རིགས་བཟང་བུ་མོ།

བདེན་འཚོལ། (ཀན་ལྷོ) རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 12-14


ཁོད་ཡངས་པ་མུ་མེད་རྩྭ་ཐང་ལ་འགྲན་ཞིང་། །

དབུགས་གཙང་བ་ས་མཐོའི་མཁའ་རླུང་གི་ངོ་བོ། །

ཁམས་དྭངས་པ་སུམ་རྩེན་ཕོ་བྲང་ལས་ལྷག་པའི། །

བློ་རིག་པར་སྦྱངས་སའི་སློབ་ཁང་གི་ནང་ནས། །

སེམས་རྩེ་གཅིག་དཔེ་ཆའི་ཚིག་ཕྲེང་ལ་ཤོར་དུས། །

གནས་གར་ཐོན་མ་ཚོར་སྙིང་སྡུག་གི་དགའ་མ། །

གྲོས་མ་བཏབ་ས་བཅད་སྒོས་པ་དང་འདྲ་བར། །

སེམས་སེམས་ལ་བརྒྱུས་པའི་གོ་སྐབས་ཤིག་ལྡན་བྱུང་། །

བཞིན་འཛུམ་དཀར་མེ་ཏོག་ལྷུག་ལྷུག་ཏུ་དགོད་ཅིང་། །

ལུས་འཇོ་སྒེག་སྨྱུག་མ་ལྡེམ་ལྡེམ་དུ་གཡོ་བཞིན། །

སྐད་དྭངས་མོ་ཁུ་བྱུག་ཀོ་ཀོ་ཡི་གདངས་ལས། །

ཁ་སྙིང་གཏམ་སྦྲང་ཆར་སིམ་སིམ་དུ་འཇོ་བྱུང་། །

དེང་ཚན་རྩལ་ཁྲི་གདུགས་དགུ་ཤར་གྱི་མཐོངས་ན། །

སེམས་བརྩོན་པ་གངས་དཀར་ལྷུན་པོ་བཞིན་ཞུ་ཞིང་། །

ལས་བག་མེད་གངས་ཆབ་ལྷུང་ལྷུང་དུ་འབབ་པ། །

གན་བསམ་ན་མོ་ང་ཡིད་ཐང་རང་ཆད་བྱུང་། །

ཚིག་ལྷད་མེད་རིན་ཆེན་གསེར་དཀར་གྱི་རྣ་ལོང་། །

གསེར་ལམ་ལམ་ཁོ་བོའི་ཐོས་འཛིན་དུ་བསྒྲོན་དུས། །

བཞིན་ཚ་བའི་མེ་ལྕེ་ལྷོག་ལྷོག་ཏུ་འབར་ནས། །

ཁེངས་སྐྱུང་བའི་གཏམ་སྦྱོར་འདི་སྐད་དུ་སྤེལ་ལོ། །

བློ་རིག་གནས་མཐའ་བྲལ་ཆུ་གཏེར་གྱི་རང་བཞིན། །

སེམས་བརྩོན་འགྲུས་ཞེས་པ་དེར་བགྲོད་ཀྱི་གྲུ་གཟིངས། །

བུ་ང་ཡི་བརྩོན་པ་ཤོག་དཀར་གྱི་གྲུ་གཟིངས། །

ཕྱི་རྒྱ་མཚོ་བརྒལ་བ་ལྷ་ཡུལ་ལས་རིང་ངོ་། །

གཏམ་བདུད་རྩི་དགའ་མའི་སེམས་ཞིང་དུ་གཏོར་དུས། །

ཞིང་བཟང་པོར་བརྩེ་བའི་མྱུ་གུ་རང་འབུས་ཤིང་། །

ངོ་ཚ་བའི་མགོ་བོ་བྲང་གཞུང་དུ་སྨད་དེ། ། 

སེམས་མཐུན་པའི་སྙིང་གཏམ་སྲད་བུ་རུ་བརྒྱུས་བྱུང་། །

བོད་རིག་པའི་ཉི་འོད་འཛམ་གླིང་ལ་འཕྲོས་ཤིང་། །

ཡུལ་གཤིས་བཟང་དྲི་ངད་ས་སྟེང་ལ་ཁྱབ་ནས། །

སེམས་ཞི་བདེ་དར་ཆ་སྲིད་རྩེ་ན་ཕྱར་བའི། །

རང་མི་རིགས་སྙིང་གི་ནོར་བུ་རུ་སྦྲུམས་ཡོད། །

ཅེས་བརྗོད་པས་བདག་ཡིད་སྤྲོ་བ་ཡིས་བརྟས་ཤིང་། །

སེམས་དགའ་བའི་རྩེད་མཚར་ཚིག་གསུམ་གྱི་མེ་ཏོག །

ཚིག་སྙན་མོ་དྲི་ཟའི་རོལ་དབྱངས་ལ་བསྡེབས་ནས། །

སྙིང་མཛའ་བའི་བུ་མོའི་མགུལ་རྒྱན་དུ་བཏགས་སོ། །

དམན་བུ་མོ་གནམ་གྱི་སྐར་ཚོགས་དང་འདྲ་ཞིང་། །

ཕྱི་སྐྱེས་གཟུགས་ཙ་རིའི་སྨྱུག་མ་འདྲ་མང་ཡང་། །

མཛངས་ཡོན་ཏན་བརྒྱད་མངའ་ཁྱོད་འདྲ་ཞིག་མ་མཐོང་། །

བློ་གཏོད་སའི་བུ་ལོ་གང་དེ་ཡི་བསོད་ནམས། །

