ལས་ཀྱི་དབང་གིས་ང་ཡུལ་ཤུལ་ཆེད་སྦྱོང་འཛིན་གྲྭ་རུ་སློབ་གཉེར་བྱེད་དགོས་བྱུང་། དེ་དུས་ཕལ་ཆེར་དབྱར་མཇུག་རེད། ང་རང་ཡུལ་ཤུལ་ཟེར་བའི་ཆ་མེད་རྒྱུས་མེད་ཀྱི་ས་འདི་རུ་ཐོན་སོང་། འདི་ནི་ཕལ་ཆེར་ང་ཚོ་ཚང་མས་ཁས་ལེན་པའི་ལས་དབང་ཟེར་བ་དེ་ཡིན་ཤས་ཆེ།
ཡུལ་ཤུལ་ནི་སྔོན་ཆད་ཡུལ་མི་ཚོས་བཤད་པའི་རྫོང་ཆུང་ཆུང་ཞིག་མ་ཡིན་ལ་དམུ་རྒོད་གཏུམ་དྲག་གི་གནས་ཤིག་དེ་བས་ཀྱང་མ་རེད། དེ་ནི་མཐའ་འཁོར་རི་བོས་བསྐོར་བའི་གྲོང་ཁྱེར་ཆེན་པོ་ཞིག་ཆགས་ཡོད་ལ་བོད་མིའི་ཁྱད་ཆོས་ལྡན་པའི་འབྲོག་ས་འབྲོལ་ཡུལ་ཞིག་ཀྱང་རེད། དེ་རུ་འབིས་རྣམ་པར་སྣང་མཛད་དང་མཆོད་རྟེན་དཀར་འཕེལ། ད་དུང་འཛམ་གླིང་སྟེང་སྐད་གྲགས་ཆེ་བའི་རྒྱ་ནག་མ་ཎི་?་བརྩེགས་ཆེན་མོ་སོགས་གནས་འགངས་ཆེན་མང་པོ་ཡོད་ལ། དེའི་ཁོ་ར་ཁོར་ཡུག་མཛེས་སྡུག་ཡིད་དུ་འོང་བ་ཞིག་རེད། ཡིན་ནའང་མི་རྣམས་ཀྱིས་ཡིད་སྨོན་བྱེད་སའི་ལྷ་ཡུལ་ལྟ་བུའི་གནས་མཆོག་དེ་སྐད་ཅིག་དེ་ཉིད་ལ་རྡུལ་དུ་བརླགས་སོང་། འདི་འདྲའི་བློ་ཡུལ་ལས་འདས་པའི་གོད་ཆག་ཆེན་པོ་ཞིག་གིས་བཟོད་ནུས་སམ། སུ་ཞིག་གིས་དང་ལེན་བྱེད་ཕོད་དམ། འདིའི་ཡོད་ཚད་ཀྱི་ཡོད་ཚད་རྨི་ལམ་ཞིག་དང་ཧ་ཅང་མཚུངས། གལ་ཏེ་གོད་ཆག་འདི་དངོས་གནས་རྨི་ལམ་ཞིག་ཡིན་ན་ཅི་མ་རུང་།
2010ལོའི་ཟླ་4ཚེས་14ཉིན་གྱི་ཞོགས་པ་དེར་ཡོད་ཚད་ནམ་རྒྱུན་དང་འདྲ་བར་སློབ་གྲོགས་མང་ཆེ་ཤོས་ཀྱིས་སློབ་ཁང་དུ་དཔེ་ཀློག་བྱེད་བཞིན་མཆིས། ལ་ལས་མལ་ཁང་དུ་ནངས་ཇ་འཐུང་གིན་འདུག