རྒྱུག་ཁྱི།

ཨེ་ཉི་མ་ཚེ་རིང་། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 12-14


        ཁང་ཆེན་ཀླུའི་ཕོ་བྲང་འདྲ་བ་དེའི་སྟེང་ཤོད་ན་མི་མང་པོ་ཕར་རྒྱུག་ཚུར་རྒྱུག་བྱེད་ཅིང་འདུག  གོས་དཀར་གྱོན་པའི་སྨན་གཡོག་མ་དེས་ལག་ཏུ་ཆུ་དམ་ཞིག་བཟུང་ནས་བརྗོད་དོན།  "ཁྱེད་ཚོ་སེམས་སྡུག་མ་གནང་།    ད་ནི་འུ་ཐུག་ཐབས་ཟད་རེད།   ཆུ་དམ་འདིས་ཆུ་ཚོད་ཁ་ཤས་འཁྱོངས་ཐུབ"ཅེས་བཤད།   

        ཤར་ངོས་ཀྱི་རབ་གསལ་ནང་མེ་ཏོག་སོས་པ་དང་།   ཤིང་འབྲས་སྣ་ཚོགས་ཀྱིས་བྱུར་བུར་བཀང་བའི་དབུས་སུ་མི་ཆེན་ཞིག་འཁུན་སྒྲ་ནར་ནར་ལ་ཉལ་འདུག 

        ཁོའི་ངོ་གདོང་ལ་བཀྲག་མདངས་མེད་ལ་མིག་གི་གཟི་འོད་ཡོངས་སུ་ཉམས་ཤིང་ཧ་ལམ་བཞུན་ཚད་རྫོགས་པའི་སྣུམ་ཞུ་ཞིག་དང་འདྲ།   "ཁུལ་དཔོན་ལགས།   སྨན་ཆུ་འདི་བླུགས་ན་ཁྱེད་རང་སྙུན་གཞི་ལམ་སེང་དྭངས་གནང་གི་རེད།    ཁྱེད་རང་ཐུགས་ཟང་ཟིང་མ་གནང་ཨ།"  སྨན་གཡོག་མ་དེས་ངག་འཇམ་ལ་བརྩེ་བ་ཆེན་པོས་དེ་ལྟར་སྨྲས།   "ང་ཤི་གི་མ་རེད།     ཁོ་ཚོས་ང་ཤི་རྒྱུར་སྒུག་འདུག  ཁྱོད་ཀྱིས་ངའི་ནང་མི་དང་ལས་ཞབས་པ་དེ་དག་ཚང་མ་ཕྱིར་འབུད་གནང་རོགས།    སྐུ་མཁྱེན།    ཁོ་ཚོས་ང་འདི་ལྟར་སྨེང་སྒྲ་འཐེན་ཐེངས་རེར་ངའི་ཤུལ་བཞག་གི་ཐོབ་བྱ་རྣམས་མཛུབ་རྩིས་དང་ཁོག་རྩིས་རྒྱག་གིན་འདུག ཁོ་ཚོ་མགྱོགས་པོ་ཕྱིར་ཕུད་དང"ཁོས་སེར་ཤས་ཆེ་བའི་མཛུབ་མོ་ཕྲ་རིང་དེ་ཁོ་ཚོའི་ཕྱོགས་སུ་སྡིག་སྡིག་བྱེད།    

        "ཁུལ་དཔོན་ལགས།    ཁྱེད་རང་ཐུགས་མནན་དང་།   ཁྱེད་རང་ནམ་ཡང་འཆི་སྲིད་ཀྱི་མ་རེད"སྨན་གཡོག་མས་སྒམ་བརླིང་ངང་སྨྲས།  

        "རེད།    ང་ཤི་ག་ལ་སྲིད།    ངའི་མཛད་འཕྲིན་དང་ངའི་མཚན་སྙན་མེ་དཔུང་བཞིན་འབར་བཞིན་ཡོད་པས་ང་ཤི་ག་ལ་རུང་།     ཨ་ར།     ཨ་ར་ར།    དེ་འདྲའི་ན་ཟུག་ལ།    ང་ངོ་མ་ཤི་བ་འདུག  སྨན་པ་ལགས།   ཁྱོད་ཀྱིས་མགྱོགས་པོ་ཤོད་དང་།    གལ་སྲིད་ང་འདི་ལྟར་ཤི་ན་ང་གང་དུ་འགྲོ་དགོས།  ང་ལ་བསུ་མཁན་དང་སྐྱེལ་མཁན་ཡོད་དམ།     

