དྲིན་ལྡན་ལགས་གཟིགས་དང་།

ཞང་དཀོན་བཀྲ་ཤིས་དབང་རྒྱལ། (ཆུ་དམར་ལེབ) རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 12-14


ཀ་ཅི་དྲི་མེད་ལྟར་དཀར་ལྷག་བསམ་གྱི་འོད་འཆང་། །

ཁ་བ་ཅན་སྤུན་ཟླས་དལ་གཅིག་རང་གཟིགས་དང་། །

ག་བཏང་གོ་ཆོད་མེད་པའི་འདི་ཕྱི་ཡི་བྱ་གཞག །

ང་ཡི་ངན་དགུའི་སྤྱོད་པ་མདོ་ཙམ་ཞིག་ཞུའོ། །

ཅ་ཅོ་རྣམ་གཡེང་མང་བ་སྔོན་སོང་གི་བག་ཆགས། །

ཆ་ལུགས་ཚུལ་མིན་སྤྱོད་པ་ཕྲན་བུ་ཡི་རང་གཤིས། །

ཇ་ཆང་ལོག་འཚོར་རྔམ་པ་སྔོན་གོམས་ཀྱི་འབྲས་བུ། །

ཉ་ཕག་ཇི་བཞིན་ཉལ་བ་བཙུན་གཟུགས་ངའི་རང་གཤིས། །

ཏ་ལའི་སྡོང་ལྟར་བཙུགས་པའི་སོ་ཐར་གྱི་བསླབ་གཞི། །

ཐ་ཤལ་བག་མེད་གཡེང་བའི་འགྱེལ་ཚུལ་འདིར་གཟིགས་དང་། །

ད་ལྟའི་དུས་ན་ཕྲན་བུའི་སྒྱིད་ལུག་གི་བྱ་བར། །

ན་མཉམ་བཙུན་གཞོན་དག་གིས་ཁྲེལ་གཏམ་འདིར་གཟིགས་དང་། །

པ་ཏྲའི་རིས་བཞིན་གྱ་གྱུ་གཡོ་སྒྱུ་ཡི་བྱ་བས། །

ཕ་མར་གྱུར་བའི་འགྲོ་དྲུག་བསླུས་ཚུལ་འདིར་གཟིགས་དང་། །

བ་གླང་བཞོན་ཁལ་བླུན་རྨོངས་བཀོལ་སྤྱོད་ཀྱི་བྱ་བས། །

མ་བོས་སྡུག་བསྔལ་མགྲོན་དུ་འབོད་ཚུལ་འདིར་གཟིགས་དང་། །

ཙ་རི་སློབ་གཉེར་འགྲིམ་པའི་དཀའ་ཐུབ་ཀྱི་བྱ་བ། །

ཚ་གྲང་ངལ་བ་མ་ནུས་ཅོལ་ཆུང་ངར་གཟིགས་དང་། །

ཛ་ཡའི་གསུང་རབ་དགོས་མེད་རྣ་རྒྱབ་ཏུ་བོར་ཏེ། །

་ལྟར་མཁར་གྲོང་ངེས་མེད་འཁྱམ་ཚུལ་འདིར་གཟིགས་དང་། །

ཞྭ་གོས་ལྷམ་སོགས་རབ་བྱུང་རྟགས་ཙམ་དུ་བཟུང་ནས། །

ཟ་ཉལ་ལས་ལ་མི་ཚེ་སྐྱེལ་ཚུལ་འདིར་གཟིགས་དང་། །

འ་ཅག་བསྟན་སྒོར་ཞུགས་པའི་བཙུན་གཞོན་གྱི་གྲྭ་ལས། །

ཡ་ངའི་གཡང་ལ་ལྷུང་པའི་ཐ་ཤལ་ངར་གཟིགས་དང་། །

ར་བ་གངས་རིས་བསྐོར་བའི་བསིལ་ལྡན་གྱི་ལྗོངས་འདིར། །

ལ་རྒྱའི་སྙིང་ཁམས་མེད་པའི་སྡར་མ་ངར་གཟིགས་དང་། །

ཤ་ཁྲག་སྒྱུ་ལུས་གྲུབ་པའི་དལ་འབྱོར་གྱི་རྟེན་བཟང་། །

ས་མཐོའི་སྒང་འདིར་སྡིག་གཡོག་བཀོལ་ཚུལ་འདིར་གཟིགས་དང་། །

ཧ་ལམ་ཆོས་གཟུགས་ཙམ་ལས་གདེང་ཚོད་ནི་མེད་པ། །

ཧ་ཧ་ཀ་ཁའི་ལམ་ནས་སྙིང་ཁོང་གི་འབོད་པ། །

ཨ་མས་བུ་ལྟར་བརྩེ་བའི་གངས་ལྗོངས་ཀྱི་མཆེད་པོ། །

ཨ་ལ་ཐུགས་ཁྲེལ་མ་གནང་དྲིན་ལྡན་ལགས་གཟིགས་དང་། །

 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1