཛད་མཐའ་མེད་པའི་ཁང་མིག་ནང་གི་མི་དེའི་འཕྲིན་ལན་ལ་རེ་སྒུག་བྱས་ཏེ་མ་འོང་པར་ཁོ་མོ་དང་ལྷན་དུ་འཚོ་བ་ཇི་ལྟར་སྤྱོད་དགོས་པའི་སྐོར་ལ་འདང་བརྒྱབ་ནས་རྨི་ལམ་གྱི་གཡང་དུ་ལྷུང་སོང་། འདི་ལྟར་བསམ་བློའི་འཕྲུལ་འཁོར་བསྐོར་ཏེ་བརྩེ་དུང་ནི་བསླུ་བྲིད་ཙམ་མ་ཡིན་པར་འཚོ་བའི་རྒྱབ་ལྗོངས་བརྟན་པོ་ཞིག་ཏུ་རྟོགས།
རེ་ཐག་དང་སུན་སྣང་མེད་པར་མཐའ་ཡས་པའི་སྤྲོ་སྣང་དང་། ཡ་མཚར་བའི་སེམས་འདུན་སྙིང་ལ་བཅངས་ནས་ཞག་དང་ཟླ་བ་མཐུད་དེ་ཁོ་མོ་ལ་ཨུ་ཚུགས་ཀྱིས་བྲིས་ན་ཚར་རྒྱུ་མེད་པའི་འཕྲིན་ཡིག་སྟོང་ལ་ཉེ་བ་བསྐུར། ཁོ་མོ་ལ་དུང་བའི་ཚིག་གི་མེ་ཏོག་མང་པོ་བསླས་ཏེ་རྨི་ལམ་གྱི་དབྱིངས་ནས་ལྷན་འཛོམས་ཀྱི་དགོད་སྒྲས་གནམ་ས་བསྒུལ་མྱོང་། དེ་ལྟ་ནའང་ཁོ་མོ་ནི་ངག་མི་སྨྲ་བའི་བརྩེ་དུང་གི་ལྷ་མོ་ཞིག་ཏུ་གྱུར།
ཉིན་ཞིག་མིག་ཟུང་བགྲད་ནས་ཁོ་མོའི་འདྲ་པར་འདོད་པའི་ཉམས་དོད་ཅིང་། འཛུམ་པའི་མདངས་བཀྲ་བའི་སྐར་མ་སྨེ་བདུན་ལྟ་བུ་ལ་ཡང་ཡང་ཅེར་ཞིང་སྙིང་གར་སྦྱོར་བས་དྲན་གདུང་གི་ཚོར་བ་སྤྲིན་བཞིན་འཕྱུར་ཏེ་སེམས་ཁོང་གི་སྐད་ཆ་མང་པོ་མི་བསྐུར་ཐབས་མེད་བྱུང་།
"སྙིང་ཉེ་ལགས། མཚན་མོ་བདེ་ལེགས། ང་ཁྱེད་ལ་དགའ་དྲགས་པས་ངའི་རང་ཚུགས་དང་། རྣམ་པ་བོར་ཡང་སྲིད། ཡིད་འགྱོད་མེད། ངས་ཉིན་རེ་བཞིན་ཁྱེད་ལ་ཨུ་ཚུགས་ཀྱིས་གླེང་མོལ་བྱེད་པ་ནི། ཀུ་རེ་དང་ཀྱལ་ཀ་མིན། འགོག་མེད་ཀྱི་བརྩེ་དུང་ཞིག་དང་། ལྷད་མེད་ཀྱི་སེམས་པ་ཞིག་གིས་ཡིན། དོན་ངོ་མ་བཤད་ན་འུ་གཉིས་ངོ་འཕྲད་མྱོང་མེད་ཀྱང་འདི་ལྟར་ཁྱོད་ལ་དགའ་བ་ནི་ལས་དབང་ཞིག་གམ། ཡང་ན། རྒྱུ་རྐྱེན་ཅི་ཞིག་ཡིན་པ་མ་ངེས། ངས་འདི་འདྲའི་སྐད་ཆ་བཤད་ནས་ཁྱེད་ལ་སུན་སྣང་སྐྱེ་ན་ཐང་། བཟོད་སྒོམ་གནང་རོགས། ང་ལ་ཐབས་བཀོད་མི་འདུག ང་ངོ་མ་ཁྱེད་ལ་དགའ། སྣང་མེད་དུ་མ་གཏོང་རོགས།"