        ཨོ་ཏག་ཏག་རེད།   ད་ལྟ་ལུང་པའི་ཕུ་ན་འདས་ལོག་ཟེར་བ་ཞིག་ཡོད་པ་མ་རེད་དམ།    ཁོས་མི་ཤི་ན་གང་དུ་འགྲོ་གིན་ཡོད་མེད་ཚང་མ་ཤེས་ཀྱི་ཡོད་པ་མ་རེད་དམ།   མགྱོགས་པོ་ཁོ་བོས་ཤོག"ཁོའི་འཁྲིས་ཀྱི་སྨན་གཡོག་མ་དེས་ཁོས་བཤད་པའི་དོན་དེ་མི་གོ་བ་ལྟར་མཐའ་འཁོར་དུ་རང་རོང་དུ་ལངས་པའི་མི་བུ་དེ་དག་གི་ངོ་ལ་ཐེངས་གཅིག་བལྟས།   

        སྐབས་དེར་ཁོའི་སྔས་འགྲམ་དུ་ཡོད་པའི་མི་རྒྱགས་པ་དེས་མགོ་བོ་སྒུར་ཙམ་བྱས་ནས་ཁུལ་དཔོན་ལགས།    ཁྱེད་ཀྱིས་དེ་སྔོན་ཁོ་པ་མི་མགོ་བསྐོར་མཁན་གྱི་འདྲེ་རྒན་རེད།   ད་ཕྱིན་རྨོངས་དད་ཀྱི་བྱེད་སྒོ་དེ་འདྲ་སྤེལ་མི་ཆོག་པའི་བཀའ་གནང་བ་མ་ཟད།   ཁོ་པར་བཙོན་འཇུག་གི་ཉེས་ཆད་ལྗིད་མོ་ཕབས་ཙང་།   ད་ལྟ་སླེབས་ཨ་ཡོང་།"

        "ཧིན།  ཁུལ་སྡེ་ཆེན་པོ་འདིར་ངས་གདན་མི་འདྲོང་བའི་མི་ཞིག་ད་དུང་ཡོད་དམ།  མགྱོགས་པོ་ཁོ་འབོད་ཅིག  ཨ་ར་ར།   ང་ཤི་པ་འདུག  མགྱོགས་པོ་བྱོས།"དུས་ཚོད་ཅི་ཙམ་སོང་བ་མ་ཤེས་མོད།     འདས་ལོག་ཟེར་བའི་བགྲེས་པོ་དེ་ཁོའི་སྔས་འགོ་ན་ལྷགས་འདུག    ད་རེས་ཁོས་འདས་ལོག་གི་ལག་པ་ནས་དམ་པོར་འཇུས"རིན་པོ་ཆེ།    གོ་ཐོས་ལ་ཁྱོད་ཀྱིས་གཤིན་པོའི་རྣམ་ཤེས་གང་དུ་གྱར་མིན་ཐོགས་མེད་དུ་མཁྱེན་པའི་རྫུ་འཕྲུལ་ཞིག་ཡོད་པ་མ་ཡིན་ནམ།   ཁྱོད་ཀྱིས་ཤོད་དང་།    ཟླ་ཤས་གོང་གྲོངས་ཟིན་པའི་ང་ཚོའི་ལས་ཁུངས་ཀྱི་སྒོ་སྲུང་རྒན་པོ་དེ་ད་ལྟ་གང་དུ་འདུག" ཅེས་འདས་ལོག་ལ་དྲིས།     འདས་ལོག་གིས་མིག་ཟུམ་བཙུམ་ནས་ཡུད་ཙམ་སྒོམ་བཟླས་བྱས་རྗེས"ཁོ་ད་ལྟ་ལྷ་ཡུལ་གྱི་སྒོ་སྲུང་བ་རེད་འདུག" ཅེས་བཤད།   "ཁྱོད་ཀྱིས་བཤད་པ་ངོ་མ་ཨེ་ཡིན།     ད་ལྟ་ཕལ་ཆེར་ནད་ངན་དེས་ང་ཡུལ་གཞན་ཞིག་ཏུ་བཙན་འཁྲིད་བྱེད་རྩིས་འདུག  འོ་ན་ང་ཤི་ན་གང་དུ་འགྲོ་དགོས་སམ།      ཁྱོད་ཀྱིས་ང་ལ་ལམ་ཞིག་བསྟན་རོགས" འདས་ལོག་གིས་བསམ་བློ་ཡུད་ཙམ་བཏང་རྗེས་ཁོ་ལ་གཏད་ནས"ཁྱེད་རང་རྒད་པོ་དེ་ཡོད་སར་ཕྱིན་ན་འགྲིགས།   རྒན་པོ་ཁོང་ཚེ་གང་ཁྱེད་ཀྱི་ཞབས་འོག་ཏུ་སྒོ་སྲུང་གནང་ནས་བཞུགས་ཙང་དེ་ནི་ཧ་ཅང་སྐབས་འཁེལ་པོ་ཞིག་རེད"ཅེས་ལན་བཏབ།

