ཀ་ནས་ཡང་དག་ས་མཐོ་གངས་ཅན་ལྗོངས། །
ཁ་དོག་རྣམ་ལྔ་མེ་ཏོག་རྣམ་པར་བཀྲ། །
ག་ལེར་བསམས་ན་རིག་པ་དྭངས་པ་ལ། །
ང་ཚོའི་ས་མཐོ་གངས་ཅན་ཡུལ་ལྗོངས་མཛེས། །
ཅ་ཅོའི་འཆལ་གཏམ་མང་པོ་མ་སྨྲ་ཞིང་། །
ཆ་ལུགས་ངན་པ་དོར་ནས་ལེགས་ཆ་བླངས། །
ཇ་ཆང་དགའ་སྟོན་སྤྲོ་སྐྱིད་ལྡན་པ་དེ། །
ཉ་གང་ཟླ་བ་ཡར་ཚེས་བཞིན་དུ་འཕེལ། །
ཏ་ཐཱ་ག་ཏའི་བསླབ་སྤྱོད་རབ་ཏུ་གཙང་། །
ཐ་མལ་སྤྱོད་པ་ཉེ་འཁོར་བཙོག་པ་རྣམས། །
ད་ལྟ་མྱུར་དུ་གཙང་མར་བཟོ་རན་འདུག །
ན་ཚ་སྔོན་འགོག་གཞི་མ་གཙང་སྦྲ་ཡིན། །
པ་ཏྲ་ལྟ་བུའི་གད་སྙིགས་དྲར་ཚུད་པ། །
ཕ་རོལ་གཞན་དང་རང་གི་ལུས་ལ་གནོད། །
བ་མོར་ཉི་ཟེར་ཕོག་བཞིན་རབ་གཙང་བྱ། །
མ་ལུས་ཡང་དག་གནོད་མེད་ས་ཆར་མཇོག །
ཙ་རི་ཏྲ་དང་གངས་དཀར་ཏི་སེ་སོགས། །
ཚ་གྲང་གནས་རྣམས་ནམ་ཡང་དྭངས་གཙང་ལ། །
ཛ་རེ་ཛོ་རེ་མ་བཟོ་སྤུན་ཟླ་རྣམས། །
་སྐྱེས་སྲོག་ཆགས་སོགས་ལ་སྲུང་སྐྱོབ་མཛོད། །
ཞྭ་གོས་ལྷམ་བཅས་ལུས་ཀྱི་གཙང་སྦྲ་བྱོས། །
ཟ་འཐུང་སྔོན་རྗེས་ཁ་ལག་ཆུར་བཀྲུ་དགོས། །
འ་ཅག་རྣམས་ཀྱི་ལུས་གོས་གཙོག་པ་དེ། །
ཡ་རབས་སྤྱོད་ལྡན་གཞན་བཞིན་བཀྲུ་དགོས་རེམ། །
ར་རྫི་ལུག་རྫི་ཚོས་ཀྱང་དང་ལེན་མཛོད། །
ལ་ལུང་རིས་མེད་ཕོ་མོས་ཕྱག་དར་དགོས། །
ཤ་རུས་གདུང་རྒྱུད་གཅིག་པའི་བོད་མི་ཚོས། །
ས་ཆ་ཉེ་འཁོར་རྣམ་ཀུན་གཙང་མར་གྱིས། །
ཧ་ཅང་མ་ལྷོད་མྱུར་དུ་བརྩོན་ཅིག་ཨང་། །
ཨ་མཆོད་རྣ་བས་ཉོན་ལ་ལག་ལེན་གྱིས། །
ཧ་ཅང་མ་གུས་ཚིག་སོགས་མཆིས་གྱུར་ན། །
ཨ་མཚར་རྩེད་མོ་ཀུ་རེ་ཡིན་པར་ཤོག །
གཙང་སྦྲ་བྱས་ན་རང་ཅག་ནམ་ཡང་དགའ། །
ཟས་རྣམས་རྟག་པར་གཙང་ན་རང་གཞན་དགའ། །
ནགས་ཚལ་རྩྭ་སྤང་ལྡན་པས་ཐམས་ཅད་དགའ། །
བསྐལ་བཟང་བླང་བྱར་ཀུན་གྱིས་ཡིད་འཇོག་མཛོད། །
རྩོམ་སྒྲིག་འགན་འཁུར་བ། ཀུན་ཁྱབ། བསྟན་པ་ཡར་རྒྱས།