ཨེ་མ་བསྐལ་པ་སྔོན་ནས་མངོན་པར་བྱང་ཆུབ་ཀྱང་། །
སྙིང་རྗེའི་དབང་གིས་སྐལ་མཉམ་གདུལ་བྱའི་ངོར། །
ཚངས་སྤྱོད་དགེ་བའི་བཤེས་ཀྱི་ཚུལ་འཆང་ནས། །
བསྟན་འགྲོའི་ཕན་བདེ་སྤེལ་དེ་སྙིང་ནས་དྲན། །
མཚན་དཔེའི་མེ་ཏོག་གསར་དུ་བཞད་པ་ནས། །
ཚེ་རབས་སྦྱང་པ་སྔོན་སོང་འབྲས་རྟགས་སུ། །
ལྷན་སྐྱེས་ཡོན་ཏན་སྦྲང་རྩིའི་དོག་པ་ཅན། །
པདྨ་དཀར་པོ་ཁྱེད་ཉིད་སྙིང་ནས་དྲན། །
མཚན་ལྡན་བཤེས་གཉེན་བཅུ་ཕྲག་དུ་མ་ལ། །
བསམ་སྦྱོར་དག་པས་ཚུལ་བཞིན་བསྟེན་མཛད་དེ། །
ཐུགས་ཀྱི་བཅུད་དང་གསུང་གི་བདུད་རྩི་ལ། །
ངོམས་མེད་སྤྱོད་པ་ཁྱེད་ཉིད་སྙིང་ནས་དྲན། །
པཎ་གྲུབ་ཚངས་པའི་རལ་ཀློང་ལས་འོང་པའི། །
ཐུན་མོང་ཐུན་མིན་རིག་པའི་གང་གཱ་མ། །
ཟླ་མེད་རྣམ་དཔྱོད་ཧུབ་ཀྱིས་འདྲེན་བཟོད་པའི། །
དྲང་སྲོང་ཛ་ཧུ་གཉིས་པ་སྙིང་ནས་དྲན། །
རྣམ་དག་ཚུལ་ཁྲིམས་གཙང་མའི་ས་གཞི་ལ། །
རིན་ཆེན་བྱང་ཆུབ་སེམས་ཀྱི་ས་བོན་སྨིན། །
ཐོས་བསམ་སྒོམ་པའི་ལོ་ཏོག་གཡུར་ཟ་བས། །
འགྲོ་བའི་དབུལ་བ་སེལ་ཁྱོད་སྙིང་ནས་དྲན། །
ཟས་ཞིམ་མཐོང་བས་བཀྲེས་པ་མི་སེལ་ཞིང་། །
སྨན་དཔྱད་བཀླགས་པས་ནད་པ་མི་སོས་ལྟར། །
ཐོས་དོན་ཉམས་སུ་མ་བླངས་བདག་འདྲ་ལ། །
ཡང་དག་མིག་དཔེ་སྟོན་ཁྱེད་སྙིང་ནས་དྲན། །
སྒྲ་དག་དོན་གསལ་ཚིག་སྦྱོར་ལ་མཁས་ཤིང་། །
རྟོགས་དཀའི་མདུད་རྒྱ་ཐེ་ཚོམ་འཆིང་ཞགས་དང་། །
གདུལ་བྱའི་བློ་མུན་ཅིག་ཅར་གཅོད་མཛད་པའི། །
འཆད་མཁས་སློབ་དཔོན་ཁྱེད་ཉིད་སྙིང་ནས་དྲན། །
གཙུག་ལག་རྩིས་དང་གསོ་རིག་གཞུང་ལུགས་དང་། །
ཀཱ་ཙན་དབྱངས་དང་སྡེབ་སྦྱོར་སྙན་ངག་སོགས། །
ཐུན་མོང་རིག་པའི་གཏེར་གྱི་སྒོ་ཕྱེས་ཏེ། །
མོས་ལྡན་རེ་བ་སྐོང་ཁྱེད་སྙིང་ནས་དྲན། །
སྔོན་བྱོན་རིག་འཛིན་བརྒྱུད་པ་ལས་འོངས་པའི། །
གསང་ཆེན་གསང་བ་ཟབ་མོའི་མཛོད་འཛིན་ཅིང་། །
སྨིན་གྲོལ་བདུད་རྩིའི་གྲུ་ཆར་འབེབ་མཁས་པའི། །
?་རྗེ་སློབ་དཔོན་ཁྱེད་ཉིད་སྙིང་ནས་དྲན། །
སྔོན་གྱི་ལས་དང་འཕྲལ་རྐྱེན་གྱིས་བསྐྱེད་པའི། །
འཆི་བདག་སྲིན་པོའི་ཁ་རུ་ཚུད་པ་ཡི། །
