རྗེས་དྲན་ཡིད་ཀྱི་མཆོད་པ།

འགྱུར་མེད་ཚེ་དབང་། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 12-14


        དུས་ཚོད་ནི་རྒྱའི་རྩོམ་པ་པོ་ཀྲུའུ་ཙི་ཆིང་གིས་གསུངས་པ་བཞིན་ངོ་མ་ཅི་འདྲའི་བྲེལ་འཚུབ་ཆེ་བ་ཞིག་རེད་ཨང་།   སྣབས་ལུད་རྒྱན་དུ་འཆོར་ཞིང་ཐལ་རྡུལ་ལ་སྦེར་ག་འགྲན་པའི་པྲ་ཚགས་བྱིས་པ་ང་ཡུད་ཙམ་ཞིག་ལ་མི་ལོ་སུམ་ཅུའི་འཁོར་ལོ་བསྐོར་ཟིན་ལ་རྨི་ལམ་ལྟ་བུའི་མི་ལོ་སུམ་ཅུར་དུས་ཀྱི་གཤེད་མས་ངའི་བྱམས་བརྩེའི་སྤོ་བོ་ལགས་ཁོང་ཡང་མི་ཡུལ་ནས་གཏན་དུ་བཙན་ཁྲིད་བྱས།   

        བྱིས་དུས།   ཕ་མ་གཉིས་ལ་བུ་ཕྲུག་མང་བའི་ཁར་ཁྱིམ་ཚང་གི་འཚོ་བ་ངན་ངོན་ལས་མེད་རྐྱེན་རང་ལོ་གསུམ་ཙམ་ལས་མ་སོན་པའི་ང་སྤོ་བོ་ཁོང་གིས་གསོ་ཉར་གནང་རྒྱུའི་ཞལ་བཞེས་ཏེ་རང་ཡུལ་དང་བར་ཐག་ཅུང་རིང་བའི་ལྕགས་རི་གྲོང་ཚོར་འཁྲིད་ཕེབས།   "ལྕགས་རི་གཟིམ་ཁང"ཞེས་པ་དེ་ངའི་མ་རྒྱུད་ཀྱི་ཁྱིམ་གཞིས་ཆེན་མོ་ཡིན་ལ་ལོ་རྒྱུས་ཐོག་གཞུང་དྲང་ལ་བློ་རིག་ལྡན་པའི་སྐྱེ་བོ་དུ་མ་འདི་ནས་འཚར་ལོངས་བྱུང་བས"ལྕགས་རི་གཟིམ"ཞེས་པའི་གྲོང་མིང་དེ་སུ་ལ་བོས་ཀྱང་མགོ་བོ་དགྱེ་ཆོག་ཆོག་ཡིན།   ཡིན་ན་ཡང་ལོ་རྒྱུས་ཀྱི་རླབས་རྒྱུན་དྲག་པོའི་ཁྲོད་དུ།   དུས་ཀྱི་འགྱུར་བག་ཁྲོད་དུ།   ཁྱིམ་ཚང་འདིའི་མཚན་དང་སྙན་གྲགས་སྔ་མ་ལྟར་མེད་རུང་ལོ་རྒྱུས་ཡུན་རིང་ལྡན་པའི་ཁྱིམ་ཚང་ཆེན་མོ་ཞིག་གི་ངོས་ནས་ཕྱི་ཡི་སྟོབས་འབྱོར་དང་ནང་གི་འཁོས་ཀ་སོགས་མི་སྨོན་རང་སྐྱིད་ཡིན།   ཕྲུ་གུའི་རྒན་འགོ་ཡིན་པའི་ཨ་མ་ལགས་ཁོང་རང་ལོ་ཉེར་གསུམ་ནས་ཨ་ཕའི་ཁྱིམ་དུ་མནའ་མར་ཕེབས་ཟིན་ཡང་གཞན་གཅུང་མོ་ལྔ་དང་གཅུང་པོ་གཅིག་ད་དུང་ཁྱིམ་ཚང་འདི་གར་རུབ་རུབ་དུ་ཡོད་ལ་ལྷག་དོན་དུ་སྤོ་བོ་དང་།   