བྲག་སྲིན་གཟུགས་འཛིན་བོད་པའི་མ་ལོ་སྟེ། །
རྒྱལ་ཡུམ་ཁྲོ་གཉེར་ཅན་མ་དྲན་ཞིང་འདུད། །
ཚེ་རབས་ཐོག་མ་མེད་ནས་ད་ལྟའི་བར། །
མར་གྱུར་དྲིན་མོ་ཆེ་རྣམས་ཤིས་གྱུར་ཅིག །
འཁོར་བ་ལུ་གུ་རྒྱུད་ལ་རིང་དུ་འཁྱམས། །
ཨ་མ་དྲིན་མོ་གང་གཱའི་བྱེ་མ་སྙེད། །
དྲིན་དྲན་ལས་སུ་བསྐུལ་བའི་སྟངས་ཀ་རུ། །
ཚེ་འདིའི་མ་ལོའི་དྲིན་རྣམས་བརྗོད་ཙམ་བྱ། །
ལས་ཀྱིས་དེད་པའི་རྣམ་ཤེས་ལྡོམ་པོ་ང་། །
ཁུ་ཁྲག་མངལ་མཚམས་སྦྱར་ཏེ་ལུས་སུ་ཁུར། །
ཐར་པའི་གོ་འཕང་བསྙེག་ཀྱང་དབང་འབྱོར་བའི། །
རྙེད་དཀའི་དལ་འབྱོར་རྟེན་འདི་མ་ལོས་གནང་། །
ལང་ཚོའི་གཞོན་ཤ་ཟླ་དགུའི་གཤེད་དང་འགྲོགས། །
རི་ལུང་སྒང་གསུམ་འགྲིམ་ལ་ཁུར་ལྕིད་ཀྱང་། །
བཙས་སྐར་མཛུབ་ལ་བགྲང་ཞོར་འཛུམ་ཤིག་གེར། །
གཤིན་རྗེའི་སྒོ་ཁར་བཞུགས་པའི་མ་ལོ་མཚར། །
གླང་རྒན་ཕུག་ནས་འདར་འདྲའི་དགུན་ནུབ་དེར། །
བུ་ཆུང་ཨག་སྐད་ཆ་སེར་གྱུར་པ་ན། །
རྔུལ་ཆུའི་?ག་པ་མུ་ཏིག་ཕྲེང་བསྟར་ཡང་། །
བཙས་སོ་ཟེར་ནས་མ་ལོའི་སེམས་པ་དགའ། །
སྲོག་གི་རྟེན་ཡུ་བྱིའུ་ཕྲུག་དམར་རྗེན་ཙམ། །
བྲང་ལ་བརླན་ཞིང་ནུ་མས་གསོས་ཏེ་བསྙོར། །
ཞག་ནས་ཟླ་དང་ཟླ་ནས་ལོར་མཐུད་སྒོས། །
འབུ་འདྲ་མི་རུ་བསྐྱངས་པ་མ་ལོའི་དྲིན། །
སྣབས་ལུད་ལྕེས་བལྡགས་མི་གཙང་ལག་པས་བཞབས།
།གང་ཡག་གང་དྲོ་བུ་ལ་གོས་སུ་བསྐོན། །
གང་ཞིམ་གང་མངར་བུ་ལ་ཟས་སུ་སྦྱིན། །
ཡོད་ཚད་བུ་ལ་བསྟིམས་པའི་མ་ལོ་རྨད། །
གོག་མ་ལང་གིས་གར་འགྲོ་མིག་གིས་འཚོས། །
ལངས་ཐུབ་འགྲོ་ཐུབ་ཟེར་ནས་དགའ་ཀྲོག་ཀྲོག །
ཨ་མ་ཨ་ཕ་རྡབ་རྡིབ་སྨྲས་ཙ་ན། །
སྐད་ཆ་བཤད་སོང་ཟེར་ནས་འཛུམ་དམུལ་དམུལ། །
མི་སྡོད་ལོ་ཟླ་བཙན་པོའི་དབང་འོག་ནས། །
མ་ལོའི་འཛུམ་གར་རྒས་པའི་གཉེར་དུ་ཤར། །
རྐང་ཚེགས་གོམ་ཚེགས་ལེན་ལ་ཉེར་མཁོ་ཡང་། །
བུ་ང་རིག་པའི་ཐང་ཆེན་འགྲིམ་ལ་མངགས། །
མ་འོངས་ལྟོ་རྒྱབ་སྙེག་པའི་འཁོས་ཆུང་བུས། །
སྦྲ་དང་རྩྭ་ཐང་བསྐྱུར་ཏེ་རྒྱ་ལ་ལོག །
སྐབས་རེར་སྤྲོ་ལ་ལན་རེར་སྐྱོ་བའི་གཞི། །
གཞིས་སུ་བུ་ལ་སྒུག་པའི་མ་ལོ་དྲན། །
ཞོགས་པར་ཇ་མཆོད་དང་པོ་ཨ་མས་འཕེན། །
ནུབ་ལ་སྦྲ་ནག་ཁ་ཚུབ་ཨ་མས་འགེབས། །
