མཚོ་བོད་ལྕགས་ལམ།

ནག་ཤུལ་ཚུལ་ཁྲིམས་དཔལ་ལྡན། (ཁྲི་འདུ) རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 12-14


མེ་ཏོག་མཚོ་རུ་རྐང་དྲུག་མྱོས་པའི་གླུ་དིར་དིར། །

སྤྲིན་དཀར་གསེབ་ཏུ་ཁྱུང་ཆེན་འགྱུ་བའི་གར་ལྡེམ་ལྡེམ། །

རྒྱུ་སྐར་གྲོང་དུ་མངོན་ཞུགས་མྱོང་ཚོར་གསལ་ལྷང་ལྷང་། །

མཚོ་བོད་ལྕགས་ལམ་དར་དཀར་རིང་མོས་བྲེས་མཛེས་མཛེས། །

རྒྱ་རྫོང་ནགས་ཀྱི་གཡུ་ཡི་གཞོང་ཆེན་སྔོ་ལྗང་ལྗང་། །

བྱང་ཐང་རི་དྭགས་རྩེད་འཇོའི་ལྟད་མོ་གུ་ལྷོད་ལྷོད། །

ཤར་ནུབ་ཡུལ་གྱི་ཆེ་བ་གཅིག་བསྡུས་ཆ་ཚང་ཚང་། །

དངུལ་དཀར་ལྷ་དར་ཡུག་གཅིག་དཔྱངས་འདིས་མངོན་སུམ་སུམ། །


འཛིན་མའི་རྩེ་མོ་ཧི་མ་ལ་ཡའི་དབུ་མཐོ་མཐོ། །

ས་ཡི་གཏིང་མཐིལ་ཆུ་སྲིན་གྲོང་ཁྱེར་ཡངས་ལྷོད་ལྷོད། །

གོ་ལ་གཉིས་སུ་གྲུབ་འདྲའི་རྒྱང་གྲགས་ལམ་རིང་རིང་། །

གཡུ་འབྲུག་འཁྱུག་འདྲའི་གཟུགས་ཀྱིས་སྦྲེལ་བས་ཐག་ཉེ་ཉེ། །


ལྷ་ལྡན་ཕུན་ཚོགས་ཆོས་ཀྱི་དུད་སྤྲིན་སྔོ་སིལ་སིལ། །

ཀླུ་རྒྱལ་དགོས་འདོད་དབྱིག་གི་རང་མདངས་འོད་ལམ་ལམ། །

ལྷན་འཛོམས་མིག་གི་བདུད་རྩིར་འཁྱིལ་བ་གང་མེར་མེར། །

དཔལ་ཡོན་ཟུང་གི་ལྷ་ཡི་ལམ་འདིས་མངོན་འཚེར་འཚེར། །


ཕ་ཡུལ་ལམ་ཐག་རིང་པའི་དྲན་གདུང་ཞེ་སྐྱོ་སྐྱོ། །

གངས་ལྗོངས་དཔལ་ཡོན་གསར་སྤེལ་སྨོན་འདུན་སེམས་བྲེལ་བྲེལ། །

ཨ་ཅེ་རྒྱ་བཟའི་སེམས་གཅོང་གྲུབ་པའི་ཁུར་ལྕི་ལྕི། །

ངར་སྒྲ་སྟོང་ལྡིར་འཁོར་ལོས་སེལ་བས་བདེ་ལྷོད་ལྷོད། །


ལོ་པཎ་མཁན་ཆེན་གཅིག་ཏུ་འདུས་པའི་འུར་ཟིང་ཟིང་། །

གཙུག་ལག་ཁང་དུ་རིག་གཞུང་བསྒྱུར་བའི་དོན་འདས་འདས། །

ཡང་བསྐྱར་དྲན་གསོའི་སྐད་རིགས་སྣ་ཚོགས་སྙན་ཀྱིར་ཀྱིར། །

རྒྱུས་ལོན་རིག་གནས་བགྲོ་ལམ་ཕྱེས་འདིར་བརྙན་གསལ་གསལ། །


དབུས་ཀྱི་ཇོ་བོའི་བྱམས་བརྩེའི་བྱད་གཟུགས་འཛུམ་མུལ་མུལ། །