ཞང་ཞང་ལགས།   རྨོ་བོ་ལགས་སོགས་རྒན་རབས་དུ་མ་འཚོ་བཞུགས་སུ་གནས་པས་ཁོང་རྣམ་པའི་གཟིགས་སྐྱོང་འོག་ངའི་བྱིས་དུས་ཀྱི་འཚོ་བ་ནི་ཅི་འདྲའི་བདེ་སྐྱིད་ལྡན་པ་ཞིག་རེད་ཨང་།   མ་གཞི་རྨོ་བོ་ལགས་དང་ཞང་ཞང་འདས་པོ་གཉིས་པོའི་བཞིན་གྱི་དཀྱིལ་འཁོར་ད་ཆ་ལོ་ཟླའི་སྨུག་པས་བསྒྲིབས་ཏེ་ངའི་ཡིད་ཡུལ་དུ་འཆར་མི་ཐུབ་ཀྱང་ཁོང་རྣམ་གཉིས་ཀྱི་བྱམས་བརྩེའི་དྲོད་ཁོལ་ངའི་ཤ་རྐང་རུས་གསུམ་ལ་སིམས་ཡོད་པས་རང་ལུས་འདི་ས་?ར་མ་འཐིམས་བར་ངས་ཅི་ནས་ཀྱང་བརྗེད་ཐབས་མེད།   

        ངའི་སྤོ་བོ་དམ་པ་ཁོང་ནི་དུས་འགྱུར་དབང་གིས་རིག་གནས་སྦྱོང་བའི་སྐལ་བ་མ་ཐོབ་ལ་ཡང་དུས་འགྱུར་དབང་གིས་རུ་ཁག་གི་ཆེད་ལས་ལུག་རྫི་ཞིག་ཏུ་གྱུར།   མ་གཞི་བཅིངས་འགྲོལ་ཐོབ་རྗེས་འགན་གཙང་ལམ་ལུགས་གསར་དུ་སྤེལ་ཡང་སྤོ་བོ་ལགས་ཁོང་གིས་རང་ཉིད་ཀྱི་ལས་གནས་འདིར་འགྱུར་བ་རྩ་བ་ནས་བཏང་མ་མྱོང་།   རི་མཐོན་པོ་གོམ་གྱིས་འཇལ་ཞིང་།   གཡང་གཟར་པོ་བྲང་གིས་འཇལ།   ཁ་ཆར་བུ་ཡུག་གདོང་གིས་བསུས་ཤིང་གྲང་རླུང་ངར་མོ་ལུས་ཀྱིས་བཀག  སད་དང་སེར་བ་ཐོད་ལ་བླངས་ཏེ་གཡང་དཀར་ལུག་ཁྱུའི་འཚོ་ཐབས་ལ་ལེགས་སྐྱེས་འབུལ་རྒྱུ་ནི་སྤོ་བོ་ཁོང་གི་མི་ཚེ་ཧྲིལ་པོར་ཆེས་དོན་སྙིང་ལྡན་པའི་བྱ་གཞག་ཞིག་ཏུ་གྱུར།   ང་རང་ཡང་ཆུང་དུས་ནས་ཁོང་ལ་ཤིན་ཏུ་བརྩི་ལ་ཁོང་གིས་ཀྱང་བདག་ལ་ཤིན་ཏུ་གཅེས་པས་ང་གཉིས་ནི་ལུས་དང་གྲིབ་མ་བཞིན་དུ་གནས་ལ་རི་ལྕོག་དང་།   ཁྲི་སྣང་།   