རྩྭ་ཐང་། གངས་རི། འབྲོག་ཡུལ།མཚེར་ས་སོགས་ང་ལ་ཚེ་སྲོག་སྦྱིན་པའི་ཁོར་ཡུག་ཡོད་དོ་ཅོག་ང་དང་བར་ཐག་ཇེ་རིང་། འབྲོག་ཁྱིམ། སྦྲ་གུར་གནག་རྫི་བུ་མོའི་གླུ་དབྱངས། འབྲོག་པ་རྒན་པོའི་མ་ཎི་བགྲང་བའི་དབྱངས་འགྲོས་སོགས་ང་ལ་རྣམ་ཤེས་སྦྱིན་པའི་དངོས་པོ་ཀུན་དང་ཁ་བྲལ་ནས་ཐག་རིང་གི་ས་འདིར། རྒྱུས་མེད་ཀྱི་གནས་འདི་ན་དེང་རབས་ཀྱི་འཕྲུལ་ཆས། སྔོན་ཐོན་གྱི་བཟོ་ལས། བརྗིད་ལྡན་གྱི་ཁང་བརྩེགས། འར་འུར་གྱི་ཚོང་ར། བྲེལ་ཟིང་གི་མི་རྣམས་ཀྱིས་ང་ལ་བརྩེ་བ་ཇེ་ཆེར་གྱུར་བའི་དུས་འདིར་ངས་རང་ཉིད་ཀྱི་མི་ཚེའི་བགྲོད་ཤུལ་ལ་ཕྱི་དྲན་གྱི་བསམ་གཞིགས་ཤིག་མི་བྱེད་ཐབས་མེད་དུ་གྱུར།
ཆེས་ཐོག་མར་ང་རང་གངས་དཀར་ལྷུན་པོའི་ལྷུམས་སུ་ཞུགས་དུས་དང་རྩྭ་ཐང་མ་མའི་ཕང་ལ་ཉལ་ནས་འབྲི་མོའི་འོ་མ་བཅུད་དུ་སྒོམ་པའི་དུས་དེར་ངས་ཡངས་པའི་ནེའུ་གསིང་རྩེད་རར་བྱས། འབྲོག་པའི་བུ་རྒོད་གྲོགས་སུ་བསྡོངས། ང་ཡི་བྱིས་དུས་དགོད་བྲོ་ཞིང་བརྗེད་དཀའ་བར་གྱུར། སྟོང་སེམས་མང་ལ་ཁ་དོག་སྣ་ཚོགས་བཀྲ། ངས་ནེམ་ནེམ་སྤང་ལྗོངས་གདན་དུ་བཏིང་། འབྲོག་མོ་ཨ་མའི་འོ་མ་བཞོ་སྒྲ་ལ་ཉན་བཞིན་སྐད་ཅིག་ཉིད་ལ་ང་ནི"གཡག"ཅེས་དཔའ་ཡོད་ཀྱིས་ཐོས་ན་ཕྱི་བཤོལ་དང་། དཔའ་མེད་ཀྱིས་ཐོས་ན་ཕྱི་བལྟས་མེད་པར་བྲོས་འགྲོ་བ་ཞིག་ཚར། གཞན་ལ་ངོམ་ན་ངོ་མི་ཚ། རང་གིས་ཉར་ན་ཡིད་མི་ཕམ། རྭ་རྩེ་རྣོ་བ་རལ་གྲི་དང་། རྭ་རྩ་སྦོམ་པ་སྡོང་རྒན་འདྲ་བའི"གཡག་རྭ"འདིས་ང་ལ་གཟི་བརྗིད་ཀྱི་མཚན་སྙན་དང་རང་དབང་གི་བདེ་བ། ཡིད་ཆེས་ཀྱི་སྤོབས་པ་མང་པོ་བྱིན་པས་ངས་ཀྱང་སྲ་བའི་བྲག མཐུག་པོའི་སྤང་། ཟབ་པའི་ཆུ་ལ་རྭ་རྩེ་བརྡར། རྭ་རྩལ་སྦྱངས་བས་མུ་མེད་ཀྱི་འབྲོག་ཐང་འདི་ནས་ང་ལ་ཡིད་སྨོན་ཀྱི་མིག་མདའ་འཕེན་མཁན་ནི་ཇེ་མང་དུ་གྱུར།