        "ཡིན་ནའང་ཁོས་ལོ་བཅུ་གྲངས་གོང་ནས་བཏོན་པའི་རང་ཉིད་ཀྱི་ཐོབ་ཐང་ལ་བསམ་གཞིགས་བྱེད་རྒྱུའི་རེ་བ་དེ་ད་བར་དོན་ཐོག་ཏུ་མ་འཁྱོལ་བ་རེད།    ཟེར་གྲོས་ལ་བགྲེས་པོ་ཁོང་འདས་ཁར་ཡང་རང་གི་མི་ལོ་བཞི་བཅུ་ལྷག་སྒོ་སྲུང་བྱས་པའི་ཐོབ་ཐང་ལ་འགྱུར་བ་ཡོང་བའི་རེ་བ་བྱེད་ཀྱི་འདུག་ཟེར།     ཡིན་ནའང་ང་རང་གཞུང་དོན་གྱི་བྲེལ་ཟིང་ཁོ་ནས་ཁོའི་རེ་བ་ལ་སྣང་འཇོག་མ་བྱུང་བས།    ད་ལྟ་ཁོས་ང་ལ་འཁོན་འཛིན་བྱེད་མི་སྲིད་དམ།" ཁུལ་དཔོན་གྱིས་དོ་ནན་ངང་འདས་ལོག་གི་གདོང་ལ་གཅེར།  

        "ཐོབ་ཐང་ལ་བསམ་གཞིགས་བྱེད་རྒྱུ་མ་བྱུང་མོད།  མ་མཐར་ཡང་ཁྱེད་རང་གིས་ཁོ་པ་ལས་གནས་ལས་ཕྱིར་འབུད་མ་བྱས་པར་མི་ཚེ་གཅིག་རིང་སྒོ་སྲུང་དུ་བཅུག་པས།    དེ་ནི་ཁོས་བཀའ་དྲིན་གཅིག་ལ་བསམ་གཞིགས་བྱེད་ཀྱི་ཡོད་ངེས་རེད།" འདས་ལོག་གིས་དེ་ལྟར་ལན་བཏབ་པར།  ད་གཟོད་ཁོའི་ངོ་གདོང་ལས་འཛུམ་མདངས་ཕྲན་བུ་བཞད་ཅིང་ངག་རྡབ་རྡིབ་ཏུ"གལ་ཏེ་ང་སླར་ཡང་གསོན་ན།  ངས་ཁྱོད་ལ་མི་ཚང་མ་དད་དུ་འཇུག་སྲིད་ལ་ཁྱོད་ལ་བདག་རྐྱེན་དང་གཟིགས་གཟོས་ཤིག་ཀྱང་སྤྲོད་ངེས།" དེ་ནི་ཁོའི་སྨྲ་བ་མཐའ་མཇུག་དེ་རེད།    ཁོ་པ་སོང་ཤུལ་དུ་མིག་ཆུ་དང་ངུ་སྒྲ་ཡོད་ལ།  ཤོག་སྦག་དང་སྒྱོགས་མདེལ་གྱི་སྐྱེལ་མ་ཡང་ཡོད།     