བྱིའུ་ཚང་སོགས་ཕ་ཡུལ་གྱི་རི་སུལ་གང་སར་ང་གཉིས་ཀྱི་རྐང་རྗེས་གང་མང་བཞག་མྱོང་ལ་རི་ལ་རི་རྒྱུད་ཁག་གི་ལྷ་སྒྲུང་དང་འབྲེལ་བའི་གཏམ་རྒྱུད་གང་མང་ཞིག་སྤོ་བོ་ལགས་ཀྱིས་ངའི་རྣ་ལམ་དུ་ཡང་ཡང་བརྗོད་མྱོང་།   ཡིན་ན་ཡང་།   དེ་དུས་ང་ནི་འབྲོག་ཕྲུག་འཁྲུལ་མེད་ཅིག་ཡིན་ལ་ལྕགས་རིའི་ཕོ་མོ་རྒན་གཞོན་ཡོངས་ཀྱིས་ཀྱང་ང་ལ"འབྲོག་པ་དང་འབྲོག་ཕྲུག"ཅེས་ཡང་ནས་ཡང་དུ་འཕྱ་མྱོང་ཡང་ངས་གནས་ཚུལ་དེར་སེམས་འཛིན་རྩ་བ་ནས་བྱས་མ་མྱོང་ལ་ཕྱིས་འབྱུང་ཡང་བྱེད་མི་སྲིད།   འཚུབ་པ་སྤྲེལ་རྒན་ལྷ་ཡུལ་ལ་ཤོར་བ་དང་ལྐུགས་པ་ཕག་རྒན་བདུད་ཀྱིས་སྤྲུལ་བ་བཞིན་གྱི་ངས་ནམ་རྒྱུན་སྤོ་བོས་གསུངས་པའི་ཡུལ་ལྷ་གཞིས་བདག་དང་སྐྱེས་ལྷ་སྐྱེས་བཙན་སོགས་ཀྱི་ཐ་སྙད་དེ་དག་ལ་སྣང་བ་གཏོང་མྱོང་མེད་ལ་ལྷག་པར་དེ་དག་གནས་སའི་རི་ལ་རི་རྒྱུད་ཐོག་ལུག་ཁྱུ་ཡར་འདེད་མར་ཕུད་བྱ་དུས་རྩེད་སྐྱག་ཏུ་དྲི་ངན་གནམ་ས་འགེངས་པ་ལྟ་བུ་ཡང་གློད་མྱོང་།   ལྷག་པར་དུ་ཉིན་ཞིག་སྤོ་བོས་ང་རང་ཟེར་སྒྲོས་སུ་ཕ་ཡུལ་གྱི་ལྷ་ཆེན་གནས་སའི་རི་བོ་ཁྲི་སྣང་ཞེས་པ་ཞིག་ཡོད་པའི་ཐོག་ཏུ་ལུག་ཁྱུ་ཁ་བསྐོར་བར་མངགས་གནང་བ་དང་ལམ་རྒྱགས་སུ་ལུག་རྒྱུ་རིང་མོ་ཞིག་ཀྱང་གནང་།   རི་ཐོག་ཏུ་སླེབས་རྗེས་ངས་ལུག་རྣམས་སྤོ་བའི་མངགས་བྱ་བཞིན་ཁ་བསྐོར་ཟིན་རྗེས་མེ་ཤིང་སྐམ་པོ་ཁ་ཤས་བསྒྲུགས་ཏེ(ནམ་རྒྱུན་རི་དེར་མེ་ཤིང་འཐུ་མཁན་མེད།) མེ་ཟེར་བ་རི་ལ་ཤོར་མི་ཡོང་ངམ་སྙམ་པ་ཞིག་སྤར་ཏེ་རྒྱུ་མ་བཀྲག་པ་དང་ཡིད་ཚིམ་པ་ཞིག་ཟོས་ཏེ་འཚིག་འཕྲོར་ལུས་པ་དག་གནམ་ལ་གཏོར་ཏེ་ལྷ་ཁྱེད་བཟོ་ཨང་ཞེས་ཟེར་ནས་འོངས།   ཏག་ཏག་དེའི་ནུབ་མོ་ང་མགོ་བོ་གས་མི་ཡོང་ངམ་སྙམ་པའི་ཟུག་གཟེར་གྱིས་རྐང་འཁྲབ་ལག་འཁྲབ་བྱེད་དགོས་བྱུང་ལ་ནད་ལ་རྒྱུས་མངའ་མེད་པའི་སྤོ་བོས་རས་དམར་པོ་ཞིག་གིས་ངའི་མགོ་བོ་དེ་སླར་ཡང་ཆག་མི་ཡོང་ངམ་སྙམ་པ་ཞིག་བསྡམས།   