ལང་ཚོ་རྫོགས་ལ་གཞོན་ཤ་དོད་པའི་ན་གཞོན་ཚོ། ཁྱེད་ཚོར་ཆ་རྒྱུས་ཤིན་ཏུ་ཆེ་ཞིང་གོམས་འདྲིས་སུ་སོང་བ་ནི་བརྩེ་དུང་ཡིན་ལ། སྙིང་གི་དགའ་ཚལ་དུ་རྟག་པར་གྲོལ་བའི་མེ་ཏོག་རྐང་གཅིག་ཀྱང་ཡིན། རྣམ་ཀུན་ལུས་ཀྱི་གྲིབ་མ་བཞིན་འགྲོགས་ཀྱང་ཁྱེད་ཚོས་བརྩེ་དུང་གི་རིན་ཐང་དང་དེའི་བྲོ་བ་ཅི་འདྲ་ཡིན་པ་ཨེ་རྟོགས།
བརྩེ་དུང་ནི་སུས་ཀྱང་བརླག་མི་ནུས་ཤིང་གང་གིས་ཀྱང་གཞལ་ག་ལ་ཐུབ། སྣང་སྲིད་ཀྱི་ཆོས་ཐམས་ཅད་མཐའ་བཞི་རུ་གཏོགས་ཀྱང་། བརྩེ་དུང་ལ་ཉམས་པ་དང་འཇིག་པ་བྲལ། གཅིག་བྱས་ན་བརྩེ་དུང་ནི་བདེ་སྐྱིད་མཐུན་སྡེབ་ཀྱི་རྩ་བ། ངོ་མཚར་ཕུན་སུམ་ཚོགས་པ་ཐམས་ཅད་ཀྱི་རྨང་གཞི་ཡིན། སྡུག་བསྔལ་གྱིས་གཟེར་བའི་སྐྱེ་བོ་མང་པོ་བདེ་བར་བཀོད་ཅིང་། སྐྱེ་འགྲོ་མང་པོ་ཞིག་གི་ཚེ་སྲོག་ཀྱང་སྐྱབས། སྤྱིར་འཇིག་རྟེན་གྱི་ཁམས་ཆེན་མོར་བདེ་འཇགས་ཀྱི་ལས་མི་ཉུང་བ་ཞིག་ཀྱང་བསྐྲུན། དེ་བས་བརྩེ་དུང་སྐྱེ་འགྲོ་མ་ལུས་འགྲམ་ཆུ་ལྡང་བའི་བྲོ་བ་བཟང་པོ་ཞིག་ཡིན་ཀྱང་། བརྩེ་དུང་གིས་བཟི་དྲགས་པའི་ན་གཞོན་ཕོ་མོ་འགའ་ཞིག་ལ་མཚོན་ན། བརྩེ་དུང་ནི་སྡུག་བསྔལ་དང་འཁོན་སེམས་ཀྱི་གཞི་མ། མི་ཚེའི་འཚོ་བ་བཅོམ་པའི་གདོན་འདྲེ་ཡང་ཡིན། ན་གཞོན་མི་ཉུང་བ་ཞིག་གི་གློ་མཆིན་ན་རྣག་ཁྲག་བཞིན་འཛག་ཅིང་། ལོ་ཆུང་འགའ་ཞིག་གི་ཚེ་སྲོག་ཀྱང་བསླུས། དེར་བརྟེན། བརྩེ་དུང་ལ་ཚྭ་བ་དང་ཁ་བའི་བྲོ་བའང་ཡོད།
གང་ལྟར་ཡང་། བརྩེ་དུང་ནི་རོ་དྲུག་སྤེལ་མའི་བྲོ་བ་ཨ་མཚར་བ་ཞིག་ཡིན་པ་མ་ཟད། སྐྱེ་འགྲོ་ཡོད་དོ་ཅོག་གི་ལུས་སེམས་དང་འབྲལ་ཐབས་མེད་པའི་ཚེ་སྲོག་གི་གཅེས་ནོར་ཞིག་ཀྱང་ཡིན།
མིག་ཆུ་ལས་བ?ལ་བའི་སྙིང་སྟོབས།སྐལ་བཟང་གི་དཔྱིད་དཔལ་རྒྱལ་ཁམས་ཁྱབ་ཅིང་། ལང་ཚོའི་ཆུ་ཀླུང་རྣམ་པར་རྒྱས་ལ། ཕུགས་བསམ་གྱི་རྦ་རླབས་མཁའ་རུ་འཕྱུར་བས། འོད་ཟེར་ཞིག་གི་སླད་དུ།
ཁ་སང་། བདག་ལས་ཀྱི་བསྡུས་པའི་ཕ་ཡུལ་དང་གྱེས་ནས་རྒྱང་རིང་གི་གྲོང་ཁྱེར་ཏེ་ལྔ་རིག་གི་དགའ་ཚལ་འགྲིམ་དུས། གྱེས་གདུང་གི་སྤུ་གྲིས་སྙིང་ཁ་རྨས་ཤིང་མིག་ཟུང་གི་ལྟེང་ཀ་ནས་མཆི་མའི་དོག་པོ་བསྟར་ལ་བརྒྱུད་པས་བཞིན་རས་བརླན་པར་གྱུར།
དེ་རིང་། ཕྲན་ཉིད་སླར་ཡང་ཁ་བའི་ལང་ཚོ་ཉམས་པ་མེད་པའི་གནས་དང་། ནོར་ལུག་ལ་འཚོ་རྟེན་གྱི་སྙིམ་པ་བསྲིངས་པའི་ཕ་ཡུལ་དུ་སླེབས་ཚེ། སྐྱོ་གདུང་དྲག་པོས་སྙིང་གི་འཕར་རྩལ་འགོག་ཅིང་། བཟོད་མེད་ཀྱི་མཆི་མས་མིག་གི་མཐོང་ལམ་སྒྲིབ།
སང་ཉིན། ངས་ཁ་སང་གི་གྱེས་གདུང་དང་དེ་རིང་གི་སྐྱོ་གདུང་སྟེ། གདོང་ཟུར་ལ་ངོ་ལན་སུན་འབྱིན་གྱི་ཆེད་དུ། ཁ་ཆར་བུ་ཡུག་གདོང་གིས་བསུས་ཤིང་། ལ་ལུང་བྱེ་བ་ཕྲག་བརྒྱ་སུག་རྗེས་སུ་བསྒྱུར། བརྩོན་འགྲུས་ཀྱི་གྲུ་གཟིངས་ལ་བརྟེན་ཏེ་མདོ་སྔགས་རིག་པའི་མཚོ་འཇིངས་ནས་ཀུན་འབྱུང་གི་ནོར་བུ་བླངས་ཤིང་། ཕ་ཡུལ་འཛུགས་སྐྲུན་གྱི་བྱ་གཞག་ཁྲོད་ཡལ་མེད་ཀྱི་ཕྱག་རྗེས་འགོད་ལ། རྗེས་ལུས་མུན་པའི་གླིང་ལ་ཚན་རིག་གི་ཉི་གཞོན་འདྲེན་ངེས་ཡིན།〖FL)〗
རྩོམ་སྒྲིག་འགན་འཁུར་བ། ཀུན་ཁྱབ། ལྷ་གཡང་ནོར་བུ།