ངས་རང་ཉིད་དང་ནོར་གནག་གི་འཚོ་སྡོད་དང་། འཕེལ་རྒྱས་ཀྱི་ཆེད་རང་ནུས་ཅི་ཡོད་ཀྱི་ནུས་པ་འདོན་མྱོང་ཡོད་དེ། སྟག་གཟིག་དོམ་དྲེད་སོགས་གཅན་གཟན་གདུག་པ་ཅན་ལ་ངས་ང་ཤི་ཁྱོད་གསོན། ཁྱོད་ཤི་ང་གསོན་གྱི་སྲོག་དམར་པོ་འབེན་ལ་བཞག་མྱོང་ཡོད། མ་རུང་གི་དགྲ་བགེགས་མང་པོ་ཞིག་ང་ཡི་རྣོ་ངར་གྱི་རལ་གྲི་འདྲ་བའི་རྭ་རྩེ་ལ་བསྐྱོན་ལ་?ག་པས་བརྫིས་མྱོང་། འཐབ་འཛིང་གི་ཁྲོད་ང་ལ་རྨས་སྐྱོན་མང་པོ་ཐེབས་མྱོང་ལ་ཟུངས་ཁྲག་དྲོན་མོས་དཀར་བའི་གངས་རིའི་ཁ་དོག་བསྒྱུར། ང་ཡི་སྤུན་ཟླ་མང་པོ་ཞིག་མགོ་བོ་གངས་རི་ལ་གཏད་ནས་འགྱེལ་སྐབས་ང་ལ་སྨྲེ་ངག་དང་འཁང་ར་ཅི་ཡང་མེད། ང་ཡི་གདེང་འཇོག་དང་སྤོབས་པ་ཇེ་ཆེ། ང་ཡི་རྭ་རྩེ་ཇེ་རྣོ། རྭ་རྩ་ཇེ་སྦོམ། ངས་མ་རུང་དགྲ་བགེགས་དང་བཙན་འཛུལ་པ་ལས་རྣམ་པར་རྒྱལ་བའི་སྐབས་སུ་ང་དང་ཐག་མི་རིང་བའི་ཉི་ཟླ་སྐར་གསུམ་ལ་མགོ་བོ་བཏེགས་ནས་ཡང་ཡང་ལྟ་བ་དང་། གངས་རི་དང་རྩྭ་ཐང་། སྦྲ་གུར། མཚེར་ས་ལ་མགོ་བོ་ཡང་ཡང་དུད་བཞིན་ཡོད།
སྔོན་བསགས་ཀྱི་ལས་འབྲས་སམ་ཡང་ན་ཡིད་ཆེས་ཀྱི་དད་པ་གང་ཡིན་མ་ཤེས་ཀྱང་ང་ནི་ཕྱི་ཕྱོགས་ཀྱི་དགྲ་བོ་ལ་དཔའ་མི་ཞུམ་ཡིད་མི་ཁུམ་ཡང་ངས་བདག་པོ་ཡི་ངག་ལ་ཧ་ཅང་བརྩི་བ་ཡིན། བདག་པོས་ང་ལ་བཞག་པའི་ལས་འགན་ངས་ནམ་ཡང་ཁེངས་དྲེགས་དང་ང་རྒྱལ་ཅི་ཡང་མེད་པར་དང་ལེན་བྱེད་བཞིན་ཡོད། དགུན་གསུམ་གྱི་གྲང་ངར། དབྱར་གསུམ་གྱི་ཚ་བ། སྟོན་གསུམ་གྱི་བུ་ཡུག