ཉམས་ཐག་ནད་པ་མང་པོའི་སྲོག་བསྐྱབས་པའི། །
སྨན་པའི་རྒྱལ་པོ་ཁྱེད་ཉིད་སྙིང་ནས་དྲན། །
སྨན་གྱི་སྦྱོར་སྡེ་རིན་ཆེན་བཙོ་བཀྲུ་སོགས། །
རྒྱུད་དང་དེ་ཡི་དགོངས་འབྲེལ་ཚད་ལྡན་གྱི། །
མཐོང་བ་བརྒྱུད་པའི་ཕྱག་བཞེས་ཇི་བཞིན་དུ། །
འཁྲུལ་མེད་ལག་ལེན་བསྟར་ཁྱེད་སྙིང་ནས་དྲན། །
སྔར་མ་གྲགས་པའི་སྙིགས་མའི་ནད་རིགས་ལ། །
རོ་ནུས་ཞུ་རྗེས་ནུས་པ་ལེགས་བསྡེབས་པའི། །
སྨན་གྱི་སྦྱོར་བས་འཚོ་དཀའ་བཅོས་བརྡུག་གི །
ནད་དཔུང་འཇོམས་པའི་དྲང་སྲོང་སྙིང་ནས་དྲན། །
ལུས་ཅན་ཚེ་སྲོག་རིང་དུ་འཚོ་མཛད་ཅིང་། །
འཆི་བདག་དཔུང་ལས་རྣམ་པར་རྒྱལ་བ་ཡི། །
གྲགས་སྙན་ཕྱོགས་ཀྱི་ཁོར་ཡུག་ཡོངས་ཁྱབ་པའི། །
དྲང་སྲོང་ཆེན་པོ་ཁྱེད་ཉིད་སྙིང་ནས་དྲན། །
བརྩེ་ཆེན་མཁའ་ལ་ལུང་རིག་ཆུ་འཛིན་འཁྲིགས། །
ཡང་དག་རིག་པའི་གནས་ཀྱི་སྦྲང་རྩིའི་ཆར། །
འཛམ་གླིང་ཐ་གྲུ་ཀུན་ཏུ་འབེབས་མཛད་པའི། །
མཁས་མཆོག་སླུ་ཡི་དབང་པོ་སྙིང་ནས་དྲན། །
མ་དག་བསལ་དང་མ་ཚང་ཁ་སྐོང་ཞིང་། །
རྒྱུད་དང་རྒྱ་གཞུང་ཚད་ལྡན་ལ་བརྟེན་པའི། །
བསྟན་བཅོས་མང་པོ་ཉིད་ཀྱི་རྒྱལ་ཚབ་ཏུ། །
གནང་མཛད་བཀའ་དྲིན་ཅན་ཁྱེད་སྙིང་ནས་དྲན། །
ཞིང་དང་དུས་འདིའི་བདག་སོགས་གདུལ་བྱ་རྣམས། །
རིང་དུ་དོར་ཏེ་དག་པའི་ཞིང་གཞན་དུ། །
གཤེགས་པའི་གདུང་བ་དྲག་པོ་མི་བཟོད་པས། །
ཉིན་མཚན་ཀུན་ཏུ་མགོན་ཁྱེད་སྙིང་ནས་དྲན། །
ཞི་དུལ་སྐུ་ཡི་ཆ་ལུགས་མིག་ལ་འཆར། །
དོན་ལྡན་གསུང་གི་སྒྲ་དབྱངས་རྣ་ལ་གྲགས། །
བྱམས་བརྩེའི་ཐུགས་ཀྱིས་བསྐྱངས་པ་ཡིད་ལ་ཤར། །
ཅི་ལ་བསམས་ཀྱང་ཁྱེད་ཉིད་སྙིང་ནས་དྲན། །
དེ་ལྟར་བླ་མ་དྲན་པའི་གདུང་དབྱངས་འདི། །
མགོན་ཁྱེད་དག་པའི་ཞིང་ཁམས་གར་བཞུགས་ཀྱང་། །
མི་ལས་འདས་པའི་ཟག་མེད་སྙན་དབང་གིས། །
གསན་ནས་མཉེས་བཞིན་རྗེས་སུ་འཛིན་པར་གསོལ།
།བདག་སོགས་འདི་ནས་ཚེ་རབས་ཐམས་ཅད་དུ། །
ཡང་དག་དགེ་བའི་བཤེས་དང་མ་འབྲལ་ཞིང་། །
ལུང་རྟོགས་ཆོས་ཀྱི་དགའ་སྟོན་ལོངས་སྤྱད་ནས། །
དོན་གཉིས་ལྷུན་གྲུབ་རྒྱལ་བའི་དབང་པོར་ཤོག །
རྩོམ་སྒྲིག་འགན་འཁུར་བ། ཀུན་ཁྱབ། ལྷ་གཡང་ནོར་བུ།