ཁོ་མོས་དགའ་ཉམས་དང་སྐྱོ་ཉམས་ཅི་ཞིག་བསྟན་ཡོད་པ་མ་ངེས་མོད། མུན་ནག་གི་འོད་ཟེར་དང་ལྷན་དུ"ཅི་འདོད་བྱོ་ཆོག"ཅེས་ཚིག་ཉུང་ལ་དོན་ཟབ་པའི་སྐད་ཆ་ཞིག་ཨར་ལ་གཏད་སོང་། ཁོད་ཡངས་ཤིང་གཏིང་ཟབ་པའི་མཚན་མོ་དེ་ནི་ང་གཅིག་པུ་ལ་དབང་བའི་མཚན་མོ་ཡིན་པ་ཤེས་པས་སྐར་ཚོགས་གྲངས་ཀྱིས་མི་ལོན་པ་དེ་དག་གིས་བདག་ལ་འོད་སྣང་རེ་རེ་བྱིན་ནས་ངའི་འཇིག་རྟེན་གྱི་ཞེ་འདོད་དེའམ་མངོན་དུ་འགྱུར་བའི་གསལ་སྣང་སྤྲད་ཡོད་པའི་ཡིད་ཆེས་བཞག ཁོ་མོའི་འཇམ་ཤ་དོད་པའི་ལུས་ཀྱི་ལྗོན་པ་དང་། ལྷོད་ལ་བབས་པའི་སེམས་ཀྱི་མེ་ཏོག་དེ་དག་ལ་མིག་ཟུང་བཙུམས་ཏེ་རང་དབང་གིས་ལོངས་སྤྱོད་པར་འདོད་པས་རང་སྣང་གི་འཇིག་རྟེན་འདི་ལ་བྱི་དོར་ཞིག་བྱེད་པར་མོས། ཀྱེ། དཀོན་མཆོག་ལགས། ང་ལ་འཁུ་ལྡོག་མ་བྱེད་རོགས།
གཉིས།
ལོ་འཁོར་གཉིས་འདས་པའི་དེ་རིང་གི་ང་ལ་མཚོན་ན། རེ་སྒུག་གི་རྨི་ལམ་འགྲུབ་ལ་ཉེ་བས་ཆར་བའི་ཟེགས་མ་ལྷུང་ལྷུང་དུ་འཇོ་ཞིང་ས་གཞི་ལ་ལྗང་མདོག་གི་རེ་ཁ་བཀྲ་བའི་སྙིང་ཉེ་བའི་མི་དེའི་འཇིག་རྟེན་གྱི་མཛེས་པ་མཐོང་སྲིད། དེ་རིང་ཏག་ཏག་ཁོ་མོ་སློབ་མཐར་ཕྱིན་ཏེ་གྲོང་ཁྱེར་དུ་ཡོང་གི་ཡོད་ཅེས་འཕྲིན་ཡིག་འབྱོར་སོང་བས་བདག་ཀྱང་དགོན་པར་གནང་བ་ཞུས་ནས་གྲོང་ཁྱེར་དུ་སོང་། མི་ཚོགས་ཀྱི་འདུ་འཛི་རབ་ཏུ་རྒོད་པའི་གྲོང་ཁྱེར་ནས་ང་རང་གཅིག་པུར་སོང་སོང་མཐར་ས་རུབ་པར་གྱུར། གྲོང་ཁྱེར་ནི་གློག་འོད་ཀྱིས་བརྒྱན་པའི་འཇིག་རྟེན་མག་མོག་ཞིག་ཏུ་གྱུར་པས་ཁེར་རྐྱང་གི་འཚོ་བས་མ་བོར་བའི་བདག་ནི་ཇ་ཁང་ཞིག་ཏུ་སོང་ཏེ་ཁོ་མོར་སྒུག