དཔྱིད་གསུམ་གྱི་ཁ་ཆར་གྱིས། ང་ལ་འཇིགས་སྣང་སྟེར་མ་ཐུབ་པས་གངས་རི། རྫ་རི། སྤང་རི་ལ་ངས་རྐང་རྗེས་བཞག་མ་མྱོང་ས་མེད། མུ་མེད་རྩྭ་ཐང་གི་ས་ཁུག་རེ་རེ་དང་། ཁ་བ་བུ་ཡག་གི་མཚན་མོའི་ཐེངས་རེ་རེར་ང་རྔུལ་ཆུ་བཞུར་མ་མྱོང་ས་མེད། ངས་ཆུ་ཆེན་ལ་རྐྱལ་རྩལ་ངོམ་པ་དང་ཆུ་ཆུང་ལ་རྐང་འབོག་བྱེད་མྱོང་བས། འབྲོག་ཁྱིམ་གྱི་སྦྲ་གུར་གང་དུ་ཡོད་ན་ང་ཡང་དེ་རུ་ཡོད།
ང་དང་བདག་པོས་དཀྱུས་མ་མ་ཡིན་པའི་མཐོ་སྒང་གི་གནམ་གཤིས་འགྱུར་ལྡོག་དང་བསྟུན་ཆེད་དགུན་ཟླ་གསུམ་དམའ་བའི་རོང་ལ་སོང་། དཔྱིད་ཟླ་གསུམ་དྲོ་བའི་རི་ཁུག་ལ་སོང་། མཚེར་ས་གང་དུ་སྤོས་ན་ང་ཡང་གང་དུ་འགྲོགས། འབྲོག་ཁྱིམ་ལ་མཚོན་ན་ང་ནི་མེད་དུ་མི་རུང་བ་ཞིག་དང་། ང་ལ་བལྟས་ན་འབྲོག་ཁྱིམ་ནི་ང་ཡི་རྣམ་ཤེས་བཅོལ་ས་ཡིན།
ངས་རང་ནུས་ཅི་ཡོད་ཀྱིས་བདག་པོ་ལ་ཞབས་འདེགས་སྒྲུབ། ང་ཡི་ཚེ་འདིའི་ནང་ཐེངས་འགའ་ཕྱོགས་བཞིར་ཁ་བས་གཡོགས་པའི་འཇིག་རྟེན་ནས་བདག་པོ་དང་མཉམ་དུ་རང་བྱུང་ཁམས་ལ་འཐབ་རྩོད་བྱས། རང་ཉིད་ཀྱི་སྤུན་གྲོགས་མང་པོ་ཞིག རྣམ་ཤེས་ཁ་བས་ཁྱེར་སོང་ཡང་ང་དང་བདག་པོས་ཁ་བ་ལ་འཁང་ར་མེད་ཀྱང་ཤི་འཇུ་རོ་འཐམ་གྱིས་རང་བྱུང་ཁམས་འདིར་འཐབ་རྩོད་བྱས་པས་མཐའ་མ་ང་ཚོ་རྒྱལ་སོང་། འབྲོག་ཁྱིམ་གྱི་ཚེ་སྲོག་ནི་ང་ཡི་ཚེ་སྲོག ང་ཡི་ལས་དབང་ནི་འབྲོག་ཁྱིམ་ཞིག་གི་ལས་དབང་ཡིན་པ་ངས་ད་གཟོད་ཤེས་སོང་།
དེ་ལྟར་འབྲོག་ཁྱིམ་འདི་ལ་དབྱར་དགུན་སྟོན་དཔྱིད་མང་པོ་བསྡད་མཐར་སྟོན་མཇུག་གི་དགོང་མོ་ཞིག་ལ་ཐག་རིང་ནས་ཡོང་བའི་མི་གཉིས(ངས་བདག་པོ་ལ་འབྲེལ་བ་ཡོད་མེད་མ་ཤེས་ལ་ཤེས་ཀྱང་མི་འདོད)ལྐོག་ཏུ་ང་ཚོའི་མཚེར་སར་ཡོང་ནས་ང་དང་གཞན་མའི་གཡག་ཞིག་གི་སྐེ་ལ་ཐག་ཞགས་ནག་པོ་བསྐོན་ནས་རྒྱང་རིང་གི་སྨག་རུམ་འཇིག་རྟེན་གཞན་ཞིག་ལ་འཐིམས།
