ཀ་མད་སུམ་ཅུ་རྗེས་རྒྱུག་མི་ཤེས་ཀྱང་ཁེངས་སྐྱུང་མེད་པའི་བོད་རིགས་གཞོན་ནུ་ཁྱོད། །
ཁ་སྐད་བལྟས་ན་རྒྱ་རིགས་འདྲ་ཡང་རུང་ཡོན་ཏན་དབུལ་བས་ངོ་མཚང་བྲུས་པ་འདྲ། །
ག་ས་གང་ན་ཉུང་བའི་གོས་བཟང་ཡང་ཁྱོད་ཀྱིས་ཉིན་རེར་དུས་གསུམ་བརྗེ་བ་འདིས། །
ང་ཚོའི་མིག་ལ་ཡང་ཡང་མཐོང་མང་བས་ཁྱོད་ལ་ཕ་ཡིས་ཡོན་ཏན་ཉོས་པ་འདྲ། །
ཅ་ལག་གང་མཚར་མིག་གི་ལྟད་མོ་རུ་རྟག་ཏུ་ཞེན་ཆགས་ཆེ་བའི་གཞོན་ནུ་ཁྱོད། །
ཆ་མེད་འཕྲུལ་ཆ་ལག་ཏུ་ཐོན་སྐབས་སུ་མཁོ་ཆེན་ཁ་ཡིག་མི་ཤེས་ཁ་རེ་སྐྱེངས། །
ཇ་ལ་ཁུ་བ་མེད་ན་ཆུ་ཡིན་ཏེ་ཆུ་ནི་ཁུ་བ་འབུད་པ་མི་སྲིད་བཞིན། །
ཉ་ལ་གཤོག་དྲུག་འཛོམས་ཀྱང་འཕུར་སྲིད་མིན་ཁྱོད་ཀྱི་ཤེས་བྱ་དེ་དང་དེར་མཚུངས་རེད། །
ཏ་ཐཱ་ག་ཏའི་དྲི་མེད་གསུང་རབ་ཀྱང་ཁྱོད་ཀྱིས་མི་ཤེས་རྨོངས་དད་ཕྱོགས་སུ་བརྩི། །
ཐ་ཤལ་ཕྱོགས་ལྷུང་གཏམ་ལ་ཡིད་ཆེས་ནས་མི་རིགས་རང་བརྙས་བྱས་པའི་གྲས་སུ་ཐོན། །
ད་ལམ་རྒྱ་ནག་མཁས་པའི་གོ་ས་རུ་ཁྱེད་རང་ཞབས་པད་ཚུགས་ན་ང་ཡང་དགའ། །
ན་གཞོན་ཤེས་རྒྱ་ཆུང་བ་མ་རེད་དེ་ན་ཚོད་ཉུང་བའི་སྐྱོན་ཆ་ཨེ་ཡིན་བསམ། །
པ་ཏྲའི་རིས་ལྟར་མཛེས་པའི་རྒྱ་གྲོང་དུ་ཕྱི་ཡི་པགས་མདོག་མི་ནོར་སྨུག་པོ་གདོང་། །
ཕ་མའི་སྲོལ་བཟང་ཕྱི་ལ་མི་ངོམ་ཞིང་ས་ཆ་ངན་པའི་གཤིས་ངན་ཀུན་ལ་ཁྱེར། །
བ་གླང་ལྟ་བུ་གླེན་པའི་སྤྱོད་སྟངས་ཀྱང་ཁྱོད་ཀྱིས་མི་གཟབ་རྟག་ཏུ་སྤྱོད་པ་ཡིས། །
མ་རབས་གཤིས་སུ་བརྩོན་པའི་གྲུབ་འབྲས་ཀྱིས་མི་རིགས་གཅིག་གི་མགོ་རྣ་ཆུ་ལ་བསྐུར། །
ཙ་གངས་རོང་གསུམ་དཀའ་ངལ་མི་འཛེམས་ཤིང་སྙིང་རུས་གནམ་ལྕགས་ངར་མ་བཅད་ནས་འཁོར། །
ཚ་གྲང་གང་ཡང་ལུས་ལ་མ་མྱོང་ན་མི་ཚེའི་བདེ་སྡུག་དབྱེ་བ་ཇི་ལྟར་འབྱེད། །
ཛ་ཧུ་བུ་མོའི་ལུས་ཚད་འཇལ་བསམས་ན་བརྩོན་འགྲུས་གྲུ་ཁེམ་དཀྲུགས་ནས་ཕ་མཐར་ཤོག །
་ལམ་ཅན་དུ་མཚན་མོ་འགྲིམ་བསམས་ན་གཅོད་འཇུག་མི་འཇིགས་ང་རོ་སྒྲོག་ནས་ཤོག །
ཞྭ་ལུགས་གོས་སྟབས་མཛེས་ན་ལེགས་མོད་ཀྱང་རྨ་བྱ་ལྟ་བུ་ཕྲག་དོག་དུག་སེམས་ཡིན། །
ཟ་འོག་རི་མོ་ཇི་བཞིན་ཡོན་ཏན་དུ་ཁེངས་སྐྱུང་ལོ་ཡག་སྙེ་མ་སྒུར་ན་བཟང་། །
འ་འུར་ཀུ་ཅོ་མེད་པའི་རྒྱལ་ཁམས་སུ་ཁུ་བྱུག་སྔོན་མོའི་གླུ་དབྱངས་ལྷག་པར་སྙན། །
ཡ་མེད་མཁས་པའི་གོ་འཕང་ཐོབ་འདོད་ན་དགའ་ལྡན་ཁྲི་ལ་བདག་པོ་ཡོད་རབས་མེད། །
ར་མ་ལུག་གི་ས་ཆ་འདི་ཀོ་ནས་རིག་གནས་ཆུ་ཚད་ཡོད་བསམ་མ་ཁེངས་ལགས། །
ལ་དང་རི་ཀླུང་མང་པོའི་ཕ་རོལ་ན་མཁས་པའི་ཞབས་རྗེས་ཟབ་གསལ་མེ་ལོང་དུ། །
ཤ་ཚའི་སྙིང་གཏམ་གསོན་པོའི་གཟུགས་བརྙན་ཞིག་ཡི་མུག་རྣམ་ཤེས་འཁོར་ལོ་སླར་ཡང་རྒྱུ། །
ས་ལེ་སྦྲམ་གྱི་རང་ཚུགས་མེད་ན་ཡང་ཞ་ནེ་སྔོན་མོའི་རང་ལྗིད་མ་ཉམས་གསུང་། །
ཧ་ཅང་རྙོག་འཛིང་ཆེ་བའི་ཀ་རྩོམ་འདི་གང་དྲན་ཡིད་ནས་ཅི་ཤར་མ་བྲིས་ཀྱང་། །
ཧ་ལམ་རང་གིས་འདང་ཞིག་བརྒྱབ་པས་ན་ནོར་འཁྲུལ་གང་མང་ཡོད་པ་གདོན་མི་ཟ། །
ཨ་རེ་ཅི་བྱེད་མེད་པའི་རྩོམ་ཡིག་འདི་རྩོམ་རྩལ་ཧ་ཅང་ཆུང་བ་ལོས་ཡིན་ཏེ། །
ཨ་ཙི་མཁས་རྣམས་ཐུགས་སེམས་མ་ཕམ་ལགས་ང་ཡིས་རྗེས་སུ་རྩོམ་སྐྱོན་གཟབ་པར་བྱ། །
རྩོམ་སྒྲིག་འགན་འཁུར་བ། ཀུན་ཁྱབ། ལྷ་གཡང་ནོར་བུ།