དེ་ནས་བཟུང་།
སྐད་ཆའི་ངག་སྒོར་ལྕགས་ཟྭ་ཐེབས་པ་སུས་ཀྱང་ཤེས་མེད།
དེ་ནས་བཟུང་།
བྱིའུ་ཆུང་གི་འཕུར་ལམ་ན།
གཤོག་པ་ཡ་མཚན་ཐོགས་པའི་བྱ་གླག་གཞན་དག་ཡོད་པའང་ཤེས་མེད།
དེ་ནས་བཟུང་།
ཁ་བ་ནི་དབྱར་ཁར་འབབ་ཅིང་།
ཁེར་རྐྱང་ལུས་པའི་དགུན་ཁ་ཁོ་ནས།
འཁྱག་འདར་གྱི་སོ་སྒྲ་བརྡར་བའང་ཤེས་མེད།
དེ་ནས་བཟུང་།
ལུས་ཀྱི་མཐོ་དམན་ག་ཤེད་ཅིག་ན།
གློ་སྙིང་དང་ནང་ཁྲོལ་གང་ཞིག་ཉུང་དུ་སོང་བའང་ཤེས་མེད།
དེ་ནས་བཟུང་།
ལག་པའི་སྣེ་མོ་ནས་ཤོར་སོང་བའི་ལག་པ་དེ།
ཐོག་མ་ནས་འཇམ་ཤ་མེད་པ་དེའང་ཤེས་མེད།
རྨི་ལམ།
འཁྱོལ་དཀའ་བའི་མཚན་མོ་རེ་རེར།
ཁོ་མོའི་ལུས་ཟུངས་ཧམ་ཤེད་ཀྱིས་འཇིབ་ཀྱིན་འདུག
དུས་ཚོད་འདིར་ཁྱེད་ཀྱིས་མཚན་ངོགས་ལ་གབ་པའི་གྲིབ་གཟུགས་དེས།
ཁོ་མོར་ལག་གཡོབ་མཛད་ཀྱིན་ཨེ་ཡོད།
ཁོ་མོ་ཡང་ཁྱེད་ཡོད་སར་ཁ་ཕྱོགས་ནས་ཡོད།
གྲོང་ཁྱེར་འདིའི་རྒྱ་ཁྱོན་ལས་བརྒལ་བའི་གྲོང་ཁྱེར་ཞིག་ན།
ཁྱེད་ཀྱིས་རུས་རྐང་གི་ན་ཟུག་དེ་མྱོང་གིན་ཡོད་དམ།
དེ་ནི་དམྱལ་ཁམས་འགྲིམ་པའི་བརྒྱུད་རིམ་དེ་ཡིན་ནམ།
ཡང་ན་ཁོ་མོའི་སྙིང་ཁ་གསེད་བྱེད་ཀྱི་ལྕགས་ཤད་དེ་ཡིན་ནམ།
རྨི་ལམ་སྲུང་བའི་ལོ་ཟླ་དེ་མཇུག་རྫོགས་གྲབས་འདུག
ཁོ་མོ་ནི་ཁྱེད་ཀྱི་ན་ཟུག་སེལ་བའི་སྨན་མཆོག་དེ་མིན་པས།
རྨི་ལམ་འཁྲུགས་སོང་པ་ནི་འཁང་ར་དང་ལེ་གདའ་མེད་པའི་བློས་གཏོང་ཞིག་ལ་ཅི་མིན།
ངས་ལོ་ཟླ་འདི་དག་མགྱོགས་སུ་རྒས་ན་སྙམ་གྱིན་འདུག
ངས་ང་རང་ཡང་མགྱོགས་སུ་རྒས་ན་སྙམ་གྱིན་འདུག
ངས་ང་རང་ལ་མི་དབང་བའི་རྨི་ལམ་ཞིག་རུམ་ནས།
མི་ཚེ་འདིར་རྫོགས་ཚིག་ཅིག་བཀོད་འདོད།
ངས་རྨི་ལམ་འཁྲུངས་པའི་བར་སྟོང་དེ་གཙང་སེལ་ཞིག་བྱས་རྗེས།
ཚེ་ཚེ་རབས་རབས་སུ་ཁྱེད་གཅིག་པུར་ཉར་ན་འདོད།
ལེ་ཚན་འདིའི་རྩོམ་སྒྲིག་འགན་འཁུར་བ། རྒྱལ་ལོ་ཚེ་རིང་།