ཨ་ཧོ། འདུས་པའི་མཐའ་མ་བྲལ་བ་དང་སྐྱེས་པའི་མཐའ་མ་འཆི་བ་ཡིན་ཕྱིར། ངས་རང་ཉིད་དུས་དེ་ནས་བཟུང་འབྲོག་ཁྱིམ། མཚེར་ས། ཡུལ་མི་རྒན་གཞོན་ཀུན་དང་ཁ་བྲལ་ཞིང་། ཤ་རུས་པགས་པ་ཁ་ཁར་བཟོས་ནས་འཇིག་རྟེན་འདི་དང་ཁ་བྲལ་བ་ནི་ཅི་ལ་ཤེས། ངས་རང་ཉིད་ཀྱི་ཚེ་འདིའི་བགྲོད་ཤུལ་ལ་འདང་རྒྱག་དེ་ལྟར་བྱས་རྗེས་ད་ལྟ་རང་ཉིད་རྒྱང་རིང་གི་ཡུལ་དང་། རྒྱུས་མེད་ཀྱི་གནས་འདི་ན་གནམ་གཤིས་དྲོ་ལ། འབོལ་འཇམ་གྱི་མལ་སྟན་ཡོད་ཀྱང་རྩྭ་ཐང་། གངས་རི། མཚེར་ས། འབྲོག་ཁྱིམ་མ་གཏོགས་ཡིད་ལ་འཁོར་རྒྱུ་མི་འདུག དེ་བས་ངས་ཡིད་སྐྱོ་ལ། སེམས་ཕམ་པའི་ཁེར་རྐྱང་གི་འཚོ་བ་འདི་སྤྱོད་ཐབས་དཀའ།
དེང་རབས་ཀྱི་འཚོ་བ་རོལ་བའི་མི་རྣམས་ཀྱིས་ང་ལ་མཛེས་པའི་ལྭ་བ་བསྐོན། དཀར་བའི་མཛེས་དཀར་བྱུགས། ཟོལ་བཅོས་ཀྱི་ཁོར་ཡུག་གནང་ཡང་འདུག་ཐབས་བྲལ། ངས་འོ་དོད་བྱས། གནམ་རྒན་མ། ཁྱོད་ཀྱིས་ང་ཡི་གོམས་གཤིས་ལ་བརྩི་བཀུར་བྱེད་རོགས། ང་མཐོ་སྒང་ནས་ཡོང་བ་ཡིན། ང་ལ་ཡིད་ཆེས་ཀྱི་དད་པ་ཡོད། ང་ཡི་ལུས་ལ་རྩྭ་ཐང་མ་མའི་དྲོད་འཇམ་ད་དུང་ཡལ་མེད། གངས་རི་དཀར་པོའི་གཤིས་སྤྱོད་ད་དུང་རྫོགས་མེད། མར་དྲི་དང་འོ་དྲི། རྩམ་དྲི་ཡལ་སོང་ན་ང་ཡི་ཚེ་སྲོག་གང་ནས་རྙེད། ཤིང་སྡོང་གི་རྩ་བ་ལྟ་བུའི་རི་མོ་ཡལ་བ་དང་སྲ་འཁྲེགས་གོར་མོ་?་ལྟ་བུའི་སྤུས་ཚད་མེད་སོང་ན་ང་ཡི་རིན་ཐང་གང་ནས་བཙལ། འབྲོག་ཁྱིམ་དང་མཚེར་ས། གནག་རྫི་བུ་མོའི་གླུ་དབྱངས་མེད་པའི་ས་ནས་ང་ཡི་རྣམ་ཤེས་ཇི་ལྟར་འགྲོ།
