བོད་ཀྱི་རྩོམ་རིག་མཐའ་དཔྱོད་ལ་ཕྱིར་རྟོག་དང་མ་འོངས་པར་རྒྱང་ལྟ།

ར་ས་བསྟན་འཛིན་ཆོས་གྲགས། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 12-14


        མཐའ་དཔྱོད་ནི་མིའི་རིགས་ལ་ལྡན་པའི་ཐུན་མིན་གྱི་ཁྱད་ཆོས་ཤིག་ཡིན་ཞིང་།  དེ་ནི་བསམ་གཞིག་དང་དོགས་འདྲི་ལས་བྱུང་བ་ཞིག་ཡིན་པ་མཁས་དབང་མང་པོས་བཞེད།  དོགས་འདྲི་དེའང་དབང་གྲགས་ཙམ་གྱི་རྗེས་སུ་མི་སྙེགས་པ་ཞིག་ཡིན་ཏེ། གལ་ཏེ་དབང་གྲགས་ཙམ་གྱི་རྗེས་སུ་སྙེགས་ན། དེ་ལ་དོགས་འདྲི་མི་འབྱུང་ལ།  མཐའ་དཔྱོད་ཀྱང་རང་བཞིན་གྱིས་འབྱུང་མི་སྲིད།  ང་ཚོས་མིའི་རིགས་ཀྱི་ཤེས་དཔལ་གོང་དུ་འཕེལ་བའི་ལོ་རྒྱུས་ལ་ཕྱིར་མིག་ཅིག་བལྟས་ན།  ཤེས་དཔལ་གོང་དུ་འཕེལ་བའི་འགག་རྩའི་དུས་སྐབས་ནི་ཏག་ཏག་དབང་གྲགས་ལ་དོགས་འདྲི་བྱེད་པ་ནས་མགོ་བརྩམས་པ་ཡིན་ཏེ།  ནུབ་ཕྱོགས་མཚན་ཉིད་རིག་པ་བའི་སྲོལ་འབྱེད་དུ་གྲགས་པའི་ཐེ་ལེ་སིས་གོ་ལ་དེ་ཆུ་ཡིས་གྲུབ་པར་འདོད་པའི་ལྟ་བར། ཁོང་གི་སློབ་མ་ཨ་ན་ཞི་མན་རྡར་ཞུ་བས་དོགས་འདྲི་དང་སྦྲགས། གོ་ལ་ནི་ཆུ་ཡིས་གྲུབ་པ་མིན་པར་མཐའ་དཔྱད་ཅིང་། རང་ཉིད་ཀྱི་འཇིག་རྟེན་ཆགས་ཚུལ་གྱི་ལྟ་བ་བཏོན་པས།  ཁོང་རྣམས་ཀྱི་མཚན་ཉིད་རིག་པའི་གྲུབ་མཐའ་དེ་ནི་མཐའ་དཔྱོད་ལ་ཤིན་ཏུ་དང་དོད་ཆེ་བར་གྲགས་པ་དང་། ཡང་སངས་རྒྱས་ཆོས་ལུགས་དེའང་སྟོན་པ་ཟས་གཙང་སྲས་ཀྱིས་སྐབས་དེའི་བྲམ་ཟེའི་ཆོས་ལུགས་ཀྱི་དབང་གྲགས་ལ་དོགས་གཅོད་གནང་བ་ནས་ག་ལེར་དབུ་ཚུགས་པ་ཡིན་པ་ཀུན་ལ་གཅིག་གྲགས་ལྟར་དང་།  དེ་བཞིན་ཀ་ལེ་ལད་ཞུ་བས་སའི་གོ་ལ་ལྟེ་བར་འཛིན་པའི་ལྟ་བར་དོགས་འདྲི་བྱས་ཏེ།  