        ཡིན་ནའང་ཁོ་པ་ནི་ས་སྲོས་ལྟ་བུའི་ཞིང་ཁམས་སྨག་སྨུག་དེའི་ཁྲོད་དུ་རྙི་ལས་ཤོར་བའི་རི་དྭགས་རྨས་མ་ཞིག་ལྟར།   འཇིགས་སྔངས་ཀྱིས་གཡས་བལྟ་གཡོན་བལྟ་བྱེད་བཞིན་ཡོད།   མཐར་ཁོས་བར་སྣང་མཐོངས་སུ་འཇའ་སྐས་རིང་མོ་བསྲིངས་བའི་སྒོ་ཆེན་ཞིག་མཐོང་།   ཁོ་པ་དགའ་སྤྲོའི་ངང་མདུན་དུ་རྒྱུག་ནས་སྒོ་རྡུངས།   སྐབས་དེར་སྒོ་སྲུང་རྒན་པོ་དེ་ག་ལེར་ཐོན་ཡོང་ནས།   "རྒད་པོ།   ཁྱོད་ཀྱིས་ང་ངོ་ཤེས་སམ།  མགྱོགས་པོ་སྒོ་ཕྱེས་དང"ཞེས་བཤད།  རྒན་པོས་ཁོའི་མགོ་ལུས་ལ་བལྟ་ཙམ་བྱས་རྗེས།  "ངོ་ལོས་ཤེས།  ཁུལ་དཔོན་ལགས་རེད་པ"ཁོའི་ངོ་གདོང་ལས་སྤྲོ་སྣང་ཞིག་རབ་ཏུ་རྒྱས་ཤིང་།   "ཡིན།    ཡིན།   ཁྱོད་ཀྱིས་ནོར་མ་སོང་།  མགྱོགས་པོ་སྒོ་ཕྱེས་དང"ཞེས་བཤད།   རྒན་པོ་དེས་ནན་ཚུགས་ངང་སྨྲས་རྒྱུར།  "ཁྱེད་ཀྱིས་མི་ཡུལ་གྱི་སྒྲིག་གཞི་བསྙེས་གནང་བ་ཨེ་ཡིན།   འདིར་མི་ཡུལ་དང་མི་འདྲ།  སྒོ་འདིར་འགྲོ་མཁན་ཚང་མ་མི་ཡུལ་དུ་ལྷག་བསམ་ཡ་རབས་ཅན་དང་དྲང་བདེན་རྒྱུ་འབྲས་རྩི་མཁན་ཤ་སྟག་རེད།    

        "ད་འོ་ན་ང་གང་དུ་འགྲོ་དགོས།    མ་ཟད་ངས་ད་བར་གོང་རིམ་དབུ་འཁྲིད་རྣམས་ལ་ལྷག་བསམ་རྣམ་དག་ཞུས་ནས་མི་ལོ་ཉི་ཤུ་སུམ་ཅུ་འགྲོ་གིས།   དེ་ཁོ་ཚོས་གསལ་པོ་མཁྱེན་ངེས་རེད" ཁུལ་དཔོན་ལ་ཚབ་ཤ་ཤིག་དབང་མེད་དུ་ལངས།   

        "ད་ནི་ཐབས་ཤེས་གཅིག་རང་ཡོད།    ཁྱེད་རང་ལྟག་སྒོ་ནས་ཐད་དང་།   གཅིག་བྱས་ན་བདམས་ཁ་བྱེད་རྒྱུ་གཅིག་ཡོང་ངེས་རེད།"རྒད་པོས་ཁུལ་དཔོན་ལ་དེ་ལྟར་ངང་རྒྱུད་རིང་པོས་བཤད།  ཁུལ་དཔོན་གྱི་མིག་ཟུང་ལས་དྲིན་གཟོའི་འོད་མདངས་ཤིག་རྒད་པོའི་ངོ་ལ་ཅེར་བ་དང"འོ་ན་ལྟག་སྒོ་གང་དུ་ཡོད་དམ།"ཞེས་སླར་ལྡོག་འདྲི་ཞིག་བྱས།    

        "མདུན་སྒོ་འདིའི་ལྟག་སྤྲོད་ན་སྒོ་ཆུང་ཞིག་ཡོད་པས་ཁྱེད་རང་དེ་ནས་ཕེབས་རོགས"ཞེས་རྒད་པོས་ལན་དེ་ལྟར་བཏབ།   

