བདག་དང་གསོལ་ཇ་མངར་མོ།

བསོད་ནམས། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 12-14


        སྤྱིར་ན་མི་ཚང་མར་འཚོ་བའི་ནང་རང་རང་གི་དྭངས་ཁ་དང་མཐུན་པའི་བཟའ་བཏུང་གང་རུང་ལ་དམིགས་བསལ་གྱི་མོས་པ་རེ་ཡོད་པ་ནི།     ལ་ལ་ཆུང་དུས་ནས་གོམས་པའི་ཆང་རག་ལ་དགའ་བ་དང་།     ལ་ལ་ཇ་བསྲུབས་མར་དགའ་བ།     ལ་ལ་ཇ་ཐང་འཐུང་རྒྱུར་དགའ་བ།     ལ་ལ་ཇ་མངར་མོར་དགའ་བ་སོགས་ཡིན་ཞིང་།     བདག་ནི་གཞོན་ནུའི་དུས་ལ་གསོལ་ཇ་མངར་མོར་གོམས་པ་ཞིག་ཡིན་སྟབས།     གསོལ་ཇ་མངར་མོ་ལོ་ངོ་སུམ་ཅུ་ལྷག་ཙམ་བཏུང་པའི་ལོ་རྒྱུས་ལྡན་ཡོད་པས།     ད་བར་གྱི་འཚོ་བའི་རང་རྣམ་ཞིག་འབྲི་ན།     རང་རྣམ་ཧྲིལ་པོར་གསོལ་ཇ་མངར་མོའི་སྐོར་དེ་བརྗོད་དོན་གཙོ་བོར་འགྱུར་རྒྱུ་ལས་མ་འདས་པས།     སྔོན་བྱོན་མཁས་པས་རབ་རྟོག་གི་ཐོག་ནསཇ་ཆང་ལྷ་མོའི་བསྟན་བཅོསཡིད་དབང་འཕྲོག་པ་ཞིག་ལྗགས་རྩོམ་གནང་ཡོད་པ་དེའི་རྗེས་སུ་བསྙེགས་ནས།     ཇ་མངར་ལྷ་མོའི་ཡིད་འགུགས་བསྟན་བཅོས་ཤིག་འབྲི་ནའང་བརྗོད་དོན་ཡོད་མུས་ཡིན་མོད།     འོན་ཏེ་སྐབས་སུ་བབས་པ་འདིར་ཇ་ཁང་ནང་སོང་བའི་མཐོང་ཐོས་མྱོང་ཚོར་ཅུང་ཟད་ཅིག་འབྲི་བར་བྱའོ། །     