སྐབས་དེར་ཁོ་མོ་དང་མཇལ་འདོད་ཀྱི་སེམས་པ་རླུང་བཞིན་ལྡང་བས་ཇ་འཐུང་འདོད་མེད་པར་གྱུར། དོ་ནུབ་ཁོ་མོ་དང་འཕྲད་འདོད་ཀྱི་ཀུན་སློང་ནི་སྒྱུ་རྩལ་གྱི་རྔམ་ཁ་མཐུག་པའི་ཁང་རྩིག་མཐོན་པོ་འདི་དག་དང་གཉིས་སུ་མེད་པས་གྲོང་ཁྱེར་དུ་ཐོན་ནས་ད་ལྟའི་བར་གྱི་དུས་ཚོད་གཅིག་འདི་ཉིན་གྲངས་མང་པོ་འགོར་བ་ལྟ་བུའི་སྣང་བ་སྐྱེས། སྐབས་ཤིག་ནས་མི་ཚོགས་ཀྱི་འུར་ཟིང་མཚན་མོའི་ཕག་ཏུ་ཡིབ་ནས་རླངས་འཁོར་གྱི་སྒྲ་ཙམ་ལས་མེད་པའི་ཡིད་ཆེས་དང་རེ་སྒུག་གིས་བཟོས་པའི་མཚན་མོ་འདི་ནས་ཏག་ཏག་སྙིང་ཉེ་ལགས་ཀྱིས་ཁ་པར་བཏང་སོང་། སྐབས་དེར་འཇིག་རྟེན་རབ་རིབ་ཏུ་བསྒྱུར་བའི་སྨུག་སྤྲིན་ཁད་ཀྱིས་དྭངས་པ་ལྟ་བུའི་སྣང་བ་ཞིག་དང་ལྷན་ཁོ་མོའི་ཁ་པར་ཉན།
"ཨེ། གྲོང་ཁྱེར་དུ་ཐོན་ཟིན། ལམ་ཁ་ནི་འབར་འབུར་དང་སྒང་གཤོང་མང་བའི་ས་གཞི་མཁྲེགས་པོ་ཞིག་དང་། མི་ཚོགས་ཀྱི་འདུ་ལོང་ཆེ་དྲགས་ནས་རླངས་འཁོར་དལ་བོར་བསྐྱོད་པས་ད་ལྟའི་བར་འགོར་འགྱངས་བྱུང་། ཁྱེད་ལ་སུན་པོ་བཟོས་ཡོད་ན་ཐང་། དགོངས་དག་གང་དུ་ཡོད"ཅེས་སེམས་ཁུར་དང་སུན་སྣང་གི་སྐད་ཆ་ཁ་ཆར་ལྟ་བུ་སྟབས་གཅིག་ཏུ་བཤད་པས་བདག་ལ་ཡིད་ཆེས་ཀྱི་སྒོ་མོ་རབ་ཏུ་ཕྱེས་ཤིང་སེམས་པ་དབང་མེད་དུ་འཕྲོག་པའི་རྣ་བའི་བུ་རམ་བྱིན།
"སྙིང་ཉེ་ལགས། བདག་གི་འདོད་མོས་དང་འཚམས་ཤིང་ཁ་ཆད་ལྟར་གྲོང་ཁྱེར་དུ་ཡོང་ནས་ཁ་པར་བཏང་བས་སྤྲོ་སེམས་རབ་ཏུ་རྒྱས། བདག་ཀྱང་གྲོང་ཁྱེར་དུ་ཡོང་ནས་ཇ་ཁང་ཞིག་ཏུ་བསྡད་ཡོད། ལོ་དང་ཟླ་བར་རེ་སྒུག་ཁྲོད་ནས་ཁྱེད་དང་ཐུག་འདོད་ཀྱི་འདུན་པ་ཆེ་བས་དོ་ནུབ་ལྷན་འཛོམས་ཀྱི་རྨི་ལམ་ལ་སྒུག་ཡོད།