        "ཨ་ཙི།   གལ་ཏེ་ང་གཉིས་སླར་ཡང་གསོན་ན་ངས་ཁྱོད་ཀྱི་ཐོབ་ཐང་ལ་འགྱུར་བ་ཆེན་པོ་གཏོང་སྲིད་ལ།    ཁྱོད་ལ་གནས་བབ་ངེས་ཅན་ཞིག་ཀྱང་སྤྲོད་སྲིད"ཅེས་ཁུལ་དཔོན་གྱིས་དེ་ལྟར་ཁེར་ལབ་བརྒྱབ།   

        ཁུལ་དཔོན་ལྟག་སྒོ་ཡོད་ས་ན་སླེབས་སྐབས་དེ་གར་མི་མང་པོ་རུ་སྟར་སྒྲིག་ནས་ཡོད་པས་ད་གཟོད་ཁོས་ཅི་ཞིག་ཧོབ་སྟེ་དྲན་སོང་།  "སུ་ཞིག་གིས་སྤྲད་པའི་སྡེར་བཞི་མི་ཉམས་པའི་  སྟག་གི་ལྤགས་པ་དང་འབྲུག་གི་སྒོ་ང་།    ཨ་ཁ་ཁ།   ངའི་བློས་མི་ཐོངས་པའི་གཅེས་ནོར་མང་པོ་མང་པོ་ཞིག་ད་ལྟ་ལྟས་ངན་དེ་ཚོས་ཧབ་ཐོབ་དང་བགོ་བཤའ་བྱེད་བཞིན་ཡོད་ངེས།    ཨ་ཙི།   ངས་འབུལ་དངོས་ཕྲན་བུ་བདོག་རྒྱུ་དེ་གཏིང་བརྗེད་དུ་སོང་འདུག  ད་གང་དྲག  འོ།  གཅིག་བྱས་ན་ཁོ་ཚོས་ང་ངོ་ཤེས་སྲིད་ཀྱི་མ་རེད"ཁོས་དེ་ལྟར་རང་གིས་རང་ལ་ལན་བརྡ་དང་ཡང་ན་སེམས་གསོ་རེ་གཏོང་བཞིན་རུ་སྟར་དེའི་མཇུག་ན་མཐུད་ནས་སོང་།    

        སྐབས་དེར་ཁོས་འཁྲིས་ཀྱི་མི་རྒན་གླང་ཆེན་ལྟ་བུ་དེར་ཐུག་ཙམ་གཞུས་ནས"་ཡེ།    ཁྱོད་ཀྱིས་ང་ངོ་ཤེས་སམ།"ཞེས་དྲིས།    མི་རྒན་དེས་ཁོའི་གདོང་ལ་ཅེ་རེར་བལྟས་ནས་སྐད་ཤུགས་ཆེན་པོས།   "ལྟས་ངན་འདི་ཚོས་ང་ཡང་ངོ་ཤེས་ཀྱི་མེད་པ་འདྲ།    ང་དྲག་དཔོན་ཞིག་ངོ་མི་ཤེས་མཁན་ཨེ་ཡོད།" ད་གཟོད་ཁོས་ཧ་ལས་པའི་རྣམ་འགྱུར་གྱིས་ཁོའི་གདོང་ལ་བལྟ་ཡག་བྱེད་བཞིན་དེ་མ་ཐག་མགོ་བོ་འཕུར་འཕུར་དང་ལྕེ་ནར་ནར་བྱེད་ཀྱིན།     "འོ་རྫི།     ཁྱེད་ཀྱི་མཚན་སྙན་དབང་ཐང་སྔ་ས་ནས་གོ་མྱོང་།     ད་རེས་འདི་ནས་ཐུག་པ་དངོས་གནས་གུས་པའི་ཨ་བསོད་རང་རེད།   ཁྱེད་རང་གནས་འདིར་ག་རེ་གནང་གིན་ཡོད་དམ།    ག་དུས་ཕེབས་གནང་བ་ཡིན"སྐབས་དེར་མི་རྒན་དེ་རབ་ཏུ་ཁྲོས་པའི་ཚུལ་གྱིས"ཧིན།     ལྟས་ངན་ཁ་ལོ་བ་དེ།    ང་གནས་འདི་འདྲར་བསྐྱལ།    ཁོ་པ་མི་ཁ་ཤས་ཀྱིས་སླེའུ་ནང་བསྒྲིལ་ནས་འཁྱེར་སོང་།    ང་ལ་ནི་ཁ་ཡ་བྱེད་མཁན་མི་འདུག  གལ་ཏེ་འདིར་ཡོང་ན་ངས་ཁོ་པ་གནས་དབྱུང་གཏོང་བ་མ་ཟད།  ཐོབ་ཐང་དང་གནས་བབ་གང་ཡང་མེད་པར་མི་སེར་དཀྱུས་མ་ཞིག་བྱེད་དུ་འཇུག་སྲིད"