        ལོ་རབས་བརྒྱད་ཅུ་པའི་ནང་བདག་ཐོག་མར་ལྷ་སར་སླེབས་སྐབས་གནའ་གྲོང་ལྷ་སའི་ནང་ཇ་ཁང་ཉུང་ཤས་ལས་མི་འདུག་པ་ནི།     སྒམ་ཆུང་ཇ་ཁང་ཞེས་ཁང་པ་གྲུ་བཞི་ཆུང་ངུ་ཞིག་ཡོད་པ་འདྲ་བ་རྒྱུ་མཚན་བྱས་ཏེ་མིང་བཏགས་པའི་ཇ་ཁང་ཞིག་དང་།     ལུག་ཚང་ཇ་ཁང་ཞེས་ཁང་པ་སྦྲིག་སུབ་དོག་པོ་ཡོད་པ་ཞིག  ཡང་ཕོ་བྲང་པོ་ཏ་ལའི་མདུན་ངོས་གཡས་ཟུར་དུ་ཁྲ་སིལ་སྣ་ཆུ་ཞེས་ཁང་པའི་སྒོ་དང་སྒེའུ་ཁང་ལ་སོགས་ཤེལ་ཁྲས་ཁྲ་སིལ་སིལ་ཞིག་ཡིན་པ་ལ།    ཇ་སྣ་ཆུ་འདྲ་བ་སླ་པོ་ཞིག་འཚོང་གི་ཡོད་པ་དེའི་དོན་ལ་བལྟོས་ནས་མིང་བཏགས་པའི་ཇ་ཁང་ཞིག  དེ་བཞིན་ཀླུ་སྒུག་ཇ་ཁང་ཞེས་ཇ་ཁང་གནས་ཡུལ་ལ་གཞིགས་ནས་མིང་བཏགས་པའི་ཇ་ཁང་སོགས།   གང་ལྟར་ལྷ་ས་གྲོང་ཁྱེར་རྒྱ་ཆེན་པོ་ཨའུ་ཙམ་ཡོད་ཀྱང་།     ཇ་ཁང་མང་པོ་མེད་ཅིང་།     དེ་དག་ཀྱང་ཕལ་ཆེ་བ་མཉམ་སྡེབ་ཀྱིས་གཉེར་བ་ཞིག་གོབདག་གིས་ཐོག་མར་ཇ་ཁང་དུ་གསོལ་ཇ་ཞུ་བར་བསྐྱོད་སྐབས་ཇའི་བྲོ་བ་གཙོ་བོ་མངར་ཆ་མང་ཙམ་ཡོད་པ་དེ་ཚད་ལྡན་ཡིན་པ་ཁོ་ནར་ཆ་འཇོག་གི་ཡོད་མོད།  འོན་ཏེ་ཡུན་རིང་ཇ་ཁང་དུ་སོང་རྗེས་ཇ་རོགས་རྒན་པ་ཚོའི་ངག་སྒྲོས་དང་།  རང་ཉིད་ཀྱི་ལྕེས་རོ་མྱངས་ཤེས་པར་བརྟེན་ནས་ཇ་པ་རྒན་པོ་ཚོ་དང་མཚུངས་པར་ཇའི་བྲོ་བ་གཙོ་བོ་དེ་པ་ཏི་དྲི་ཞིམ་པ་དང་གར་ཙམ་དགོས་པ་དེ་ཤེས་ནས།     པ་ཏི་ཅུང་གར་བའི་ཇ་ཁང་དུ་འགྲོ་རྒྱུ་དེ་གདམ་ག་ཞིག་ཏུ་གྱུར་ཞིང་།   པ་ཏི་ཉུང་ལ་མངར་ཆ་མང་བའི་ཇ་ཁང་དུ་སླེབས་ཚེ་ཇ་གྷི་ལ་སི་གང་དོ་ཙམ་ལས་འཐུང་མི་འདོད་ལ།     ཇ་རོགས་གཞན་དང་མཉམ་དུ་རང་ཉིད་ཇ་དེའི་བྲོ་བར་མ་མོས་པའི་དཔྱད་བརྗོད་ཤུབ་ཤུབ་ཏུ་གཏོང་མཁན་དུ་གྱུར་མྱོང་ལ།   ཐ་ན་ཐེངས་ཤིག་ཁོ་བོས་ཤོག་ཛར་ལྷེབ་ཙམ་ཞིག་གི་ཐོག"ཇ་ཁང་འདིའི་ཇ་ལ་མང་བ་གཅིག་དང་ཉུང་བ་གཅིག་འདུག  མང་བ་འདི་བྱེ་མ་ཀ་ར་དང་།  ཉུང་བ་དེ་པ་ཏི་རེད"ཅེས་བྲིས་ཏེ་ལྐོག་ཏུ་ཇ་ཁང་གི་རྩིག་པའི་ཐོག་སྦྱར་མྱོང་།   དེ་ནི་ཁོ་བོའི་བསམ་འཆར་ཙམ་རེད།  འོན་ཀྱང་སྐབས་དེར་ཇ་ཁང་གི་ལས་མི་དང་སྦྱིན་བདག་གིས་སྐབས་འཕྲལ་མ་མཐོང་བ་མ་གཏོགས།     གལ་སྲིད་མཐོང་ཚེ།   ཞིམ་པོ་མི་འདུག་ན་ཁྱོད་རང་འཐུང་བར་ཡོང་དགོས་མ་རེད་ཅེས་བརྗོད་རྒྱུ་ནི་སོམ་ཉི་མི་དགོས་པ་ཞིག་རེད།     