ཉི་མ་ལྟེ་བར་འཛིན་པའི་ལྟ་བ་བཏོན་པས། སྐབས་དེའི་མཚན་ཉིད་རིག་པ་དང་། ཆོས་ལུགས་སོགས་ཀྱི་རྣམ་གཞག་གོང་དུ་འཕེལ་བར་སྐུལ་འདེད་ཆེན་པོ་བྱུང་བ་ལས་རྟོགས་ཐུབ།   དེ་ལྟར་འཇིག་རྟེན་གྱི་བྱ་བ་ཡོད་ཚད་སྣང་ཚུལ་མི་གཅིག་པ་ཙམ་དུ་ཟད་མོད།  ཆོས་ཉིད་གཅིག་ཏུ་གྲུབ་པ་ཞིག་ཡིན་པས། རྩོམ་རིག་དང་རྩོམ་རིག་མཐའ་དཔྱོད་གོང་དུ་འཕེལ་བ་ལའང་སྔར་ཡོད་ཀྱི་གནས་བབ་ལ་དོགས་འདྲི་དང་།  དེ་ལ་མཐའ་དཔྱོད་བྱེད་པ་ལས་བྱུང་བ་ཡིན་པ་གོར་མ་ཆག  དོགས་འདྲི་དེ་ཡང་མདོར་ན་བསམ་གཞིག་གི་ཆ་ཤས་ཤིག་རེད། ལྷག་པར་སྐད་ཆའི་སྒྱུ་རྩལ་གྱི་རིགས་སུ་གཏོགས་པའི་རྩོམ་རིག་སྒྱུ་རྩལ་ལ་མཆོན་ན།  དེ་བས་དོགས་འདྲི་དང་མཐའ་དཔྱོད་ཀྱི་རྣམ་པ་ཤས་ཆེར་ལྡན་འོས་པ་ཞིག་ཡིན་ཏེ།  གལ་ཏེ་མཁས་དབང་སད་ཡོ་ཧན་ཞུན་གྱིས་གསུངས་པ་བཞིན། སྐད་ཆ་ནི་བསམ་བློའི་ཕྱི་ཤུན་ཞིག་ཡིན་ན། སྐད་ཆའི་སྣང་ཚུལ་དེར་དོགས་འདྲི་དང་མཐའ་དཔྱོད་ཀྱི་ཐོག་ནས་བསམ་བློ་མངོན་དུ་ཕྱུངས་དགོས་ལ།  མཁས་དབང་ཧེ་རྡ་གེའར་གྱིས་གསུངས་པ་བཞིན།  མི་ནི་རང་ཉིད་ཀྱི་སྐད་ཆའི་ནང་དུ་འཚོ་ཞིང་གནས་པ་དང་། སྐད་ཆ་ནི་མི་གནས་ཤིང་གྲུབ་པའི་ཁྱིམ་གཞིས་ལྟ་བུ་ཞིག་ཡིན་ཚེ།  ང་ཚོས་སྐད་ཆར་དབྱེ་ཞིབ་དང་མཐའ་དཔྱོད་བྱས་ཏེ།   རང་ཉིད་ཀྱི་འཚོ་གནས་ཀྱི་བཞིན་རས་ངོ་མ་དེར་མཇལ་ཐུབ་པ་བྱེད་དགོས་པ་མིན་ནམ།  དེས་ན།  ང་ཚོས་སྐབས་འདིར་སྐད་ཆའི་སྒྱུ་རྩལ་ལ་བརྟེན་པའི་དེང་སྐབས་བོད་ཀྱི་རྩོམ་རིག་སྒྱུ་རྩལ་ལ་མཐའ་དཔྱོད་ཇི་ལྟར་བྱས་ཚུལ་ལ་དོགས་འདྲི་དང་མཐའ་དཔྱོད་གཅིག་བྱས་ན་ཅུང་དོན་སྙིང་ལྡན་པ་ཞིག་ཀྱང་རེད་སྙམ།