ཉིན་དང་ཞག་གི་འཁོར་ན་ཨ་མས་འབུངས། །
བརྩོན་པའི་དབང་པོ་མ་ལོ་ཁྱེད་ལས་སུ། །
མྱི་སྐད་ཁྲིད་པའི་བརྡ་སྤྲོད་སྨྲ་བ་མོ། །
འགྲོ་འདུག་སློབ་ལ་མཛུབ་སྟོན་མཁན་པོ་མ། །
བསམ་སྤྱོད་བཅལ་ལ་བསམ་བློའི་མཁས་ཆེན་མ། །
མི་ཚེའི་ལམ་སྟོན་དེད་དཔོན་མ་ལོ་ལགས། །
མ་ལོའི་དྲིན་ལན་མདོ་ཙམ་བྲིས་པ་འདི། །
ངག་རིག་རྩེད་མོའི་འཕྲུལ་ལ་ཞེན་མིན་ཡང་། །
དྲིན་བྱས་དྲིན་དུ་གོ་བའི་བརྡ་ལན་དུ། །
རང་གིས་རང་ལ་དྲན་སློང་སྐུལ་མ་ལགས། །
རྗོད་བྱེད་ཚིག་ལ་སྙན་བརྗིད་དབེན་ན་ཡང་། །
བརྗོད་དོན་བུ་ཡི་ལྷད་མེད་སེམས་པ་ཙམ། །
མ་ལོའི་དྲིན་རྣམས་དྲན་པའི་མཐུ་དང་གཟིས། །
དྲིན་མོ་ཆེ་རྣམས་སྐྱིད་པའི་ལམ་ལ་དྲོངས། །
མཆོད་སྐྱེམས་ཕྱིན་དྲུག་མ།
-དགེ་རྒན་དུས་སྟོན་སྐབས་སོ་གཉིས་པ་ལ།
ཕྱོགས་ཀྱི་བུ་སློབ་འཁོར་དུ་རྩེན་པ་དག །
བརྩེ་ཆེན་ཀྱོ་བར་ལེགས་དྲངས་རིས་སུ་མེད། །
གདམས་ངག་བདུད་རྩི་ཚིམ་པར་སྩོལ་མཛད་གང་། །
སྦྱིན་པའི་ཕར་ཕྱིན་བཤེས་ཀྱི་དྲིན་དྲན་ཀྱེ། །
ལས་དང་རྒྱུ་འབྲས་གཤིན་རྗེའི་རྒྱ་མར་གཟིགས། །
རྒྱུ་དབང་ཐོབ་སོགས་དམྱལ་བའི་སླ་ངར་འཛིན། །
སྤྱོད་པ་བཙུན་ཞིང་བླང་དོར་གནད་ལ་གྲིམ། །
ཚུལ་ཁྲིམས་ཕར་ཕྱིན་བཤེས་ཀྱི་དྲིན་དྲན་ཀྱེ། །
བློ་ཆེན་དཀྱེལ་ཡངས་ནམ་མཁའི་མཐོངས་སུ་ནི། །
མྱི་ཁའི་སྤྲིན་ནག་ལན་རེར་འཐིབས་ལགས་ཀྱང་། །
སྡང་སྡིགས་ར་རིས་མ་གོས་སྔོ་ཞིང་སངས། །
བཟོད་པའི་ཕར་ཕྱིན་བཤེས་ཀྱི་དྲིན་དྲན་ཀྱེ། །
འདི་ཕྱིའི་བདེ་སྡུག་ས་སྨྱུག་རྡུལ་དུ་བསྟིམས། །
ལང་ཚོའི་གཟི་འོད་སྒོ་སམ་ངོས་སུ་འགྱེད། །
འབད་པའི་ཆབ་རྒྱུན་རིག་པའི་གླིང་ན་བསྲིངས། །
བརྩོན་པའི་ཕར་ཕྱིན་བཤེས་ཀྱི་དྲིན་དྲན་ཀྱེ། །
ཁྲ་ཁྲ་རིག་རིག་ཁེ་པའི་རྒྱུ་འབྱོར་དང་། །
ཀྱ་གེ་ཀྱོག་གེ་་མོའི་གཡོ་སྒྱུ་སོགས། །
གང་གིས་མ་བསླད་གཏན་གྱི་འདུན་མ་བརྟན། །
བསམ་གཏན་ཕར་ཕྱིན་བཤེས་ཀྱི་དྲིན་དྲན་ཀྱེ། །
རིག་པའི་གླེགས་བམ་ལང་ཚོའི་དཔལ་གྱིས་བསླུས། །
འདུས་མང་སློབ་འབངས་རིག་པའི་སྟོབས་ཀྱིས་སྐྱོང་། །
ཡངས་པའི་རྒྱལ་ཁམས་རིག་པའི་འཕྲུལ་གྱིས་མྱུལ། །
ཤེས་རབ་ཕར་ཕྱིན་བཤེས་ཀྱི་དྲིན་དྲན་ཀྱེ། །