དངངས་སྐྲག་གི་ཀློང་དུ་ཚུད་པའི་སྤོ་བོས་འདར་སྐད་ལྷང་ལྷང་ངང་དེ་ཉིན་ཅི་བྱས་ཀྱི་སྐོར་བཀའ་འདྲི་གནང་ལ་ངས་ཀྱང་འོ་དོད་ཀྱི་ཀློང་ནས་དེ་ཉིན་གྱི་གནས་ཚུལ་ཚང་མ་ཁོང་ལ་ཞུས།  །འུ་ཐུག་ཐབས་ཟད་ཀྱི་སྤོ་བོས་དེ་ནུབ་བྲེལ་བྲེལ་འཚུབ་འཚུབ་ངང་མལ་ལས་བཞེངས་ཤིང་གསལ་ལ་མ་གསལ་གྱི་སྣུམ་བཞུའི་འོག་ཏུ་སྦར་སྙོབ་དང་ཞར་མཆོངས་ཅིག་ཅར་དུ་བསང་དུད་གྲ་སྒྲིག་གནང་བ་དང་དེ་ནས་སླར་ཁང་པའི་ཕྱིར་ཕེབས་ཏེ་དུས་ཚོད་མང་ཙམ་ཞིག་འགོར།   སྤོ་བོ་ལགས་ཚུར་ཕེབས་དུས་ངའི་ན་ཟུག་ཡོངས་སུ་འཇགས་ཟིན་པས་སྤོ་བོ་ལགས་ཀྱི་དམིགས་བསལ་བཅོས་ཐབས་དེ་ལ་ཡ་མཚན་ཆེན་པོ་སྐྱེས།   གང་ལྟར་ཁོང་དེའི་ནུབ་མོ་གང་དུ་ཕེབས་པ་དང་བཅོས་ཐབས་གང་ཞིག་གནང་བ་ངས་མ་ཤེས་ཀྱང་ཁོང་གི་ལུས་པོ་དགུན་གྱི་འཁྱགས་པ་བཞིན་དུ་འགྱུར་ཟིན་ལ།   དཔྲལ་བའི་གཉེར་རིས་ལས་ཚ་བས་གཟིར་བ་ལྟ་བུའི་རྔུལ་ཆུ་བང་འགྲན་པ་ལྟར་ཐོན་ཡོང་དུས་སྤོ་བོ་ལགས་ཀྱིས་ངའི་དོན་དུ་ཐུགས་ཁྲལ་ཇི་ཙམ་ཞིག་གནང་བ་ཤེས་ཐུབ། །   

        "འབྲོག་ཕྲུག"ཏུ་འཕྱ་བའི་ངས་དེ་ལྟར་ཁོང་ཉིད་ལ་བསམ་ཡུལ་ལས་འདས་པའི་དངངས་སྐྲག་དང་ཁོང་ཁྲོ་ཇི་ལྟར་བསླངས་ཀྱང་ཐང་བདེ་མོར་ལག་པས་བསྐྱོར་ཁྲིད་དང་འགག་དོག་སར་གཉའ་བར་བཏེགས་ནས་ངའི་བྱིས་དུས་ཀྱི་བསམ་མེད་འཚོ་བར་དགའ་མགུ་དང་སྤྲོ་སྣང་སྟེར་མཁན་ཁྱེད་རང་ལས་མ་འདས།   པྲ་ཚགས་ཀྱི་བྱིས་པ་ཞིག་དང་སྨྲ་མ་ཤེས་པའི་ལུག་ཁྱུ་ཁྱུ་གཅིག་དང་ལྷན་དུ།   སྐུ་ཉིད་ཀྱི་མི་ལོ་ལྔ་བཅུ་དེ་ལྟར་དུ་ཟད་ཀྱང་ཁྱེད་ཀྱིས་སུ་དང་གང་ལ་གསུངས་མྱོང་།   