        དང་པོ།  གཞུང་ལུགས་དང་ལག་ལེན་གྱི་སྔ་ཕྱི།གཞུང་ལུགས་དང་ལག་ལེན་གྱི་སྔ་ཕྱིའི་འབྲེལ་བ་ནི་མཚན་ཉིད་རིག་པའི་ནང་དུ་ཡོད་པའི་གཟུགས་དང་ཤེས་པ་སྔ་ཕྱིའི་རྩོད་པ་དང་འབྲེལ་བ་ཞིག་ཡིན།    དངོས་གཙོ་རིང་ལུགས་པ་དག་གིས་གཟུགས་དང་ཤེས་པ་གཉིས་ལས་གཟུགས་ཀྱིས་ཤེས་པ་ཐག་གཅོད་པར་བྱེད་པ་དང་། གཟུགས་ནི་གནས་བབ་གཙོ་བོར་བཟུང་དགོས་པའི་ལྟ་བ་བཏོན་པས།  ལྟ་བ་དེ་ལས་རིམ་གྱིས་་མཆེད་དེ།  གཞུང་ལུགས་དང་ལག་ལེན་གཉིས་ལས།  ལག་ལེན་ནི་གཙོ་བོ་དང་གཞུང་ལུགས་ནི་དེ་ལས་བྱུང་ཞིང་། དེས་གཏན་ལ་ཕབ་པ་ཞིག་ཡིན་པར་བཞེད།  དེ་བཞིན་དུ། གཟུགས་ཤེས་ཀྱི་སྔ་ཕྱིའི་འབྲེལ་བའི་ལྟ་བ་དེ་ལས།  སྤྱི་ཚོགས་དང་རྩོམ་རིག་གི་འབྲེལ་བ་ཡང་གཏན་ལ་ཕབ་ཅིང་།  རྩོམ་རིག་ནི་སྤྱི་ཚོགས་ཀྱི་འཚོ་བ་ལས་བྱུང་བ་དང་།  རྩོམ་རིག་ནི་སྤྱི་ཚོགས་ཀྱི་སྣང་ཚུལ་མཚོན་པར་བྱེད་པའི་མེ་ལོང་ལྟ་བུ་ཞིག་གམ།  སྤྱི་ཚོགས་ཀྱི་འཚོ་བར་ལད་མོ་བྱས་པ་ལས་བྱུང་བ་ཡིན་པར་བཞེད་དེ། "རྩོམ་རིག་སྒྱུ་རྩལ་ནི་མི་རྣམས་ཀྱིས་སྤྱི་ཚོགས་ཀྱི་འཚོ་བར་འཛིན་པ་དང་སྤྱི་ཚོགས་ཀྱི་འཚོ་བ་མཚོན་པར་བྱེད་པའི་རྣམ་པ་ཞིག་ཡིན་པ་དང་།  དེ་ནི་སྤྱི་ཚོགས་ཀྱི་འདུ་ཤེས་འཛིན་སྟངས་ཤིག་ཡིན་རྐྱེན་འདུ་ཤེས་འཛིན་སྟངས་གཞན་རྣམས་དང་འདྲ་བར་སྤྱི་ཚོགས་ཀྱི་འཚོ་བ་དེ་རང་ཉིད་ཀྱིས་མཚོན་པར་བྱེད་ཡུལ་གཙོ་བོ་ཞིག་ཏུ་བརྩིས་ཀྱི་ཡོད།" ①སྤྱིར་ན་དེ་ནི་རྩོམ་རིག་གི་འབྱུང་ཁུངས་ལས་ཡ་གྱལ་ཞིག་ཡིན་པས་ཡང་དག་ཅིག་ཡིན་མོད།  འོན་ཏེ་བརྩམས་ཆོས་ཀྱི་ལྟ་བ་ཡོད་ཚད་དེ་ལྟར་གཅིག་ཏུ་གྱུར་སྐབས།  དེ་ནི་ཉེན་ཁ་ཅན་ཞིག་ཡིན་ཏེ།  རྩོམ་རིག་ནི་བསམ་བློའི་བྱ་བ་ཞིག་ཡིན་པས། བསམ་བློ་གཅིག་ཏུ་གྱུར་སྐབས། བསམ་བློ་གསོན་ཤུགས་བྲལ་བ་ཞིག་ཏུ་གྱུར་བས་རེད།  དེ་ལྟར་རིམ་གྱིས་དེད་ན།  རྩོམ་རིག་མཐའ་དཔྱོད་ཀྱི་བྱ་བ་དེའང་།  