གུས་པར་འོས་པའི་དགེ་རྒན་རྣམ་པ་དང་མཛའ་ཞིང་བརྩེ་བའི་སློབ་གྲོགས་རྣམ་པ་ལགས། ན་ནིང་གློ་བུར་བྱུང་བའི་བཞི་པའི་ཚེས་བཅུ་བཞི་ཉིན་གྱི་ས་ཡོམ་ཆེན་པོས་རི་ཉིལ་ཞིང་ཐང་ཆེན་གས་པ་དང་། འགྲོ་ལམ་བཅད་ཅིང་ཟམ་པ་བསྒྱེལ་བ། ཁང་པ་བཤིག་ཅིང་ར་བ་བརྡིབས་པ། རྒྱུ་བརླགས་ཤིང་མི་བསད་པ་བཅས་ཀྱི་གནོད་འཚེ་ཚབས་ཆེན་བཟོས་པས། གཙང་ཆབ་སྔོན་མོ་སྐྱོ་བ་ཆེན་པོས་ངུ་འབོད་བྱེད་པ་དང་། ཉི་ཟླ་སྐར་གསུམ་སྙིང་རླུང་ལྡང་ནས་འདར་སིག་བྱེད་པ། ས་གཞི་ཆེན་པོ་ཡང་དངངས་འཚབ་ཆེན་པོས་ཚ་འཕགས་ནས་ཚ་འཕགས་བྱས་ནས་གནམ་སའི་ཁྱོན་ཡོངས་རེ་ཞིག་སྐྱོ་གདུང་དྲག་པོའི་མུན་པས་བསྟུམས་ཤིང་སྡུག་བསྔལ་དྲག་པོས་ཀུན་ནས་མནར། དེ་འདྲའི་ཉམས་ང་བ་དང་འུ་ཐུག་པའི་དུས་ཉིད་ལ་སླེབས་ཚེ། ཏང་ཀྲུང་དབྱང་གིས་འོད་སྟོང་ལྡན་པའི་མདུན་ལམ་བསྟན་ཅིང་ཐབས་མཁས་ཀྱི་བཀོད་སྒྲིག་བཟང་པོ་མཛད་པ་དང་། ལྷ་འདྲེ་སུ་ཞིག་ཡིན་ཀྱང་སྐྲག་སྣང་ཤོར་བའི་ཡོམ་འགོག་གནོད་སྐྱོབ་ཀྱི་གཡུལ་འགྱེད་བཀོད་པ་རླབས་པོ་ཆེ་བཤམས་པ་དེས། ཁྱོན་ཡོངས་ནས་རྒྱལ་ཁ་རླབས་ཆེན་པོ་ཐོབ་པར་མི་རྣམས་ཀྱིས"ཨེ་མ་ཡུལ་ཤུལ་གྱི་ཡོམ་འགོག་གནོད་སྐྱོབ་ཀྱི་རྒྱལ་ཁ་དེ་ཇི་འདྲའི་རླབས་ཆེ་བ་ལ་ཨང"ཞེས་འཛམ་གླིང་གི་ཁྱོན་ལ་སྙན་གྲགས་འབར་བའི་ངོ་མཚར་བྱས་རྗེས་བསྐྲུན་པ་དང་། ནམ་དུའང་མདུན་སྐྱོད་ཐུབ་པའི་ཀྲུང་གོའི་ཁྱད་པར་འཕགས་པའི་མཐུ་སྟོབས་ཀྱི་ནུས་པ་བསྟན་པར་མ་ཟད། དབུགས་མཉམ་རྒྱུ་དང་ལས་དབང་གཅིག་མཐུན། བློ་སེམས་གཅིག་སྒྲིལ་ཅན་གྱི་ཀྲུང་ཧྭ་མི་དམངས་ཀྱི་མཆོག་ཏུ་གྱུར་པའི་སྲོལ་རྒྱུན་བཟང་པོ་ནོམ་ངོམས་བྱས་པ་དང་། ཕན་ཚུན་འབྲལ་ཐབས་མེད་པའི་མཐུན་ལམ་དམ་པོ་འོ་ཆུ་འདྲེས་འདྲ་དང་། མཛའ་བརྩེའི་གཞི་རྩ་རི་རྒྱལ་ལྷུན་པོ་ལས་བརྟན་བརླིང་ཆེ་བ། བརྩེ་དུང་གི་ཕུགས་མཐའ་རྒྱ་མཚོ་ལས་ཀྱང་ཟབ་པའི་ཀྲུང་གོའི་བུ་དང་བུ་མོའི་བླ་ན་མེད་པའི་འདྲིས་གཞུང་རིང་མོ་ཧ་ལས་པོས་མཚོན་ཡོད་ལ། ཀྲུང་ཧྭ་མི་རིགས་ཀྱི་འཛད་པ་མེད་པའི་སྟོབས་ཤུགས་དང་ཉམས་པ་མེད་པའི་སྤོབས་པ། འགྲན་ཟླ་མེད་པའི་བློ་གྲོས་བཅས་ཀྱང་ངོ་མཚར་ཆེན་པོས་མངོན་པར་བྱས་ཡོད། ན་ནིང་ལུས་སེམས་རྒྱུ་གསུམ་གྱི་ཐད་ནས་གནོད་ཚབས་ཆེན་པོ་དང་གྱོང་གུད་ཚབས་ཆེན་པོ་བྱུང་ནའང་། རང་བྱུང་གི་གནོད་འཚེ་དེ་འདྲ་ཐེབས་རྗེས་མི་དམངས་རྣམས་དཀའ་ཁག་ལ་མི་འཛེམ་པའི་སྙིང་སྟོབས་ལྡབ་བསྐྱེད་ཀྱིས་འཕེལ་ཞིང་རྒྱས་པ་དང་། མི་རིགས་ཀྱི་མཐུན་སྒྲིལ་?་རྗེའི་མདུད་པ་ལྡབ་ལོག་གིས་དམ་ཞིང་དམ་པོར་བཅིངས་ཐུབ་པ། མེས་རྒྱལ་གྱི་ལ་རྒྱའི་སྙིང་ཁམས་ལྡབ་འགྱུར་གྱིས་གསོས་ཤིང་གསོ་ཐུབ་པའི་ཕན་ཐོགས་བྱུང་ཡོད།
རིམ་པ་སོ་སོའི་ཏང་སྲིད་རྩ་འཛུགས་བརྟན་བརླིང་ཆེ་བ་དང་དབུ་ཁྲིད་ཡང་དག་པ། རྒྱལ་ཡོངས་མི་དམངས་ཀྱི་རོགས་སྐྱོར་རྒྱ་ཆེན་པོའི་འོག་ནས། རང་སློབ་གྲྭའི་དགེ་སློབ་ཚང་མས་མཐུན་སྒྲིལ་?ག་རྩ་གཅིག་སྒྲིལ་དང་། ལྷག་བསམ་དཀར་པོ་གཅིག་མཐུན། སྟོབས་ནུས་གང་ཡོད་མཉམ་འདོན། ཕན་ཐོགས་བྱ་བར་མཉམ་འབད་ཀྱི་སྒོ་ནས་ཚེ་སྲོག་སྐྱོབ་བསླུའི་ལས་ལ་མི་ངལ་བ། གནོད་འཚེ་འགོག་སེལ་བྱ་བར་མི་སུན་པ། གཞན་ཕན་བྱ་བར་ཕྱི་བཤོལ་མེད་པ། ཁྱིམ་གཞི་གསར་པ་དང་སློབ་ར་གསར་སྐྲུན་བྱ་བར་ཅི་ཕན་ཅི་མཐུན་ཅི་འཇོན་བྱས་ཤིང་བྱེད་བཞིན་པའི་རྣམ་པ་བཟང་པོ་དེ་དང་འདི་སྔར་ལས་ལྷག་པར་རྒྱུན་འཁྱོངས་ལྷོད་མེད་བྱེད་རྒྱུ་གནད་ཆེན་དུ་འཛིན་པར་འཚལ། དེ་རིང་ང་ཚོས་འདི་ནས་འདས་པའི་ལོ་དེའི་ནང་ས་ཡོམ་ཆེན་པོས་མཛའ་ཞིང་བརྩེ་བའི་ལས་གྲོགས་དང་ཤ་ཚ་སྙིང་རྗེ་ཤོར་བའི་སློབ་གྲོགས། འབྲལ་བར་མི་ནུས་པའི་གཉེན་ཉེ་སོགས་ཀྱི་རིན་ཆེན་ཚེ་སྲོག་འཕྲོག་པ་དེ་རྣམས་བདེ་འགྲོ་ཐོབ་ཆེད་མར་མེ་ཁྲི་ཡི་མཆོད་པ་འབུལ་བ་དང་། དཀའ་སྡུག་བྱུང་བའི་དགེ་བཟོ་བ་རྣམས་ལ་འཚམས་འདྲི་ཞུ་བ། འཇིག་རྟེན་ཐོག་སྔར་བཞིན་འཚོ་བའི་དགེ་སློབ་དང་བཅས་པར་དཔའ་ངར་ཆེན་པོས་མདུན་ནས་མདུན་དུ་སྐྱོད་པར་སྐུལ་འདེད་བྱེད་པའི་བྱ་འགུལ་སྤེལ་བ་ཡིན་སྟབས། ང་ཚོས་ངེས་པར་དུ་སྡུག་བསྔལ་སྟོབས་ཤུགས་སུ་བསྒྱུར་བ་དང་། དྲན་གདུང་བརྩེ་དུང་ལ་བསྒྱུར་བ། སྙིང་རྗེ་འབད་རྩོལ་ལ་བསྒྱུར་ནས་སློབ་ལ་བརྩོན་པ་ཇེ་སྐྱེད། ལས་གཉེར་ཚགས་ཇེ་དམ། འཚོ་བར་དོ་སྣང་ཇེ་ཆེ་བྱས་ཏེ། དཀའ་ཁག་དང་སྡུག་བསྔལ་གྱི་ཉལ་ས་ནས་ཡར་ལངས་ཏེ་མི་དེའི་འགན་འཁྲི་ཕྲག་ཏུ་བླངས་ནས། རང་གཤིས་ལ་ངོ་གནོང་མི་དགོས་པ་དང་དུས་རབས་ལ་ངོ་གནོང་མི་དགོས་པ། མི་རིགས་ལ་ངོ་གནོང་མི་དགོས་པ། མེས་རྒྱལ་ལ་ངོ་གནོང་མི་དགོས་པའི་སྤྱི་ཚོགས་ལ་འཇོན་ཕན་ཅན་གྱི་མི་ཞིག་ཏུ་ཆགས་ཐུབ་པ་བྱེད་རྒྱུར་འབད་པ་ལྷོད་མེད་བྱེད་དགོས། སླད་མར། ངས་དགེ་སློབ་ཡོངས་ལ་ཏང་དང་རྒྱལ་ཁབ། རང་ཉིད་ཀྱི་ཉེ་འཁོར་ན་ཡོད་པ་དང་བཅས་པའི་རྒྱལ་ཡོངས་མི་དམངས་ཀྱིས་རོགས་སྐྱོར་དང་ཕན་པ་ཅི་འཇོན་བསྒྲུབས་ཟིན་པ་དང་། སྒྲུབ་བཞིན་པའི་བཀའ་དྲིན་དྲན་ཤེས་པ་དང་བཀའ་དྲིན་བརྗེད་མི་འགྲོ་བར་ཡིད་དུ་བཟུང་ནས། ཕན་ཚུན་བརྩེ་སེམས་དང་ཕན་སེམས་ཆེར་བཏང་ནས་འདས་པའི་མི་ལ་བསྔོ་བ་དང་སྨོན་ལམ་ཅི་འཇོན། གསོན་པོའི་མི་ལ་སྐྱབས་འགྲོ་དང་རོགས་རམ་ཅི་ཐུབ་བྱེད་པའི་འབོད་སྐུལ་དང་སྨོན་འདུན་ཞུ་བའོ།།
རྩོམ་སྒྲིག་འགན་འཁུར་བ། ཀུན་ཁྱབ། ལྷ་གཡང་ནོར་བུ།