        སྐབས་དེ་དུས་ལྷ་ས་ནས་བོད་ཀྱི་ཕྱོགས་བཞི་མཚམས་བརྒྱད་དུ་འགྲིམ་འགྲུལ་སྟབས་བདེ་མེད་ཅིང་།  རླངས་འཁོར་ཡང་ཉུང་ཉུང་ཡིན་སྟབས་ལྷ་སར་ལྟོས་བཅས་ཀྱིས་མི་ཚོགས་ཀྱང་དེ་ཙམ་མཐུག་པོ་མེད་པས་ཇ་ཁང་ཉུང་ཤས་དེ་ཚོའི་ནང་དུ་ཇ་པ་ཡང་ལྷ་ས་བ་རང་མ་གཏོགས་ཕྱོགས་འགྲུལ་མང་པོ་མེད།  ཁྱད་པར་དུ་ལོ་རབས་བརྒྱད་ཅུ་པའི་དུས་མགོར་ལྷ་སའི་འོད་ཟེར་འཛད་སྤྲོད་ཁང་དེ་ཇ་ཁང་དུ་བསྒྱུར་ཙམ་ཡིན་ལ།  ཇ་ཁང་དེའི་ནང་གྲིབ་ཚེ་མཆོག་གླིང་ནས་ཡིན་པའི་བུད་མེད་དངོས་རྫས་རྙིང་པ་འཚོང་མཁན་ཁ་ཤས་ཙམ་མ་གཏོགས་སྤྱིར་ན་ཇ་ཁང་ནང་བུད་མེད་མཐོང་རྒྱུ་མེད་ཅིང་།  བུད་མེད་འགའ་རེས་རང་གི་བཟའ་ཟླ་འཚོལ་བར་ཡོང་ཡང་ཇ་ཁང་གི་སྒོ་རྩ་ནས་མགོ་བོ་བརྙངས་ཏེ་འཚོལ་བ་ལས་ནང་དུ་གཏན་ནས་འཛུལ་སྲོལ་མེད་པ་དེ་ནི་སྔོན་ཆད་བོད་མི་རྒན་གྲས་ཚོས་ཇ་ཁང་ནང་འགྲོ་མཁན་ལ་འཕྱ་དམོད་བྱས་པས་དེས་ན་ཇ་ཁང་སྒོ་ཁར་སླེབས་མ་ཐག་རྟ་ཁ་སྲབ་ཀྱིས་འཐེན་པ་ལྟ་བུ་དེ་བྱུང་།     

        དེ་ཡང་སྔོན་ཆད་སུ་ཞིག་གིས་བརྩམས་མིན་མི་ཤེས་ཀྱང་།   "གསོལ་ཇ་མངར་མོ་མཆོད་དགོས།     གསོལ་མར་མེད་པའི་རྟགས་རེད།     བག་ལེབ་ཀོག་ཀུན་མཆོད་དགོས།     གསོལ་ཞིབ་མེད་པའི་རྟགས་རེད"ཅེས་པའི་བགྲོ་གླེང་དེས་ཀྱང་རང་ཉིད་ལ་འཕྱ་དམོད་འཁེལ་དོགས་ཀྱིས་མི་མང་པོ་ཞིག་གིས་ཇ་འཐུང་འདོད་ཀྱང་གཡོལ་བ་དང་།     བུད་མེད་ཚོ་ཡང་ཤུགས་རྐྱེན་དེས་ཇ་ཁང་ནང་བསྐྱོད་རྒྱུར་འགོག་རྐྱེན་བྱུང་བར་དོགས།     དེར་བརྟེན་སྐབས་དེ་དུས་ཇ་ཁང་དེ་ཚོ་ཆུ་ངོགས་གཏམ་རྒྱུད་ཀྱི་ལེང་ཧྲན་མཚོ་གླིང་གི་ཕོ་རྒོད་འཛོམས་པ་ལྟ་བུར་སྣང་།     

        ཡིན་ནའང་ལོ་རབས་བརྒྱད་ཅུའི་དུས་མཇུག་ནས་ལྷ་སར་ཇ་ཁང་གཉེར་མཁན་ཆར་ཤུལ་གྱི་སྨྱུག་རྩ་རྒྱས་པ་ལྟར་འཕེལ་རྒྱས་བྱུང་ཞིང་།     ར་མོ་ཆེ་ལམ་དང་།     བསྟན་རྒྱས་གླིང་སྲང་ལམ།     སྐྱིད་རས་སྲང་ལམ་སོགས་གང་ལྟར་གྲོང་ཁྱེར་ཧྲིལ་པོའི་སྲང་ལམ་ཀུན་ཏུ་གོམ་པ་བརྒྱ་ཕྲག་སྤོས་མཚམས་ཇ་ཁང་རེ་ཡོད་པར་གྱུར་ཅིང་།     སྔོན་ཆད་བདག་ཚོའི་གྲས་གཞོན་པ་ཚོས་རྟག་པར་ཇ་ཁང་དུ་འགྲོ་བར་རྒྱབ་བཤད་གཏོང་མཁན་ཚོ་ཡང་ཇ་པར་གྱུར་ཅིང་།     བུད་མེད་ཇ་ཁང་ནང་མི་འགྲོ་བ་དེ་ཡང་ད་ཆ་ཇ་ཁང་གི་སྐུ་མགྲོན་གཙོ་བོར་གྱུར་ཡོད།     ཁྱད་པར་དུ་སྔོན་ཆད་ཇ་ཁང་ནང་གཏན་ནས་བསྐྱོད་མི་མྱོང་བའི་རྒན་རྒོན་ཚོ་ཡང་ཇ་མངར་མོའི་བྲོ་བས་བཀུག་སྟེ།     རྩེ་སྐོར་དང་བར་སྐོར་ལ་ཕེབས་ཞོར་དུ་ཇ་ཁང་ནང་ཕེབས་ཀྱི་ཡོད་པས་ཇ་ཁང་ཁག་གཅིག་ནང་རྒན་རྒོན་གྱིས་ཁེངས་ཀྱི་ཡོད་ལ།     ཇ་ཁང་དེ་ཚོའི་གྱང་ལྡེབས་སུ་ཀྲིག་ཅར་དུ་ཕེབས་མཁན་བགྲེས་སོང་ཚོའི་མ་ཎི་ལག་སྐོར་འཇོག་ས་དང་།  ཇ་ཕོར་ཡང་རས་ཁུག་ནང་བླུགས་ཏེ་བཀལ་བཞག་ཡོད།     

        ལྷ་སའི་ཕྱོགས་མཚམས་སྲང་ལམ་ཀུན་ཏུ་འཁྲུག་ཆ་དོད་ཤོས་ཀྱི་ཚོང་ནི་ཇ་མངར་མོ་ཡིན་ལ།     ཇ་ཁང་སོ་སོས་ཀྱང་སྐུ་མགྲོན་གདན་འདྲེན་ཞུ་བའི་འགྲན་རྩོད་དེ་ཇ་ཐུག་གི་སྤུས་ཚད་ཙམ་མིན་པར།     བཞུགས་སར་དང་དོད་བྱེད་པ་དེ་ཡང་ཚུད་ཡོད་ཅིང་།     མིག་སྔར་ལྷ་སའི་ཇ་ཁང་མང་པོ་ཞིག་གིས་གསོལ་ལྕོག་དང་།     གདན་བཀྱག  གསོལ་དམ་སོགས་སྒྲིག་ཆས་ཡོངས་རྫོགས་སྤུས་དག་བཤམས་ཡོད་པ་དང་།     ཇ་ཁང་ཧྲིལ་པོར་ཡང་མཛེས་རྒྱན་སྤྲས་ཏེ་ཇ་པ་རྣམས་ཐུགས་ལྷོད་ལྷོད་ཡོང་བ་བགྱིས་ཡོད།     དེ་ཡང"ཁ་ཞིག་སྐོམ་པའི་དུས་ལ།     ཇ་ལས་ཞིམ་པ་མི་འདུག  ཁྱེད་ལ་ལས་བྲེལ་མེད་ན།     སྐུ་རྐྱང་ནང་ལ་མ་བཞུགས།     ཇ་ཁང་ནང་གི་གཏམ་རྒྱུད།     ལྷ་སྒྲུང་ལས་ཀྱང་སྙན་པ།     ཡ་གིའི་དཔོན་ཆེན་རྣམ་པ།     མཛད་བྲེལ་ག་འདྲ་ཡོད་མེད།     མ་གིའི་དམངས་ཀྱི་འཚོ་བ།     བདེ་སྡུག་ག་འདྲ་ཡོད་མེད།     ཐབས་དང་ཤེས་རབ་དགོས་ན།     ཇ་ཁང་ནང་ནས་རྙེད་ཡོང"ཞེས་པའི་གླུ་གཞས་དེ་དར་སོ་ཆེན་པོ་བྱུང་རྐྱེན་ཡང་ཇ་ཁང་དེ་མིག་སྔར་ལྷ་སའི་མི་རྣམས་ཀྱི་འཚོ་བའི་གྲུབ་ཆ་གལ་ཆེན་ཞིག་ཏུ་གྱུར་བ་མཚོན་པ་ཞིག་དང་།     སྔོན་ཆད་ཀྱི་དམངས་གཞས་དེ་ལས་གོ་དོན་ལྡོག་པ་ནི་ཇ་ཁང་དེ་ཅི་འདྲའི་ངོ་མཚར་ཆེ་བར་འགྱུར་བའི་རྟགས་མཚན་དུ་གྱུར།   