ཐ་ན་སྐུ་ཉིད་འཇིག་རྟེན་འདི་ལས་བདེ་བར་གཟིམས་དུས་ཀྱང་དབུགས་རིང་ཞིག་ཀྱང་འབྱིན་མ་མྱོང་།   སྤོ་བོ་ལགས།   ཁྱེད་ཀྱིས་དྲན་གནང་ངམ།   ང་རང་རང་ལོ་དགུ་ལ་སོན་པའི་ཉིན་ཞིག་འུ་གཉིས"རྩྭ་ཏོག་སྒང"ཞེས་པའི་ང་ཚོའི་ཁྱིམ་ཚང་གི་ཞིང་ར་དེར་ཁྱེད་རང་རྨོན་གཉའ་བསྡེབས་ནས་འདེབས་ལས་གནང་གིན་ཡོད་ལ་ངས་ལུག་ཁྱུ་དེད་ནས་ཞིང་ནང་གི་རན་པ་བཟའ་རུ་བཅུག་གིན་ཡོད།   འོན་ཀྱང་།   ཐེའུ་རང་ལུས་ལ་འཁྱུད་པ་ལྟ་བུའི་ངས་ཞིང་ནང་དུ་འཕགས་ཆེན་རྒྱག་པ་དང་ལྷན་དུ་སྐད་ལྷད་མེད་ཅིག་བརྒྱབ་པས་ཁྱེད་ཀྱི་རྨོན་མཛོ་འདྲོགས་པ་དང་།   རྨོན་མཛོ་དངངས་པས་མ་མོ་ཞིག་ལ་བརྡུངས་ནས་མ་མོ་དེའི་གྲོད་པ་བརྟོལ་ཏེ་རྒྱུ་མ་ཡང་འཛགས་གྲབས་བྱེད་པའི་གནས་སུ་འདུག  སྐབས་དེར་ང་ནི་ཆག་སྒོ་གནམ་ལ་མི་ཤོང་བ་ཞིག་བསླངས་སོང་སྙམ་པའི་ཞེད་སྣང་དང་ལྷན་དུ་སྤོ་བོ་ལགས་ཀྱི་ཐལ་ལྕག་གཟེད་རྒྱུར་སྒུག་ཡོད།   ཡིན་ན་ཡང་།   ཁྱེད་ཀྱིས་ཕལ་ཆེར་ངའི་རང་གཤིས་སྔ་མོ་ནས་རྟོགས་ཟིན་པས་ཡིན་ནམ།   ཡང་ན་ང་ཁྱེད་རང་གི་སྙིང་གི་ཚི་ལུར་གྱུར་ཟིན་པས་ཡིན་ནམ་མི་ཤེས།   གང་ལྟར་ང་ལ་ཚིག་གི་སློབ་གསོ་ཙམ་དང་མ་མོ་དེའི་གོད་ཆག་ལ་སྙིང་རྗེ་མ་སྐྱེའམ་ཞེས་པའི་ལྡོག་འདྲི་ཙམ་ལས་གཞན་གང་ཡང་མ་གནང་།   གྲོད་པ་རལ་བའི་མ་མོ་དེ་ཁྱེད་ཀྱིས་པང་དུ་བཟུང་ཞིང་དེ་རང་ལས་བལ་ལེའུ་གཅིག་ཙམ་ཞིག་བཏོགས་རྗེས་སྐུད་པ་བཟོས་ནས་འཛགས་ཡོང་བའི་རྒྱུ་མ་རྣམས་ཕྱག་གིས་འདར་སིག་སིག་ངང་ནང་དུ་བླུགས་པ་དང་དུས་ཡུན་ཆུ་ཚོད་གཅིག་ཙམ་ནང་ལུག་དེ་ལ་གཤགས་བཅོས་ལེགས་པར་མཛད།   