སྤྱི་ཚོགས་དང་སྤྱི་ཚོགས་དེ་ལས་འཕྲོས་པའི་འདུ་ཤེས་འཛིན་ཚུལ་གྱི་ཐོག་ནས་དཔྱད་པ་བྱེད་རྒྱུ་དེ་གཙོ་བོར་འཛིན་གྱི་ཡོད་པས།  བརྩམས་ཆོས་གང་དང་དཔྱད་ནའང་། མི་བརྒྱ་གདོང་གཅིག་གི་རྣམ་པ་ལྟ་བུ་ཞིག་ཏུ་གྱུར་པའི་སྣང་ཚུལ་དེ་བྱུང་བ་རེད།  (དེའི་གཤམ་དུ་དགོད་རྒྱུ་ཡིན།)   དེ་ལྟར་རྩོམ་རིག་དང་རྩོམ་རིག་མཐའ་དཔྱོད་གཉིས་ཀ་སྤྱི་ཚོགས་སམ་དངོས་ཡོད་ཀྱི་འཚོ་བའི་བྲན་ཏུ་གྱུར་པས།  རྩོམ་རིག་གསར་རྩོམ་གྱི་སྐབས་སུ།  རྩོམ་པ་པོའི་བློ་ན་ཐོག་མར་འཆར་བའམ་བསམ་གཞིག་བྱ་ཡུལ་ནི་རང་ལས་གཞན་པའི་ཕྱི་རོལ་གྱི་ཡུལ་ལམ།  ཡང་ན་སྤྱི་ཚོགས་ཀྱི་འཚོ་བ་དེ་གཙོ་བོ་ཡིན་པ་ལས།  རྩོམ་པ་པོ་རང་ཉིད་ཀྱི་ཐུན་མོང་མ་ཡིན་པའི་ཚོར་བ་དང་།  ཚོར་བ་དེ་ལས་བྱུང་བའི་ཐུན་མོང་མ་ཡིན་པའི་བསམ་གཞིག་བྱ་ཚུལ་དེ་ཕལ་པར་གྱུར་ཟིན་པ་རེད།  འོན་ཏེ།  རྩོམ་པ་པོས་བརྩམས་པའི་བརྩམས་ཆོས་གང་དེའི་རིན་ཐང་གཙོ་བོ་དེ་ནི་རང་ཉིད་ཀྱི་ཐུན་མོང་མ་ཡིན་པའི་བསམ་གཞིག་ཞིབ་མོ་བྱ་ཚུལ་ཞིག་སྒྱུ་རྩལ་གྱི་ལམ་ནས་མངོན་དགོས་པ་ལས།  སྤྱི་ཚོགས་ཀྱི་སྣང་ཚུལ་གང་དང་གང་ཡིན་པ་དག་དོན་བརྗོད་ཀྱི་རྣམ་པ་རགས་པ་ཞིག་སླར་བསྐྲུན་གྱི་ཐོག་ནས་ཀློག་པ་པོར་གསལ་སྟོན་བྱེད་རྒྱུ་དེ་གཏན་ནས་མིན།  སྤྱི་ཆོགས་ཀྱི་སྣང་ཚུལ་རགས་པ་དག་ཆེད་དུ་རྩོམ་པ་པོས་དོན་བརྗོད་ཀྱི་རྣམ་པ་ཞིག་བརྒྱུད་དེ་ཀློག་པ་པོར་བསྟར་མི་དགོས་ཏེ།  ཀློག་པ་པོའང་སྤྱི་ཚོགས་དེའི་ནང་དུ་འཚོ་ཞིང་གཞེས་ཏེ་ཡོད་པས།  དེ་ལ་རྒྱུས་མངའ་མེད་པ་ཅི་ལ་སྲིད།  ལྷག་པར་དེང་སྐབས་རྩོམ་རིག་ལྷན་ཚོགས་དང་རྩོམ་པ་པོ་ཞེས་ཆེད་དམིགས་ཀྱི་ལས་ཁུངས་དང་ལས་རིགས་ཤིག་གྲུབ་ཟིན་པས།  རྩོམ་པ་པོ་དེས་ཆེད་དུ་རྩོམ་རིག་རྒྱུ་ཆ་འཚོལ་བསྡུ་ཞེས་སྤྱི་ཚོགས་ཐོག་ཏུ་ཟབ་འཇུག་བྱས་ན་མ་གཏོགས།  དངོས་ཡོད་ཀྱི་འཚོ་བའི་མྱོང་བ་དེ་ནི་ཀློག་པ་པོའམ་དམངས་བྱིངས་ལས་ཐོབ་དཀའ་བར་གྱུར་ཟིན། དེས་ན།  རྩོམ་པ་པོའི་རིན་ཐང་གཙོ་བོ་དེ་ནི་སྤྱི་ཚོགས་ལ་ཟབ་ཞུགས་བྱས་པ་ལས་ཐོབ་པའི་རྒྱུ་ཆ་དག་སྒྱུ་རྩལ་གྱི་ཐབས་འཕྲུལ་གྱི་

        ལམ་ལས་བསྟར་རྒྱུ་ཙམ་མིན་པར།  དེའི་ཐོག་ལ་ཐུན་མོང་མ་ཡིན་པའི་བསམ་བློའི་ཚེ་སྲོག་ཡོད་དགོས་པ་ཡིན།  ནང་བསྟན་མཚན་ཉིད་རིག་པའི་ནང་དུའང་།  ཕྱི་རོལ་གྱི་དངོས་པོ་ནི་སྒྱུ་མ་ལྟ་བུ་ཞིག་ཡིན་པ་དང་།  བསམ་གཞིག་མཁན་གྱི་ལས་འགན་གཙོ་བོ་དེ་ནི་ཕྱི་རོལ་གྱི་སྒྱུ་མ་ལྟ་བུའི་སྣང་ཚུལ་ལ་མ་ཆགས་པར།   སྒྱུ་མའི་རང་བཞིན་གསལ་རྟོགས་དགོས་ཚུལ་གསུངས།  འོན་ཏེ།  གསལ་རྟོགས་ཀྱི་བྱེད་ནུས་གཙོ་བོ་དེ་རང་གི་བསམ་བློའི་ཐོག་ཏུ་གནས་ཡོད་པར་གསུངས་པས།  བསམ་བློའི་བྱེད་ནུས་དེ་གཙོ་བོ་ཡིན་པ་དང་།  དེ་བཞིན་ནུབ་ཕྱོགས་ཀྱི་རིགས་ཤེས་རིང་ལུགས་ཀྱི་མཚན་ཉིད་རིག་པ་བ་རྡིས་ཁར་ཐེས"བདག་གིས་སྔོན་ཆད་བདེན་པ་ལས་ལོག་པའི་བསམ་ཚུལ་མང་པོ་ཞིག་བདེན་པར་བརྩིས་པ་ཡིན།  ད་ནི་བདག་གིས་ནན་ཏན་གྱི་ངང་ནས་སྔོན་ཆད་ཡིད་ཆེས་ཤིང་དང་དུ་ལེན་པའི་ལྟ་བ་དག་ལས་ཕྱིར་ཕྱོགས་ཏེ།  མགོ་གསར་པ་ཞིག་རྩོམ་ངེས་ཡིན།  ད་ཆ།  བདག་གི་བསམ་བློར་གཅུན་འདོམས་ཡོ་མཁན་གང་ཡང་མེད་པས།  བདག་ནི་ལྷིང་འཇགས་ཀྱི་བདེ་ཁྲོད་སོས་དལ་དུ་གནས་ཡོད།" ②ཅེས་སྔོན་ཆད་ཀྱི་བག་ཆགས་དང་གོམས་འདྲིས་ལས་ཕྱིར་ཐོན་ཏེ།  ཡོད་ཚད་ལ་བསམ་གཞིག་བྱེད་དགོས་པར་གསུངས་པས།  ཡོད་ཚད"བསམ་བློ"ཡི་ཐོག་ཏུ་བབས་དགོས་པ་དེ་མཐར་ཐུག་གི་དམིགས་ཡུལ་རེད།  རྩོམ་རིག་དང་རྩོམ་རིག་མཐའ་དཔྱོད་ཀྱང་མཐར་ཐུག་ན"བསམ་བློ"ཡི་ཐོག་ཏུ་འབབ་དགོས་རྒྱུ་དེ་རེད།  