        ཡང་དེ་སྔ་ཇ་མས་ཇ་གྷི་ལཱ་སི་རེ་བླུགས་ཏེ་དངུལ་བསྡུ་བ་དེ་དེང་སྐབས་ཇ་དམ་ཆེ་ཆུང་སྣ་ཚོགས་ཉོ་རྒྱུར་འགྱུར་བ་དེ་ཇ་པ་ཚོར་སྟབས་བདེ་བྱུང་ཡོད་ཅིང་།   ད་ཆ་ཇ་ཁང་གང་ཞིག་ཏུ་བསྐྱོད་ཀྱང་ཆོས་གྲོགས་དང་།   ཚོང་ཤག  སློབ་གྲོགས།   ལས་རོགས་སོགས་ཇ་པ་ཁྱུ་དང་ཁྱུས་ཇ་ཁང་ནང་སླེབས་མ་ཐག་སྤ་སེ་འཚོང་སར་ཇ་ཉོ་རྒྱུར་ཧབ་ཐོབ་རྒྱག་པའི་སྣང་ཚུལ་ཞིག་རྟག་ཏུ་མཐོང་རྒྱུ་ཡོད་ཅིང་།   ཇ་ཉོ་རྒྱུར་ང་ཡིན་ཞེས་པའི་ཚུལ་དེས་བོད་མི་རིགས་བརྩེ་བ་ཟབ་པ་དང་།   སེམས་རྩ་འཁོལ་བ།   ལ་རྒྱ་ལྡན་པ་བཅས་ཡིན་པའི་ངང་ཚུལ་རང་ཤུགས་སུ་འཆར།   ཇ་པ་མང་པོ་ཞིག་གིས་ཇ་འཐུང་བཞིན་དུ་རང་ཉིད་ཀྱི་ལས་ཀ་དང་འཚོ་བའི་སྐོར་གླེང་གི་ཡོད་ལ།   ཡང་ཇུས་མེད་ཇུས་འཁྲིའི་ཐོག་ནས་མི་གཞན་གྱི་སྤྱོད་ལམ་དང་བྱ་གཞག་གི་སྐོར་སོགས་ཀྱང་གླེང་གི་ཡོད་པས།   སྐད་སྒྲའི་ཁྲོད་དུ་རྣ་བས་ཞིབ་ཏུ་ཉན་ན་གླེང་མོལ་གྱི་བརྗོད་བྱ་ཧ་ཅང་ཕུན་སུམ་ཚོགས་པོ་ཡོད་པ་ནི་སྨོས་ཅི་དགོས།   སྤྱིར་ཇ་པ་ཚང་མས་ཁྱིམ་དུ་ཇ་མངར་མོ་ཡག་པོ་བཟོས་ཀྱང་དེ་ལས་ཇ་ཁང་གི་ཇ་ལ་དགའ་བ་བྱེད་པ་མཐོང་ཆོས་སུ་གྱུར་ཅིང་།   དེ་ལྟར་བྱེད་དོན་ནི་ཇ་ཁང་ནང་མི་སྣ་འཛོམས་པས་མཐོང་རྒྱ་ཆེ་རུ་འགྲོ་བ་དང་།   སྐད་ཆ་མང་བས་ཐོས་རྒྱ་ཆེ་བས་ཡིན་ནོ།   ཇ་མངར་མོའི་པ་ཏི་ནི་ངོ་བོ་བསིལ་བར་གཏོགས་པ་དང་།   འོ་རྩམ་དང་མངར་ཆ་ནི་རོ་མངར་ལ་སྣུམ་ཞིང་ལྕི་བར་གཏོགས་པས་འཐུང་ཁ་མཐོ་ན།   ཁྲག་མཁྲིས་དང་།   བད་རླུང་།   མཁལ་མ་སོགས་དོན་ལྔ་སྣོད་དྲུག་གི་ཆ་ཤས་ལ་གནོད་ཀྱི་ཡོད་ལ།   ཁྱད་པར་དུ་འོ་རྩམ་གཙོ་བོར་གྱུར་པའི་ཇའི་རྒྱུ་ཆ་སྤུས་ཚད་མ་ལྡན་ཕྱིར།   གནོད་ཚབས་ཆེ་བ་ནི་གསོ་རིག་ཐད་ནས་རིགས་པས་ཁུངས་སྐྱེལ་ཐུབ་པ་ཞིག་ཡིན་མོད།   འོན་ཀྱང་མཛུབ་རྩིས་རྒྱག་སྐབས་བདག་ལྟ་བུས་ད་བར་ལོ་སུམ་ཅུའི་རིང་ཇ་མངར་མོ་ཉིན་གཅིག་ལ་དཔེ་བཞག་པ་བཞིན་བཏུང་སྟེ་ད་བར་གཟུགས་གཞིར་དེས་རྐྱེན་པའི་ནད་གཞི་མ་ཐོན་པ་འདི་ཇ་པ་གཞན་དག་མང་པོ་ཞིག་ཀྱང་གཅིག་པ་ཡིན་ཤས་ཆེ།   