བསམ་ཡུལ་ལས་འདས་པ་ཞིག་ལ་ལུག་དེ་མ་ཤི་གསོན་གནས་བྱུང་བ་དང་ལྷག་པར་དུ་ཁོང་ཉིད་ནས་ནམ་རྒྱུན་ལྟ་རྟོག་གང་ལེགས་གནང་བའི་རྐྱེན་པས་ལུག་ཁྱུ་གཞན་ལས་ཀྱང་ཤ་ཤེད་འབྱོར་བ་དང་སྟོབས་ཆེ་བར་གྱུར།   ཁོང་གིས་དེ་ལྟར་ལུག་གི་འཆི་གསོན་ལ་བསམ་གཞིག་གནང་བ་ཐེངས་གཅིག་མིན་ལ་རྐང་ཆག་ལག་ཆག་བྱུང་བའི་ལུག་ལ་སྨན་བཅོས་གནང་བ་གྲངས་མེད་ཡིན། །   

        ཚེ་གང་བྲག་གསེང་དང་རི་སུལ་གནས་སུ་བཅའ་ཞིང་།   སུག་བཞིའི་ལུག་ཁྱུ་དང་འགྲོགས་པའི་ཁྱེད་ལ་ལུག་རྫི་རྒན་པོའི་མཚན་མིང་ཙམ་ལས་གཞན་གང་ཡང་ཡོད་མི་སྲིད་ལ་འཇིག་རྟེན་གྱི་མི་ཀུན་ལ་ཡོད་པའི་འདོད་ཞེན་དང་གཡོ་སྒྱུ་དེ་བས་སྐུ་ཉིད་ཀྱི་ལུས་ལ་དྲི་མ་ཙམ་ཡང་འགོས་མ་མྱོང་བར་བརྟེན་ཁྱེད་ལ"འཇོན་ཐང"ཅན་གྱི་མཚན་མིང་དེ་ནམ་ཡང་ཐོབ་མི་ཐུབ།   ཡིན་ན་ཡང་།   ལུག་ཁྱུའི་སེམས་ན་ཁྱེད་སྤྱན་རས་གཟིགས་ཀྱི་སྤྲུལ་པ་དེ་ཡིན་ངེས་ལ་ངའི་སེམས་ན་ཁྱེད་རང་འདོད་ཆུང་ཆོག་ཤེས་ཅན་གྱི་རྣལ་འབྱོར་པ་དེ་ཁོ་ན་ཡིན།   རང་ལོ་གསུམ་ནས་བཅུ་བར་ང་ནི་སྤོ་བོ་ལགས་ཁྱེད་ཀྱི་གྲིབ་གཟུགས་དེ་ཡིན་ལ་སྤོ་བོ་ལགས་ཁྱེད་ནི་དེ་ལ་འཁོར་བའི་ལུས་ཟུངས་དེ་ཡིན་འདུག  འབྲལ་མེད་ཀྱི་བརྩེ་དུང་ཡོད་པ་བདེན་དུ་ཆུག་ཀྱང་ཁྱེད་ཀྱིས་ང་འབྲོག་ཕྲུག་གླེན་ལྐུགས་ཅན་དེ་ལ་མི་བརྩི་བར་སྙིང་ལ་རུས་པ་ཡོད་པའི་བྱིས་པ་སྤྱང་གྲུང་ཅན་ཞིག་ཏུ་རློམ་ནས་ཚེ་གང་རང་ཉིད་དང་ལས་དབང་གཅིག་པའི་མི་བུ་རུ་མི་སྐྱོང་བར་སློབ་གྲྭའི་སྐྱེད་ཚལ་དུ་མངགས་ནས་དུས་རབས་ཀྱི་གྲལ་དུ་ཚུད་ཐུབ་པའི་སློབ་བུ་ཞིག་ཏུ་གསོ་སྐྱོང་མཛད།   འོ་ན་ངའི་སྤོ་བོ་ལུག་རྫི་རྒན་པོའི་མཚན་མིང་ཙམ་ཐོགས་པའི་མི་རྒན་དེ་ཡིན་ནམ།   