བས་མཐའི་འབངས་སྡེའི་དད་འདུན་ཐལ་མོ་ཚག་དམ་དམ། །

བསམ་དོན་གཅིག་འགྲུབ་གན་དྷོ་ལ་རུ་ལྷན་འཛོམ་འཛོམ། །

ཡུལ་སྐོར་ལྗོངས་རྒྱུའི་ལམ་ཆེན་འདི་ནས་ཆུ་བཞུར་བཞུར། །


མིའུ་ཐུང་གོམ་འགྲོས་ཞེས་པའི་ལྷ་སྒྲུང་ཡོངས་གྲགས་གྲགས། །

མི་དམངས་སྟོབས་ཀྱི་རྩལ་གྱིས་སྤོས་པའི་གོམ་མྱུར་མྱུར། །

མི་ཡུལ་ས་མཐོའི་གནས་འདིར་གྲུབ་པའི་དོན་བདེན་བདེན། །

ལྟོ་འགྲོའི་ཚུལ་དུ་མྱུར་བཞུད་འཕྲུལ་གྱིས་འཁྱུག་སྐྱེན་སྐྱེན། །


མེས་པོའི་སྲོལ་བཟང་སྤེལ་བའི་རྒྱུད་མངས་སྒྲ་སྙན་སྙན། །

དེང་རབས་འཚོ་བའི་འཕོ་འགྱུར་སྟངས་སྟབས་གར་ཤིག་ཤིག །

ས་འཛིན་སོ་ཡི་ཕྲེང་བས་མ་ཆོད་གཅིག་འདྲེས་འདྲེས། །

མཉམ་འབྲེལ་སྤྲིན་རིས་གསེར་གྱི་པ་ཏྲས་བསྣོལ་མཐུན་མཐུན། །


ཆོས་ལྡན་གསེར་ཏོག་འབར་བའི་གྲོང་ཚོ་སོས་དལ་དལ། །

དབེན་པའི་རི་སུལ་ལྷ་སྒྲུང་རིང་མོས་ཞེ་ཚིམས་ཚིམས། །

འཛམ་གླིང་འཕོ་འགྱུར་ངོ་མཚར་ལྟད་མོའི་གཟུགས་མཛེས་མཛེས། །

སྒེའུ་ཁུང་སྟོང་གིས་གྲུབ་པའི་འཁོར་ལོས་མངོན་མཚར་མཚར། །


ཚོང་དཔོན་བཟང་པོའི་སྐྱེལ་འདྲེན་ཚོང་ལམ་འགག་དོག་དོག །

དད་ལྡན་ཨ་ཅོའི་ཇོ་མཇལ་དབུས་ལམ་ཐག་རིང་རིང་། །

ཁྲུང་ཁྲུང་དཀར་མོའི་འཕྲིན་ཅེར་སྤྲིན་ལམ་མཐའ་བྲལ་བྲལ། །

མཚོ་བོད་མཁའ་རུ་འཕྲེད་བརྐྱངས་ཟམ་པས་ཕྱེས་ཡངས་ཡངས། །


འཁྱག་རོམ་རྒྱ་རུ་ཚུད་པའི་ཉ་མོའི་ལུས་འཁུམ་འཁུམ། །

བདེ་དྲོད་མུན་ཁུང་སྒོམ་པའི་བྱི་བའི་གཉིད་ཡེར་ཡེར། །

དཔྱིད་གསར་སྔུན་བསུའི་གཉིད་སློང་དབྱར་རྔའི་གཟུགས་གོར་གོར། །

སྟོབས་ལྡན་ལྕགས་ཀྱི་ཐལ་དཀར་གོམ་སྒྲས་རྡུལ་འཚུབ་འཚུབ། །


རྩོམ་སྒྲིག་འགན་འཁུར་བ།  ཀུན་ཁྱབ།  བསྟན་པ་ཡར་རྒྱས།



རྩོམ་ཡིག་སྔོན་མ།
མིག་ཆུ།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1