        "འོ།   ཕེབས་གྲུ་མགྱོགས་དྲག་པ་ཡིན་གྱི་རེད།     རེད་དང་རེད།     དྲག་དཔོན་ལགས།    དེ་ད་དུང་ཉེས་ཆད་ཡང་མོ་རེད།     གལ་ཏེ་ལྟས་ངན་ཁོ་ང་ལ་ཐུག་ན་ངས་ཁོ་རྒྱ་ཡན་དུ་འཇོག་ག་ལ་སྲིད"སྐབས་དེར་ཁོས་དྲག་དཔོན་གྱི་ཏ་དབྱི་ནག་པོའི་གབ་རྩེ་ན་འགོས་པའི་ཐལ་བ་དེར་གུས་གུས་ཞུམ་ཞུམ་གྱིས་བརྡབ་ཙམ་བརྡབ་ཙམ་བྱས།   

        "ཁྱོད་སུ་ཡིན།   ང་ངོ་ཇི་ལྟར་ཤེས་ཀྱིན་ཡོད་དམ།" "ང་གསེར་ཆུ་ཁུལ་གྱི་ཁུལ་དཔོན་ཡིན།   དེ་སྔ་གྲོང་ཁྱེར་གྱི་གྲོས་ཚོགས་གོང་མའི་སྟེགས་བུའི་ཐོག་ཁྱེད་རང་བཞུགས་པ་མཐོང་མྱོང་ཡོད"ཅེས་བཤད།   ཁོས་བསམ་བློ་གང་འཚམས་ཤིག་བཏང་རྗེས"ཨོ……ཡིན་གྱི་རེད།    ཡིན་ནའི་ང་ཉིན་ལྟར་ཚོགས་ར་དེ་འདྲ་ཁོ་ནར་འགྲོ་དགོས་ཙང་ངས་ཁྱོད་སུ་ཡིན་པ་ངེས་མ་སོང"ཞེས་བཤད།    

        "རེད་དང་རེད།    ཁྱེད་དྲག་དཔོན་ཞིག་གི་སྤྱན་འོག་ན་ང་ཁུལ་དཔོན་ཆུང་ངུ་ཞིག་ནི་ས་འོག་གི་འབུ་སྲིན་རང་རེད"

         "……"

        ཁོ་གཉིས་གཏམ་གླེང་ལ་མགོ་བོ་འཁོར་བས་མདུན་དུ་མི་གཅིག་ཀྱང་བསྡད་མི་འདུག

        ཁོ་གཉིས་ནང་དུ་འབྱོར་བ་དང་ཞབས་ཞུ་བ་གླང་མགོ་ཅན་གྱིས་སེམས་རྩ་འཁོལ་པོས་ཁོ་གཉིས་ལ་སྣེ་ལེན་ཞུས།   

