འཇིགས་རུང་རབ་བྱུང་བཅུ་བདུན་ལྕགས་སྟག་ལོར། །
ཚད་རིམ་བདུན་ལས་བརྒལ་བའི་ས་ཡོམ་ཞིག །
གངས་ལྗོངས་མདོ་སྟོད་ས་ཡི་གཞི་དཀྱིལ་གྱི། །
ཡུལ་ཤུལ་སྐྱེ་རྒུའི་ལུང་པའི་ཕྱོགས་ལ་གཡོས། །
སྐད་ཅིག་ཡུན་ལ་མཛེས་པའི་གྲོང་ཁྱེར་ནི། །
ཐལ་རྡུལ་རླུང་དམར་འཐབ་པའི་གཞི་དཀྱིལ་ན། །
ངུ་འབོད་སྐྱབས་ཞུ་འུར་སྒྲ་སྣ་ཚོགས་ཀྱིས། །
གཤིན་རྗེའི་ཁྲོམ་ལ་སླེབས་པ་ལྟ་བུར་སྣང་། །
དེ་ལྟར་སྔར་མེད་སེམས་ཀྱི་རྨ་ཤུལ་འདི། །
ཡུལ་མི་ཐུན་མོང་ལས་ཀྱིས་བཟོས་པ་ན། །
འཕྲལ་ཕུགས་བདེ་སྐྱིད་སྐྱ་སེར་མཆོག་དམན་གྱིས། །
རྒྱུ་འབྲས་བྱེད་པོ་དེ་ལ་རེ་བར་འཚལ། །
མངོན་བརྗོད་གསར་རྙིང་བརྡ་ཡིས་མ་རྒྱན་པའི། །
ལྷག་བསམ་གཏམ་གྱི་ཁ་ཏ་ནན་མོ་ཞིག །
ཡུལ་སྐད་དཀྱུས་མའི་སྙན་ངག་རིང་མོ་ཡིས། །
རྐྱེན་ངན་ལམ་ནས་གསོན་པའི་གྲོགས་ལ་ལབ། །
བདེན་ན་སོ་སོའི་སེམས་ཀྱི་མཐིལ་དུ་ཞོག །
མ་བདེན་ན་ཡང་སྙིང་གི་སྐད་ཆ་ཡིན། །
བྲིས་པའི་བྱ་བར་ཉེ་རིང་དབེན་པའི་ཕྱིར། །
འཆབ་པའི་ནོངས་པ་ཁོ་བོ་ཅག་ལ་མེད། །
གལ་ཏེ་གྲོས་འདིར་དགེ་རྩ་ཡོད་སྲིད་ན། །
ཕ་ཡུལ་ལུང་པའི་སྐྱེ་བོ་མཆོག་དམན་གྱི། །
འདི་ཕྱི་གནས་སྐབས་བདེ་ལེགས་འབྱུང་བ་དང་། །
ཕུན་ཚོགས་དཔལ་ཡོན་བཞད་པའི་རྒྱུ་རུ་བསྔོ། །
རྩོམ་སྒྲིག་འགན་འཁུར་བ། ཀུན་ཁྱབ། བསྟན་པ་ཡར་རྒྱས།