ཞེས་མགྲིན་པ་ཚིག་གི་ཉིས་ཤད་མ་བྲིས་གོང་། །

གདོང་བཞིན་རས་འཛུམ་གྱི་པད་མོ་མྱུར་ཟུམ་སྟེ། །

གཏམ་དྲང་མོ་ཚངས་པའི་གཞུ་མཆོག་ལ་བཀུག་ནས། །

ངའི་རེ་སྒུག་ཡིད་ཀྱི་རི་བོ་ལ་འཕངས་བྱུང་། །

དམན་བུ་མོ་འདོད་པའི་མཚོ་མོར་འཇུག་རྐྱེན་ཡང་། །

མོ་ང་རང་དོན་ཕྲན་དེ་ལ་འཁོར་སེམས་མེད། །

བུ་ཁྱོད་ཀྱིས་དེ་འདྲ་མ་གསུང་སློབ་ལ་བརྩོན། །

རྟགས་འགྱུར་མེད་མི་ཚེའི་རིན་ཐང་དེ་ཡིན་ནོ། །

བློ་དྲན་པ་རྟག་བརྟན་ནམ་མཁའ་ཡི་ངོ་བོ། །

རང་ཁྱོ་ག་རྣམ་སད་སྲས་པོ་བཞིན་བཀུར་བ། །

ལས་གང་ལ་ཞིབ་མོ་སྣམ་བུ་ཡི་སྤུས་ཀ །

ཁྲེལ་ངོ་ཚ་བཙུན་པའི་སྡོམ་ཁྲིམས་བཞིན་སྲུང་བ། །

ཁ་ཉུང་ཞིང་ཁོག་ཡངས་ཚུགས་ཐུབ་ཀྱི་རང་གཤིས། །

དུས་བསྐལ་བ་རྒྱ་མཚོའི་དཀྱིལ་དབུས་ཀྱི་ཕ་བོང་། །

ཚོད་ཟིན་ཞིང་བསམ་བཟང་སྤྱོད་ཞིབ་ཀྱི་གོམས་གཤིས། །

ཡུལ་གངས་ཅན་ས་ཡི་རྟག་བཞད་ཀྱི་མེ་ཏོག །

བོད་བུ་མོའི་ཡ་རབས་ཆ་ལུགས་ཀྱི་འཆོར་མ། །

དུས་ཆར་རླུང་རྒོད་ཀྱང་ཁ་མདོག་རང་མ་ཡལ། །

མོ་ང་རང་དེ་འདྲའི་ཆ་ལུགས་ལ་མོས་ཀྱང་། །

ལས་བསོད་ནམས་དམན་པས་བགོ་སྐལ་དུ་མ་ཐོབ། །

ཚིག་སྙིང་གཏམ་འོ་མའི་མར་ལོ་ཡི་ཕོན་པོ། །

བུ་ང་ལ་ཁྱད་དམིགས་གསོལ་ཚིགས་སུ་དྲངས་དུས། །

བུ་ང་ཡི་བརྩེ་དུང་གཉིས་སྐྱེས་ཀྱི་ལོ་མ། །

ཕྱོགས་ཀུན་ནས་ལྡང་བའི་དྲི་བཞོན་གྱིས་སྒུལ་བྱུང་། །

སེམས་འཇགས་གནས་གཡུ་ཡི་མཚོ་མོ་ཡི་ཁ་ལ། །

ཡིད་བརྩེ་དུང་དྲི་བཞོན་བསིལ་བསིལ་དུ་ལྡང་དུས། ། 

སེམས་སྙིང་གཏམ་རླབས་ཕྲེང་མུ་ཏིག་གི་བསྟར་བུ། །

དགུང་ཨ་སྔོན་དབྱིངས་ནས་ཆེམ་ཆེམ་དུ་འཐོར་བྱུང་། །

ཡིད་དགའ་བའི་བྱེའུ་ཆུང་སྨྱུག་དྲེབས་ལས་ཤོར་ནས། །

དཔའ་མཉམ་གཤིབ་བྱེད་པའི་རེ་འདུན་གྱི་ཚིག་གསུམ། ། 

སྙིང་བག་ཚ་བཀུར་བསྟིའི་གར་སྟབས་རང་བསྒྱུར་བཞིན། ། 

དུས་དཔྱིད་ཀྱི་དྲི་བཞོན་བུ་མོ་ལ་བསྐུར་དུས། །

ལུས་སྤྱོད་ཡོན་གཉིས་འཛོམས་རིག་བཟང་གི་བུ་མོས། །

སེམས་བསམ་བློ་བཞི་སུམ་བཅུ་གཉིས་རང་བཏང་ཞིང་། །

ཡིད་བློ་རྩེ་ཉི་ཤུ་རྩ་ལྔ་ཡི་མཐའ་མར། །

ཡིད་འཐད་པའི་མགོ་བོ་ལྡེམ་ལྡེམ་དུ་གཡུག་བྱུང་། །

ཡུན་རིང་རིང་སྒུག་པའི་རེ་བ་ཡི་སྦྲང་ཆར། །

འཁྱག་སིབ་སིབ་དགའ་མའི་མཆུ་སྒྲོས་ནས་གཏོར་དུས། །

ཡིད་དགའ་དགའ་སྲིད་གསུམ་དབང་སྒྱུར་གྱི་ཁྲི་ལ། །

མངའ་སྒྱུར་སྒྱུར་བྱེད་པའི་དགའ་བ་ལས་ལྷག་གོ །


རྩོམ་ཡིག་སྔོན་མ།
ཨ་མ། (ཞར་བཀོད་གཅིག)

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1