"ཡ་ཡ། དགོངས་དག དོ་ནུབ་སློབ་གྲོགས་ཚོ་དང་ལྷན་དུ་འདུག་རྒྱུའི་ཁ་ཆད་བཞག་ཟིན། སང་ཉིན་འུ་གཉིས་འཕྲད་ཆོག"ཅེས་ཁ་པར་བཞག་སོང་། ཁོ་མོས་སློབ་གྲོགས་དག་ལ་བཞག་པའི་ཁ་ཆད་ཀྱི་དབང་གིས་དོ་ནུབ་འཕྲད་འདོད་ཀྱི་ཀུན་སློང་ཡོངས་སུ་བཅོམ་པས་ད་ནི་བསྐྱར་བཤད་བྱ་དགོས་པའི་དྲན་འཆར་ཙམ་ཡང་སྐྱེས་མ་སོང་། སྣང་ཚུལ་འདི་ཙམ་གྱིས་ཁོ་མོ་ལ་བཅངས་བའི་ཟབ་ཅིང་བརླིང་པའི་བརྩེ་དུང་དེར་འཕོ་འགྱུར་ཡོང་ག་ལ་སྲིད། འོད་སྣང་ལྡན་པའི་སང་ཉིན་གྱི་ཉི་གཞོན་འགྱུར་བ་མེད་པར་འཆར་ཐུབ་པའི་རེ་སྨོན་བྱས། དེ་ནས་ཁེར་རྐྱང་གི་རྣམ་ཤེས་ཁོ་མོ་ལ་གཏད་ནས་རླུང་བུ་ཟ་ཟི་ཁྲོད་དམར་བོང་བོང་གི་རྣམ་པ་མ་བཅོས་པར་མགྲོན་ཁང་ཞིག་ཏུ་སོང་སྟེ་བསྡད། དོ་ནུབ་སྐར་ཚོགས་གྲངས་མེད་པའི་མཁའ་དབྱིངས་ནས་དཀར་ལ་འཚེར་བའི་ཞི་བསིལ་ཟླ་བ་གཞོན་ནུ་བདག་གི་མིག་ལམ་དུ་འཆར་མ་ཐུབ་ཀྱང་། སྐྱིད་སྡུག་གིས་བཞེངས་པའི་འཇིག་རྟེན་གོར་མོ་འདི་ནས་རྒྱ་མཚོར་སྨིན་པའི་བྱུ་རུ་དམར་ཆུང་སྙིང་ཁོང་ན་སྦས་ཏེ་ལྷིང་འཇགས་ཀྱི་རྨི་ལམ་དུ་ལྷུང་སོང་།
ཉིན་འདིར་དགོད་སྒྲ་ལྡན་པའི་གཙང་པོའི་རླབས་འཕྲེང་མ་ཉམས་པར་ཁོ་མོ་དང་ཏག་ཏག་མེ་ཏོག་ཇ་ཁང་ནས་མཇལ་འཛོམས་བྱུང་། ཁོ་མོ་མཐོང་མ་ཐག་མཛེས་ཤིང་དྭངས་པའི་ལང་ཚོ། དཀར་ལ་སྣུམ་པའི་མིག་འབྲས། སྨུག་ཅིང་མཐུག་པའི་སྨིན་མ། དཀར་ལ་གསལ་བའི་ཞལ་རས། དམར་ཞིང་འཁྱིལ་བའི་མཆུ་སྒྲོས། ཞི་ཞིང་འཛུམ་པའི་སྒེག་ཉམས་སོགས་སྐྱོན་ཀུན་ཟད་དང་ཡོན་ཏན་ཀུན་ལྡན་རེད། ཤར་སེ་བཤད་ན་རིག་བྱེད་ཀྱི་གཞུང་ལུགས་ནང་གི་མཛེས་མ་བཞིན་ཁོ་བོའི་མིག་འབྱེད་འཛུམ་གཅིག་གི་བར་ལམ་ནས་མངོན་པས་སྔོན་གྱི་འདྲ་པར་ནང་གི་པདྨ་མཚོ་མོ་ལས་ལྷག་པའི་མཛེས་སྡུག་གི་ཆ་གསར་པ་མང་པོ་མཇལ་བས་སྔ་དུས་ཀྱི་ཟིན་ཐོ་བརྒལ་སོང་། འདི་ལྟར་ཆུ་དང་འོ་མ་ནང་བཞིན་སེམས་དང་བསམ་པ་གཅིག་ཏུ་འདྲེས་ཏེ་གློག་ཞགས་དང་མཚོ་རླབས་སྡེབ་པ་ལྟར་འཇིག་རྟེན་གྱི་བརྩེ་བའི་ཕ་མཐའ་མངོན་དུ་གྱུར།
"འཇིག་རྟེན་དུ་བློས་བསླངས་ཙམ་གྱིས་སྒྲོ་བཏགས་པ་མ་ཡིན་པར་མངོན་སུམ་གྱི་སྤྱོད་ཡུལ་དུ་གྱུར་པའི་ཕྱི་མཛེས་ནང་ཡག་གི་མཛའ་བརྩེའི་མེ་ཏོག་ལགས། བརྩེ་བའི་མདུད་པ་བཀྲོལ་མ་མྱོང་བའི་འཇིག་རྟེན་གྱི་ཟབ་ས་ནས། ངས་ཁྱེད་ལ་ཡུན་རིང་རེ་སྒུག་དང་ཡིད་ཆེས་བཟོས་ཏེ་འོད་སྣང་དང་དྲོ་སྐྱིད་ཀྱི་རྨི་ལམ་མངོན་དུ་གྱུར་པ་ནི་དྭངས་གཙང་ལྡན་པའི་འུ་གཉིས་ཀྱི་བླ་སྲོག་གི་བཙོ་སྦྱངས་བྱས་པ་རེད། མི་ཚེ་གང་བོར་ཁྱེད་དང་འགྲོགས་རྒྱུ་བྱུང་ན་མཛའ་བརྩེའི་ཤེལ་གྱི་བུམ་བཟང་ལག་ཏུ་ཐོབ་པ་ཡིན། ང་ནམ་ཡང་ཁྱེད་ལ་དགའ།"ཞེས་གསལ་སྒྲིབ་མེད་པའི་སེམས་ཀྱི་མེ་ལོང་འདི་བསྟན་པ་ཡིན།
"ཁྱེད་ཀྱི་རྟ་མཆོག་སྲབ་མེད་ཅིག་གི་ཁ་ལོ་བསྒྱུར་མ་ནུས་ནས་སྤྲོ་སེམས་འཁོར་བའི་མཛེས་སྡུག་མཇལ་དུ་ཡོང་བ་ཡིན། ཁོ་མོ་ནི་རྙོག་ཆུའི་རྫིང་བུ་བཞིན་དུ་མི་གཙང་རྫས་ངན་གྱིས་ཁྱབ་པའི་གོང་བུ་ཞིག་ཡིན་པས་མ་ཆགས་ཤིག མ་ཞེན་ཞིག