འདོད་ཆུང་ཆོག་ཤེས་ཅན་གྱི་བསམ་པའི་འཁྱེར་བཟོ་ལས"ལྕགས་རི་གཟིམ"གྱི་མི་ཚང་འདིར་སྤོ་བོ་དམ་པའི་སྐུ་དུས་ལ་མི་ཚང་མ་སེམས་ཤོར་བའི་རྒྱུ་ནོར་ལོངས་སྤྱོད་གང་ཡང་བྱུང་མེད།   ཡིན་ན་ཡང་།   བུ་ཕྲུག་ཚང་མ་གྲོང་ཁྱེར་ལ་ཕྱོགས་ཏེ་ཞིང་ས་གཤིན་པོ་ཐང་ལ་བསྐྱུར་བའི་དུས་ངན་འདིར།   ཉིད་ཀྱི་སྙིང་ལ་འཁེན་པའི་སྡུག་བསྔལ་མི་ཤོང་བ་ཞིག་འདུག་ལ་ཉིད་ཀྱི་མཐའ་མའི་སྐུ་སྲོག་ཡང་འདི་རང་གིས་འཕྲོག་གམ་སྙམ།   མི་རབས་ནས་མི་རབས་བར་བརྒྱུད་མྱོང་བའི་ཁྱིམ་ཚང་འདིར་མི་རྒྱུད་འཛིན་མཁན་མེད་པས་ཉིད་ཀྱིས་དུས་རྒྱུན་ནས་གནས་ཚུལ་འདིའི་སྐོར་གསུངས་པ་མང་དུ་ཐོས་ལ་དེའི་དོན་དུ་མཆི་མ་བོར་བ་ཡང་མང་དུ་མཐོང་བྱུང་།   སྐབས་རེ་མཆོད་ཆང་གིས་སྐུ་ར་བེར་དུས"ཁྱིམ་ཚང་འདི་ངའི་དུས་སུ་བརླགས་ཉེན་འདུག"གསུངས་ཀྱིན་དངོས་སུ་བཤུམས་པ་ཡང་ཐེངས་གཅིག་ག་ལ་ཡིན།   མ་གཞི་སྤོ་བོ་ལགས་ཁྱེད་ནས་ཁྱིམ་ཚང་འདི་དང་བུ་ཕྲུག་སོ་སོའི་མ་འོངས་པར་ཚགས་ཚུད་པའི་བཀོད་སྒྲིག་གནང་བར་ཐེ་ཚོམ་མེད་ཀྱང་དུས་ཀྱི་རླུང་བུའི་རྒྱུ་ཕྱོགས་ཀྱིས་ཁྱིམ་ཚང་འདི་དང་།   བུ་ཕྲུག་སོ་སོའི་ལས་དབང་གི་ཁ་ཕྱོགས་སྔར་ནས་བསྟན་ཟིན་པས་སྐུ་ཉིད་ལ་ལན་ཁག་ཅི་ཡོད།   ཁྱིམ་དུ་ཡོད་པའི་སྲུ་མོ་རྒན་པར་བུ་མོ་གཅིག་ལས་མ་བྱུང་བ་ལས་ཀྱི་བསྐོས་ཐང་ཡིན་ལ་བུ་མོ་གཅིག་པུ་དེ་དཔུང་པ་ས་འོག་ཏུ་འཇུག་མི་ནུས་པ་དེ་གནམ་འོག་ཕ་མའི་སེམས་ཡིན་ལ་སྤོ་བོ་ལགས་ཉིད་ཀྱི་འདོད་བློ་ཡང་རེད།   ཉམ་ཆུང་གི་བུ་མོ་འདི་ཤེས་རིག་གི་ལམ་བུར་བརྫངས་པ་སྤོ་བོ་ཉིད་ལ་གནོང་འགྱོད་མེད་ཀྱང་སྲུ་མོར་ཁྱིམ་རྒྱུད་འཛིན་མཁན་གྱི་བུ་ཞིག་མ་བྱུང་བ་ནི་སྐུ་ཉིད་ཕྱི་མའི་ལམ་ལ་ཕེབས་ཀྱང་སེམས་ལ་བསྣམས་པའི་?