ཟོལ་མེད་སེམས་ཀྱི་འབོད་སྐུལ།

ཨ་ཁུངས་བསོད་ནམས་ཆོས་འཕེལ། (འབྲི་སྟོད) རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 12-14


ཀ་རྟེན་གདུང་ལྕམ་མེད་པའི་སློབ་ཁང་དུ། །

ཁ་ནས་དཔེ་ཀློག་བྲེལ་བའི་སྐལ་མཉམ་གྲོགས། །

ག་ས་གང་ནས་རང་གཞན་ཕན་སླད་དུ། །

ང་རྒྱལ་སྤངས་ཏེ་རིག་པའི་གནས་ལ་བརྩོན། །

ཅ་རེར་སློབ་ལ་བརྩོན་པའི་ཕུགས་བསམ་ནི། །

ཆ་ཡའི་སྡེབ་སྦྱོར་འབྲི་ཤེས་ཙམ་མིན་པར། །

ཇ་ཆང་ལོངས་སྤྱོད་འཛོམས་པའི་རང་ཡུལ་འདི། །

ཉ་གང་ཟླ་བཞིན་འཕེལ་རྒྱས་བྱེད་ལ་བརྩོན། །

ཏ་ལའི་ལོ་འདབ་རྒྱས་འདྲའི་ཡུལ་ལྗོངས་ནས། །

ཐ་དད་བགྲང་ཡས་གངས་ཅན་བློ་གསལ་ཚོགས། །

ད་ནི་རང་རིགས་ཕན་པའི་བྱ་བ་ཞིག །

ན་གེ་ནོག་གེ་མེད་པར་ཡང་དག་བརྩོན། །

པ་སངས་མདངས་ལྟར་དཀར་བའི་ལྷག་བསམ་ཅན། །

ཕ་མ་སོགས་ཀྱི་ཞལ་གསུང་རེ་འདོད་བཞིན། །

བ་གླང་ལྟ་བུ་རྨོངས་པའི་སྐྱོན་དོར་ཏེ། །

མ་འོངས་གངས་ལྗོངས་གསར་བའི་དོན་དུ་བརྩོན། །

ཙ་རི་གནས་བསྐོར་བྱེད་པའི་བརྩོན་སེམས་ལྟར། །

ཚ་གྲང་ངལ་བས་མནར་བ་ཁྱད་བསད་དེ། །

ཛ་དྲག་བླུན་པོའི་སྤྱོད་པ་ཡོངས་སྤངས་ནས། །

་མོའི་གཡོ་སྒྱུ་མེད་པར་སློབ་ལ་བརྩོན། །

ཞྭ་གོས་ཆ་ལུགས་སྤྱོད་པ་རྩིང་པོ་དང་། །

ཟ་དགའ་གཉིད་སྐྱིད་ལེ་ལོ་ཀུན་དོར་ཏེ། །

འ་འུར་མེད་པ་རང་གི་མི་རིགས་འདི། །

ཡ་མཚན་ཚན་རིག་ཕྱོགས་ལ་འཁྲིད་པར་བརྩོན། །

ར་བ་གངས་ཅན་འཕེལ་འགྲིབ་གླེང་བའི་ཚེ། །

ལ་རྒྱའི་འཕར་རྩ་དམར་པོ་སྙིང་ལ་ལྡང་། །

ཤ་ཁྲག་རུས་རྒྱུད་གཅིག་པའི་རིགས་ཅན་ཚོགས། །

ས་ཕྱོགས་གང་དུ་གནས་ཀྱང་ཕན་པར་བརྩོན། །

ཧ་ལམ་ཙམ་གྱི་ཕན་ཞིག་ཡོང་རེ་ནས། །

ཧ་ཅང་དཀར་བའི་ལྷག་བསམ་མཚོན་བྱའི་ཕྱིར། །

ཨ་མཚར་རྩེད་མོ་སྤངས་ཏེ་སྙིང་གི་གཏམ། །

ཨ་ཤེ་དཀར་པོ་ཞིག་གི་ཚབ་ཏུ་ཕུལ། །

རྩོམ་སྒྲིག་འགན་འཁུར་བ།  ཀུན་ཁྱབ།  ལྷ་གཡང་ནོར་བུ།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1