ཚང་མ་བག་ཕེབས་ངང་ཡོད་པའི་སྐབས་དེར་གློ་བུར་དུ་ལྡིར་སྒྲ་ཆེན་པོ་ཞིག་དང་མཉམ་དུ་རྐང་མཐིལ་གྱི་ས་ལྕུག་ལྕུག་འདར་བྱུང་། སློབ་གྲོགས་ཚོ་མ་གྲོས་གཅིག་མཐུན་གྱིས་སློབ་ཁང་གི་སྒོ་དམིགས་ནས་རྒྱུགས། ཡིན་ནའང་སའི་འགུལ་ཚད་ཆེ་བས་ཁང་སྒོ་འབུད་རྒྱུ་ཡང་ལས་སླ་མོ་ཞིག་མ་རེད། ང་ཚོ་ཚང་མ་གོག་མ་ནུར་གྱིས་སྒོར་འབུད་དུས་མིག་གིས་ཅི་ཡང་མཐོང་རྒྱུ་མི་འདུག་ལ་ཕྱོགས་བཞི་ཐམས་ཅད་ས་རྡུལ་ཀྱིས་བཀབ་པས་ས་རུབ་པ་དང་གཉིས་སུ་མ་མཆིས། ཅུང་ཙམ་འགོར་རྗེས་ས་རྡུལ་རིམ་གྱིས་དྭངས་སོང་། ཡིན་ནའང་ས་རྡུལ་དྭངས་ཤུལ་གྱི་ཡུལ་ཤུལ་ནི་སྔོན་ཆད་ཀྱི་མཛེས་ལྗོངས་དེ་ག་ལ་ཡིན། ས་རྡུལ་དྭངས་ཤུལ་དུ་མཐོང་བ་ནི་ཁང་པ་ཐམས་ཅད་ཀྱི་གྱང་རོ་རེད་ལ་རྣ་ལམ་དུ་རྒྱུ་འོང་བ་ནི་མི་རྣམས་ཀྱིས་བཟོད་གླགས་བྲལ་བའི་ན་ཟུག་གི་འཁུན་སྒྲ་རེད། དེ་ལྟར་སྙིང་རྗེ་བྲལ་བའི་ས་ཡོམ་ཆེན་པོ་དེས་ཁྱིམ་གཞིས་ཁྲི་སྟོང་གི་བདེ་སྐྱིད་ལྡན་པའི་འཚོ་བ་བཅོམ་ཞིང་། མི་རེ་རེའི་སེམས་ཁོངས་སུ་སོས་ཐབས་མེད་པའི་རྨ་ཁ་བཟོས་ཤིང་སེལ་ཐབས་བྲལ་བའི་སྡུག་བསྔལ་ཞིག་བསྐྱལ་བྱུང་།
ཡིན་ནའང་། མི་ཡུལ་འདིར་བརྩེ་ཞགས་འཁྱིལ། མིའི་རིགས་ལ་བྱམས་སེམས་ལྡན་པས་ས་ཡོམ་བྱུང་བའི་ནངས་མོ་དེར་རྒྱལ་ནང་གི་ས་ཆ་སོ་སོ་ནས་དངོས་ཟོག་བསྐྱལ་ནས་གནོད་ཐེབས་ས་ཁུལ་དུ་འབྱོར། དང་བླངས་པ་མང་པོས་ནུས་ཤུགས་ཡོད་དགུ་བཏོན་ཏེ་གྱང་རོའི་འོག་ན་ཡོད་པའི་ཉམ་ཆུང་གི་ཚེ་སྲོག་རེ་རེ་སྐྱོབ་ཀྱིན་འདུག འདི་དག་ཐམས་ཅད་ནི་མིའི་རིགས་ལ་བརྩེ་བ་ཡོད་པ་དང་མི་རིགས་ལ་ཤ་ཞེན་ཆེ་བས་མིན་ནམ། ཡུལ་ཤུལ་ལགས་སེམས་ཕམ་མི་དགོས། ང་ཚོར་གནས་སྐབས་ཀྱི་རྟེན་གཞི་མེད་ནའང་མི་ཡུལ་གྱི་བརྩེ་བ་ཡོད་པས་ང་ཚོའི་སེམས་ལ་དྲོད་ཁོལ་འཁྱིལ་ངེས། གོད་ཆགས་ཆེན་པོ་དེས་ང་ཚོའི་ཚེ་སྲོག་དང་རྒྱུ་ནོར་མང་པོ་ཞིག་རྩ་བརླག་ཏུ་བཏང་ནའང་ང་ཚོས་ཆེས་རླབས་ཆེ་བའི་མི་ཡུལ་གྱི་བརྩེ་བ་རྙེད་ཡོད།
རྩོམ་སྒྲིག་འགན་འཁུར་བ། ཀུན་ཁྱབ། བསྟན་པ་ཡར་རྒྱས།