        ལྷ་སར་ཇ་ཁང་ཇི་ཙམ་གཉེར་ཡང་ཚང་མའི་ནང་ཇ་པས་ཁེངས་སྡོད་པ་དེ་ནི་ཇ་མངར་མོར་དབྱིངས་ཞུགས་ཙ་ན་ཉལ་ཐར་དབྱིངས་ཞུགས་པ་དང་འདྲ་པོ་ཡིན་བཞག་ལ།   ཡང་ན་ཇའི་ལྷ་མོ་དེ་རྫུ་འཕྲུལ་ཤིན་ཏུ་ཆེ་བ་ཞིག་མིན་ནམ་སྙམ།   ཇ་ཁང་དང་ཇ་པའི་སྐོར་བཤད་ན་གྲོད་པ་ཁ་ཤོར་བ་ལྟ་བུའི་བརྗོད་དོན་རྫོགས་རྒྱུ་མེད་པ་ཡོད་མོད།   མང་པོ་ཉུང་བསྡུས་ཀྱི་ཐོག་ནས་འདིར་མཇུག་ཏུ་བདག་གིས་མ་བསྐུལ་རང་མོས་ངང་ཇ་པ་ཚོའི་སྐུ་ཚབ་ཞུ་བའི་ཐོག་ནས་ཇ་ཁང་ཇེ་མང་དུ་འགྲོ་བའི་ཇ་ཐུག་གི་སྤུས་ཚད་ལེགས་སུ་འགྲོ་བ་དང་།   ཉིན་ལྟར་ཀྲིག་ཅར་ཐོག་ཇ་ཁང་དུ་ཕེབས་མཁན་ཚོ་གསོལ་ཇ་མངར་མོས་རྐྱེན་བྱས་པའི་སྙུང་གཞི་ཅི་ཡང་མི་ཕོག་པར་སྐུ་འཚོ་གསལ་ཐང་ཡོང་བ་དང་ལོ་བརྒྱའི་ཕྲེང་ཤལ་གྱོན་པའི་ཇ་པ་བགྲེས་སོང་ཤ་སྟག་ཏུ་འགྱུར་བའི་སྨོན་འདུན་ཞུ་རྒྱུ་ཡིན་ནོ། 

སྤྱི་ལོ་2016ལོའི་ཟླ་བཞི་པར་ལྷ་སར་བྲིས།


རྩོམ་ཡིག་སྔོན་མ།
རྒྱུག་ཁྱི།
རྩོམ་ཡིག་རྗེས་མ།
རྗེས་དྲན་ཡིད་ཀྱི་མཆོད་པ།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1