གནམ་འོག་འདི་ནས་རང་དབང་གིས་བསྐྱོད་ཐུབ་པའི་སྟོན་པ་སངས་རྒྱས་ཞུ་བའི་ལྷ་ཞིག་བྱུང་བས་ཁྱེད་ཉིད་དེའི་རྗེས་སུ་འབྲངས་ནས་འཇིག་རྟེན་གྱི་མཛེས་པའི་ཆ་ཤས་རེ་རེ་བཏུས་ནས་ཉམས་དགའ་བའི་དག་ཞིང་ལ་བསྐྱོད་རྒྱུ་ནི་ཁོ་མོའི་རེ་བ་དང་ཡིད་ཆེས་ཀྱིས་གཏམས་པའི་བརྩེ་བའི་འོད་ཟེར་ཡིན། ངའང་ཁྱེད་ལ་དགའ། འོན་ཀྱང་ཚ་གྲང་གི་སྡུག་བསྔལ་འཐབ་པའི་འཇིག་རྟེན་འདི་ན་བདེ་སྐྱིད་ཟེར་བ་ཡོད་མི་སྲིད། ཟླ་མཇུག་འདིར་སློབ་སྦྱོང་གི་ཆེད་དུ་ཉི་ཧོང་ལ་འགྲོ་དགོས་པས་ལོ་མང་པོ་འགོར་ངེས། ད་ནས་བཟུང་འུ་གཉིས་ཀྱི་རང་རང་སོ་སོའི་ལམ་ནས་སོ་སོར་བསྐྱོད་པར་བྱ། བདེ་མོ"ཞེས་ཁོ་མོའི་ཟོལ་མེད་ཀྱི་ལྷག་བསམ་གྱིས་ང་རང་རྩིས་མེད་དུ་བཏང་སོང་།
གསུམ།
ཧ་ཅང་སྙིང་དུ་སྡུག་པའི་ཁོ་མོའི་བསམ་དོན་ནི་བདག་གིས་གཤོག་ཟུང་བརྐྱངས་ནས་ཁྲི་གདུགས་ཉི་མའི་རྗེས་སྙེག་བྱ་དགོས་པ་དེ་རེད་མོད། འོན་ཀྱང་འདོད་ཆགས་ཀྱིས་རབ་ཏུ་བཟི་བའི་མི་རྐྱང་བདག་གི་འཛུམ་མདངས་ཡོད་ཚད་དུས་གཅིག་ལ་ཕྱུང་སོང་། འདི་ལྟར་ཡུན་རིང་ཞིག་ལ་སློབ་སྦྱོང་གི་གོ་སྐབས་ཡོད་ཚད་ཁོ་མོ་གཅིག་པུའི་དོན་དུ་བཏང་ཞིང་། ཕུགས་འདུན་དང་རྨི་ལམ་མཐའ་དག་ཁོ་མོ་རྐྱང་པའི་དོན་དུ་ཕུལ་ཡང་མི་འདོད་བཞིན་དུ་གྱེས་བརྡ་བཞག་སོང་བས་ཕངས་སེམས་དང་འགྱོད་གདུང་ངང་ཁ་ཁར་མི་འགྲོ་ཀ་མེད་བྱུང་།
ལོ་ཟླ་མང་པོའི་དཀའ་སྡུག་གི་འཚོ་བའི་མཇུག་འབྲས་སྐད་ཅིག་ཉིད་ལ་སྟོངས་པས་མདུན་ལམ་མེད་པར་སླར་ཡང་ཁེར་རྐྱང་གི་རྐྱང་ལམ་ཕྲ་མོར་འགྲོ་དགོས་བྱུང་བས་སྐྱོ་བའི་ངུ་ཤུམ་དང་། གདུང་བའི་མིག་ཆུ་མང་ཡང་སྔར་བཞིན་ཁོ་མོ་ལ་དགའ། ནམ་ཉི་མ་ཞིག་ལ་ཁོ་མོ་ང་རང་ལ་དབང་བ་ཤོག ཀྱེ་ཀྱེ། དཀོན་མཆོག་ལགས། མགོན་སྐྱབས་གནང་རོགས།
རྩོམ་སྒྲིག་འགན་འཁུར་བ། ཀུན་ཁྱབ། བསྟན་པ་ཡར་རྒྱས།