        "དཔོན་ཆེན་རྣམ་གཉིས།    ཁྱེད་གཉིས་ཏོག་ཙམ་འཕྱིས་སོང་།  ད་ལྟ་ལྷ་ཡུལ་དུ་ཕེབས་མཁན་གྱི་ཕེབས་གྲུ་ད་གིན་ནས་ཐོན་ཚར་སོང"ལས་མཁན་གླང་མགོ་ཅན་གྱིས་ངང་རྒྱུད་རིང་པོས་དེ་ལྟར་སྨྲས།    མཚམས་དེར་ཁུལ་དཔོན་གྱི་ངོ་གདོང་ལས་ཁྲོ་ཚུགས་ཤིག་མངོན་ཡོང་།   "ཧིན།   ཁྱོད་ཚོས་ལས་ཀའི་སྒྲིག་གཞིར་སྟངས་འཛིན་ག་འདྲ་བྱེད་ཀྱི་ཡོད་དམ།    ཁྱོད་ཀྱིས་ཁོང་སུ་ཡིན་པ་ཤེས་ཡོད་དམ" "དཔོན་ཆེན་ཁྱེད་ཐུགས་མནན་རོགས།    ཁྱེད་རྣམ་གཉིས་ཡང་སྐྱར་རེས་འཁོར་རྗེས་མར་སྒུག་ནའང་འགྲིག    འོན་ཀྱང་ཉིན་གསུམ་སྒུག་དགོས།    ལྷ་ཡུལ་གྱི་ཉིན་གསུམ་ནི་མི་ཡུལ་གྱི་ལོ་གསུམ་རེད"ཅེས་ལས་མཁན་གླང་མགོས་ཁོ་གཉིས་ལ་འགྲེལ་བཤད་ཁ་གསལ་བྱས།   མཚམས་དེར་དྲག་དཔོན་ལགས་ཐུགས་རྒྱལ་ཕྲན་བུ་བཞེངས་བ་འདྲ།   

        "ཧིན།   དེ་འདྲ་དཔེ་མི་སྲིད།    མི་ཡུལ་གྱི་ལོ་གསུམ་འདིར་སྒུག་དགོས་ན་ང་ཚོའི་བྱ་གཞག་མང་པོ་ཞིག་འཐུས་ཤོར་འགྲོ་ངེས་རེད།    དེའི་འགན་འཁྲི་ཁྱོད་ཚོས་ཁག་ཐེག་བྱེད་ཐུབ་བམ"ཞེས་སྐད་ཤུགས་ཆེན་པོས་ལན་སློག་པ་དང་ཁུལ་དཔོན་ཡང་དྲག་དཔོན་གྱི་ཁྱི་གུ་ཆུང་ཆུང་ཞིག་དང་འདྲ་བར།    "ཧིན།    གལ་ཏེ་མི་ཡུལ་དུ་ཡིན་ན་ཁྱོད་ཀྱི་ཐོབ་ཐང་དང་ལས་གནས་ཚང་མ་ཤོར་ཚར་བ་ངེས་གཏན་རེད"ཅེས་ལབ་བྱུང་།   

        "ཁྱེད་རྣམ་གཉིས་ཐུགས་བྲེལ་ཡོད་ན་སླར་ཡང་མི་ཡུལ་དུ་ཕེབས་ནའང་འགྲིགས"ལས་མཁན་གླང་མགོ་ཅན་ག་བྱེད་འདི་བྱེད་མེད་པར་དེ་ལྟར་བཤད།     

