གཅིག་པུ་མལ་ཁྲིའི་སྟེང་བསྡད་ནས།
ཨ་རིའི་གཞས་མ་ཁེ་ལེ་ཁི་ལར་ཁི་ཟན་གྱི་གླུ་གཞས་ཤིག་ལ་ཉན་ཞོར།
ཁང་པའི་ནམ་མཁར་མིས་བཟོས་སྤྲིན་པ་ལེབ་མོ་ཞིག་བཞག
ཁ་དོག་ནག་པོར་བསྒྱུར་རྗེས།
དེ་ལས་ཆུ་ཐིགས་འགའ་ཟགས་ནས་ངའི་གདོང་ལ་དོང་ཞིག་བརྐོས།
དོང་དེ་ལས་སྐྱོ་སྣང་དང་སེམས་ཁྲལ།
མ་འོངས་པ་སོགས་རླངས་པར་གྱུར་ནས་ཕྱིར་ནམ་མཁར་ཐིམས།
དོ་དགོང་།
ཁང་པའི་ནམ་མཁའ་འདིའང་ནམ་རྒྱུན་དང་བསྡུར་ན་ཁོད་ཡངས་འདྲ།
ཁོད་ཡངས་པའི་ཁང་པའི་དབྱིངས་ནས་རང་དབང་གི་བྱ་ཆེན་ཞིག་འཕུར་བྱུང་།
དེའི་གཤོག་འོག་ལ་རླུང་བུ་མ་གཡུགས་ཀྱང་།
ཇེ་མཐོ་ནས་ཇེ་མཐོར་གྱུར་ཏེ་མཐར་ཁང་པའི་ནམ་མཁའ་ལས་བརྒལ་སོང་།
བར་སྣང་སྟོང་བར་ལུས་ནས་ཁེར་ཧྲེང་དུ་ལྷག
ངས་དེར་བལྟས་བལྟས་རྗེས།
"གལ་ཏེ་ངའང་གཤོག་པ་ཐོགས་པའི་བྱ་ཞིག་ཡིན་རྒྱུ་ན།
ངས་ལོ་རྒྱུས་ཀྱི་མདའ་མདུང་ཁུར་ནས།
མཐར་གཙང་པོ་ཞིག་གམ་རྒྱ་མཚོ་ཞིག་གི་འགྲམ་ངོགས་སུ་དབབ་འདོད"ཅེས་སྐད་ཆ་ཞིག་ངག་ནས་ཤོར།གཞས་ལ་ཉན་དུས་ཀྱི་སྐད་ཅིག་མ་ནི་ད་གཟོད་རང་ཉིད་ཀྱི་འཇིག་རྟེན་ཤ་སྟག་རེད།
གཞས་ཚིག་འགས་གཏིང་ས་ཞིག་ཏུ།
ངག་ནས་བཟློ་མ་ཐུབ་པའི་སྐད་ཆ་དང་ཐོབ་ཤོར་གྱི་རྨ་ཁ་རེ་རེ་ལ་ཟུག་གཟེར་བསླངས་པས།
རུས་རྐང་ནས་འཛག་པའི་དབྱངས་རྟ།
མིག་ཆུའི་རྒྱུན་ལ་འདྲེས།
ངལ་དུབ་ཀྱིས་མནར་བའི།
མིག་ཟུང་དང་སྨིན་མའི་བར་གྱི་སྟོང་ཆའི་མཚམས་ན།
ད་དུང་རྒོད་པོ་དེས་ཡང་སྐོར་བསྐྱར་བསྐོར་ལྡིར་བའི་སྣང་བ་ཞིག་བྱིན་ཡང་།
དེ་ནི་རྨི་ལམ་དང་འཕྲུལ་སྣང་ངོ་།
"འདབ་ཆགས་ཁྲེལ་མེད་ཅིག
གལ་ཏེ་ང་རང་རྒོད་པོ་དེ་ཡིན་ཚེ།
ངས་རང་ཉིད་ཀྱི་ནམ་མཁའ་ཁོ་ན་སྲུང་འདོད"ཅེས་ཡང་བསྐྱར་ཁེར་ལབ་ཅིག་ཤོར།
མིས་བཟོས་ཆར་པ་འབབ་མཚམས་བཞག
གླུ་གཞས་ཀྱང་བཏང་ཚར།
དེ་དང་མཉམ་ཉལ་ཁྲིའི་སྔས་མགོར་འཇའ་ཚོན་ཤིག་ཀྱང་ཤར་འདུག
དོ་ནུབ།
ང་རང་འཇའ་ཚོན་གྱི་སྟེང་རོལ་ན་འཕུར་བའི་བྱ་ཞིག་ཡིན་འདོད།