ཀྱེ་མ། ཚོང་རའི་དཔལ་འབྱོར་གྱི་རླབས་ཕྲེང་ནང་ང་ཚོང་ར་མང་པོ་བརྒྱུད་དེ་རྒྱུས་མེད་ཀྱི་གནས་འདིར་ཐོན་ནས་ད་དུང་གནས་ངེས་མེད་དུ་བགྲོད་དགོས་པ་སེམས་ལ་གསལ་པོ་ཡོད། འགའ་ཞིག་གིས་ང་ནི"རིགས་རྒྱུད་རི་མོ"ལྟ་བུ་ཞིག་ལ་ངོས་བཟུང་ནས་རྩ་ཆེན་རི་དྭགས་རྣམས་ཀྱི་རྭ་ཅོའི་གྲལ་དུ་བཀོད། ཡང་ལ་ལ་ཞིག་གིས་ང་ནི་འཇིག་རྟེན་ན་ཆེས་དཀོན་པའི་རིན་པོ་ཆེ་ཞིག་ལ་ངོས་འཛིན་ནས་ཉར་ཚགས་བྱས། གང་ལྟར་ང་ནི་རི་མོ་བ་རྣམས་ཀྱིས་ཚོས་བཀྲ་ས། བསྡུ་ཉར་མཁན་རྣམས་ཀྱིས་བརྩེ་དུངས་ཆེ་ས། སྒྱུ་རྩལ་པ་རྣམས་ཀྱིས་ལྷག་པར་དུ་དཔོག་པར་དཀའ་བའི"སྒྱུ་རྩལ"ཞིག་ཏུ་བརྩིས་ནས་ང་ལ་དགའ་བའི་བདེ་བ་སྟེར་ཡང་། དོན་ངོ་མ་ང་ནི་མཚོ་བོད་མཐོ་སྒང་གནའ་བོའི་མི་རིགས་ཤིག་གི་རྣམ་ཤེས་འཁྲི་ས་ཡིན། ང་ཡི་རྭ་དཀྱུས་རིང་བ་ཁ་བ་ཅན་གྱི་སྙིང་རུས་ཀྱི་རྟགས་མཚན། ང་ཡི་རྩེ་མོ་མཐོངས་ཀྱི་ཉི་ཟླའང་ཐང་ལ་ལེན་པའི་རང་རིགས་ལྗོངས་ཀྱི་སྙན་གྲགས་དང་གཟི་བྱིན་གྱི་ཚབ་བྱེད། ང་ཡི་རྩ་བ་སྦོམ་པོ་སྡོང་རྒན་འདྲ་བ་དེ་བོད་ཀྱི་རིག་གནས་འདི་གཏིང་ཟབ་པ་དང་རྒྱ་ཆེ་བའི་མངོན་རྟགས། རྭ་ཚིགས་ཕྲེང་བ་བགྲང་གིས་མི་ལང་བ་འདི་འདས་ཟིན་པའི་ལོ་རྒྱུས་ཀྱི་བདེན་དཔང་། ཁ་དོག་ནག་ལ་རྩུབ་ཤས་ཆེ་བ་འདི་ནང་དཀར་མདངས་ཀྱི་མཚོན་རྟགས་མ་ཡིན་ནམ། མདོར་ན་ང་ལ་ཡིད་ཆེས་དང་སྤོབས་པ། རང་དབང་གི་བདེ་བ་སྟེར་བ་དང་། ངས་དཀར་པོ་དགེ་བའི་ལས་འདི་ཇེ་དར་དང་ཇེ་རྒྱས། རྒྱལ་ཁམས་བདེ་སྐྱིད་དང་ཞི་བདེ། མི་རིགས་མཐུན་སྒྲིལ་དང་ཧུར་བརྩོན་ཡོང་བའི་ཁ་གཡང་ནི་ཧེ་མ་ལ་ཡ་བཞིན་མཐོ་ལ་ཆུ་བོ་ཡར་ཀླུང་གཙང་པོ་ལས་ཀྱང་བཞུར་རྒྱུན་རིང་། ཡིན་རྒྱུ་ནི་ང་ཡི་སྙིང་གར་ད་དུང་མ་ཎི་འབྲུ་དྲུག་གི་རང་སྒྲ་སྒྲོག་བཞིན་ཡོད།
རྩོམ་སྒྲིག་འགན་འཁུར་བ། ཀུན་ཁྱབ། ལྷ་གཡང་ནོར་བུ།