        ཁུལ་དཔོན་གྱི་གདོང་ལ་སྤྲོ་སྣང་ཞིག་ཧོབ་སྟེ་བཞད་ཅིང་དེ་འཕྲལ་དྲག་དཔོན་གྱི་ངོ་ལ་ལྟ་བཞིན།   "མི་ཡུལ་དེ་ཡང་ངས་བྱས་ན་འཛད་མཐའ་མེད་པའི་ལོངས་སྤྱོད་ཅིག་རེད།   ཁྱེད་ ཀྱིས་གསུངས་ན།"ཞེས་དྲིས་པར་དྲག་དཔོན་ཡང་ཐུགས་ཡོངས་སུ་མགུ་བ་ལྟར་མགོ་བོ་ལྕོག་ལྕོག་བྱས།   ལས་མཁན་གླང་མགོ་ཅན་གྱིས་ཐོ་དེབ་ནག་པོ་ཞིག་ལ་བལྟས་རྗེས།    ཅུང་ཟད་བརྗོད་མི་བདེ་བའི་རྣམ་འགྱུར་ཞིག་གི་ཐོག་ནས་འདི་སྐད།   "དཔོན་ཆེན་རྣམ་གཉིས།    ད་གང་དྲག  མི་ཡུལ་དུ་འགྲོ་བར་མི་ལུས་ཤིག་དང་ཁྱི་ལུས་གཉིས་རང་ལས་བསྡད་མི་འདུག" ཁུལ་དཔོན་གྱི་ངོ་གདོང་སླར་ཡང་དམར་སྨུག་ཏུ་གྱུར།   "ཡིན་གྱི་མ་རེད།    སྐྱེ་བ་གང་དུ་འགྲོ་དགོས་མིན་ང་ཚོར་བདམས་ཀ་བྱེད་དབང་མེད་དམ"ཞེས་ལྡོག་འདྲི་བྱས།   "དེ་སྔ་འཇིག་རྟེན་ཆེན་པོ་བཏང་སྙོམས་སུ་གནས་དུས་ཚང་མ་རང་རང་གིས་བདམ་ཀ་བྱས་ནས་འགྲོ་གིན་ཡོད་མོད།  ཡིན་ནའང་ད་ཆ་ཚང་མ་མི་ལུས་ལ་ཧབ་འཐོབ་བརྒྱབ་ནས་འགྲོ་གིན་འདུག་པས་མི་ལུས་དཀོན་པོ་ཆགས་འདུག   ད་ལྟ་ཁྱེད་རྣམ་གཉིས་ནས་གཅིག་མི་ལུས་ལ་ཕྱིན་ཆོག་གི་རེད།    དེ་ཁྱེད་རྣམ་གཉིས་ཀྱིས་གྲོས་བསྡུར་གནང་ན་འགྲིགས"ཞེས་ལན་བཏབ།     སྐབས་དེར་དྲག་དཔོན་གྱིས་དེ་སྔོན་གྲོས་ཚོགས་གོང་མའི་སྟེགས་བུའི་ཐོག་ཏུ་བཞུགས་སྐབས་ཀྱི་རྣམ་འགྱུར་དེ་འདྲ་བ་ཞིག་ཁུལ་དཔོན་གྱི་ཕྱོགས་སུ་བསྟན་ནས"མ་གཞི་མི་ལུས་གཅིག་པོ་དེ་ངེད་གཉིས་སུས་ཕྱིན་ཡང་གཅིག་མཚུངས་རེད།   ང་ཚོས་མི་ཡུལ་དུ་སྒྲུབ་དགོས་པ་ནི་ནམ་ཡང་མི་དམངས་ཀྱི་བདེ་སྡུག་ཆེད་དུ་རེད།     དེར་མ་ཟད།    དེ་ནི་འགན་འཁྲི་ཆེན་པོ་ཞིག་དང་བློས་གཏོང་ཆེན་པོ་ཞིག་རེད།     རང་བློ་བདེ་མོ་བྱོས།     ང་མི་ཡུལ་དུ་སླེབས་རྗེས་ངས་ཁྱོད་ཀྱི་མཚན་སྙན་དང་གཟི་བརྗིད་ལ་ཚང་མས་གོང་བཀུར་བྱེད་དུ་འཇུག་སྲིད་པ་མ་ཟད།     ཁྱོད་ཀྱི་གནས་བབ་དང་ཐོབ་ཐང་ཡང་ངེས་པར་དུ་མཐོར་འདེགས་བྱེད་སྲིད"ཅེས་སྨྲས་པར།    ཁུལ་དཔོན་གྱི་ངོ་གདོང་ལས་རྒྱལ་ཁའི་འཛུམ་མདངས་རབ་ཏུ་འཕྱུང་བཞིན་དེ་འཕྲལ་དྲག་དཔོན་གྱི་ལག་པ་གཉིས་ནས་དམ་པོར་བཟུང་ཐོག  "ཁྱེད་ཀྱིས་ཞལ་བཞེས་གནང་བར་ཐུགས་རྗེ་ཆེ།    ཁྱེད་ཀྱིས་ངེས་པར་དུ་ང་ལ་སྐྱབས་འཇུག་དང་ཡར་འདྲེན་གང་དྲག་གནང་རོགས"ཞེས་ཞུས་ནས་དྲག་དཔོན་མཆོག་མི་ལུས་གཅིག་པུ་དེ་ལ་ཕེབས་སྐྱེལ་ཞུས་རྗེས།  རང་ཉིད་ཀྱང་དྲག་དཔོན་ཁྱིམ་དུ་ཁྱི་གུ་ཆུང་ཆུང་ཞིག་ལ་སྐྱེས་བའི་སྨོན་ལམ་འདེབས་བཞིན་ཁག་སོ་སོར་གྱེས་སོ། 

ལེ་ཚན་འདིའི་རྩོམ་སྒྲིག་འགན་འཁུར་བ།  བསྟན་པ་ཡར་རྒྱས།  


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1