ག་ཁྲེས་དེ་ཡིན།   ཁྱེད་ཚོས་གསུངས་དང་།   འདི་ནི་ཅི་འདྲའི་རླབས་ཆེ་བའི་བསམ་བློ་ཞིག་རེད་ཨང་།   ལྷག་དོན་དུ་འདི་དང་འདི་འདྲའི་བསམ་བློའི་སྡུག་བསྔལ་ཞིང་ཁུལ་གྱི་ཕ་རྒན་ཇི་ཙམ་ཞིག་ལ་ཡོད་ཨང་།   ཕ་མའི་བུ་ཕྲུག་རེ་རེ་ཧྲེང་ཧྲེང་ངང་ཞིང་ཁུལ་ནས་གྲོང་ཁྱེར་ལ་ཕྱོགས་དུས་གྲོང་གསེབ་ཀྱི་ཁྱིམ་ཚང་རེ་རེ་བརླག་པ་མཚོན་ལ་ཁྱིམ་ཚང་རེ་རེ་ནས་གྲོང་གསེབ་ཀྱི་ཐ་སྙད་བརླགས་པ་མཚོན་ཡོད།   འདི་ནི་བོད་ཀྱི་ངོ་ཚ་ཡིན་ལ་མེས་རྒྱལ་གྱི་གྱོང་གུན་ཡང་རེད།   སྤོ་བོ་ལགས་ཀྱི་ཐུགས་ཁྲལ་འདི་ནི་ཅི་འདྲའི་མིག་རྒྱང་རིང་བ་ཞིག་ཡིན་པས་ངའི་སྤོ་བོ"འཇོན་ཐང"མེད་པའི་ལུག་རྫི་རྒན་པོ་ཁོ་ན་ཙམ་ཨེ་ཡིན།   

        སྤོ་བོ་ལགས།   སྐུ་ཉིད་ལ་གནམ་ས་གཡོ་བའི་མཛད་རྗེས་མེད་རུང་།   ཕྱོགས་བཞིར་ཁྱབ་པའི་མཚན་སྙན་མེད་རུང་།   ལུག་རྫི་རྒན་པོ་ཞིག་གི་མིང་ཐོག་ནས་བྱམས་དང་སྙིང་རྗེའི་རང་གཤིས་ལྡན་ལ་རང་གི་མི་རྒྱུད་ནས་ཕ་ས་ཕ་ཡུལ་ལ་བཅངས་པའི་ལྷད་མེད་དྭངས་གཙང་གི་ཐུགས་གཤིས་ཤིག་མཆིས་པས་ཉིད་རང་སྐུ་ཚེ་ཕྱི་མའི་ལམ་དུ་བདེ་བར་ཕེབས་ཆོག་ཨང་།   ཁྱེད་ཀྱི་ཚ་བོས་འདི་ན་མར་མེ་སྟོང་གི་འོད་སྣང་དང་ལྷན་དུ་ཁྱེད་བདེ་བར་གཟིམས་ནས་ཞག་ཞེ་དགུ་སོང་བའི་རྗེས་དྲན་དུ་ཡིད་གདུང་གི་མཆོད་པ་འདི་ཙམ་ལས་འབུལ་མི་ཐུབ་པར་དགོངས་དག་ཞུ།  

ངའི་བྱམས་བརྩེའི་སྤོ་བོ་ལགས་ཨང་།   ངའི་སྙིང་ནས་བརྩེ་བའི་སྤོ་བོ་ལགས་ཨང་།  

ལེ་ཚན་འདིའི་རྩོམ་སྒྲིག་འགན་འཁུར་བ།  ལྷ་གཡང་ནོར་བུ།


རྩོམ་ཡིག་སྔོན་མ།
བདག་དང་གསོལ་ཇ་མངར་མོ།
རྩོམ་ཡིག་རྗེས་མ།
ཨ་མ། (ཞར་བཀོད་གཅིག)

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1