སྐབས་འདིར་བརྗོད་པར་བྱ་བའི་རྩོམ་རིག་གི་མཐའ་དཔྱོད་ཀྱང་།  མངོན་དུ་གྱུར་ཟིན་པའི་བརྩམས་ཆོས་ཤིག་ལ་ཕྱོགས་སྡོམ་ཙམ་དང་།  དེ་ལ་འགྲེལ་བརྗོད་བྱེད་པ་ཙམ་གྱི་སྐབས་ལས་རིང་དུ་འདས་ཏེ།  མཐའ་དཔྱོད་ཀྱི་གཞུང་ལུགས་དེར་སྔོན་དཔག་གི་ཆའང་ལྡན་དགོས་ངེས་རེད། མངོན་དུ་གྱུར་ཟིན་པའི་དངོས་པོ་ཞིག་ལ་ཕྱོགས་སྡོམ་ཙམ་དང་།  འགྲེལ་བརྗོད་བྱེད་པ་ནི་སྤྱིར་ཀུན་གྱིས་ནུས་པ་ཞིག་ཡིན་མོད།  སྔོན་དཔག་ནི་སུ་དང་གང་བྱུང་བྱུང་གིས་བྱེད་ནུས་པ་ཞིག་མིན་པར།  དེར་རྟགས་དང་རྒྱུ་མཚན།  རིགས་འདེད་མང་པོ་ཞིག་ལ་བརྟེན་དགོས་པས། "བསམ་བློ"ཡི་ནུས་པ་ཆེས་ཆེར་ལྡན་དགོས་པ་ཞིག་ཡིན།  རྩོམ་རིག་མཐའ་དཔྱོད་དེ་ནི། རྩོམ་རིག་བརྩམས་ཆོས་ཀྱི་བྲག་ཆ་ལྟ་བུ་ཞིག་མིན་པར།  དེ་ལ་རང་རང་སོ་སོར་ལས་འགན་དང་།  རིན་ཐང་གཞལ་ཚུལ་རེ་ཡོད་པའང་ཤེས་དགོས།  རྩོམ་རིག་མཐའ་དཔྱོད་དེས་རྩོམ་རིག་བརྩམས་ཆོས་དང་འདྲ་བར་གསར་གཏོད་བྱེད་ཆོག་པ་ཞིག་དང་།   སྔོན་དུ་བསྐྱོད་ཆོག་པ་ཞིག   ཐུན་མིན་གྱི་བསམ་བློའི་ཟབ་ཚད་མངའ་བ་ཞིག་དགོས་པ་ལས།  གནའ་རྫས་རྟོག་ཞིབ་པ་ལྟར།  བརྩམས་ཆོས་ཤིག་གི་སྦྲིག་ཏུ་འཛུལ་ཏེ་དེ་ལས་ཅི་ཞིག་རྙེད་རེ་བྱེད་པ་དེ་འདྲ་གཏན་ནས་ཡིན་མི་འོས་ཏེ།  རྒྱའི་མཁས་དབང་ཧུ་ཧྲེ་ཞུ་བས་གསུངས་པ་བཞིན། ནང་དུ་འཛུལ་དགོས་ལ།  སླར་ཡང་ཕྱིར་ཐོན་དགོས་པ་ལས།  ནང་དུ་འཛུལ་ཏེ་ཕྱིར་ཐོན་མི་ཐུབ་པ་དེ་འདྲ་བྱས་ཞོ་ནང་དུ་ལམ་བུ་འཛོལ་ཏེ།  ནམ་ཡང་ཕྱིར་ཐོན་མི་ཐུབ་པའི་ཉེན་ཁའང་འབྱུང་ཉེན་ཆེ།  རྩོམ་རིག་མཐའ་དཔྱོད་ཀྱིས་རང་ཉིད་མཐོང་རྒྱ་ཆེ་བའི་བ་གམ་ཞིག་གི་ཐོག་ཏུ་འཛེགས་ཏེ།  རྩོམ་རིག་བརྩམས་ཆོས་ཡོངས་ལ་རྒྱང་ལྟ་བྱེད་ཐུབ་པ་ཞིག་དང་།  གསར་རྩོམ་ལ་ལམ་བུ་གསར་པ་སྟོན་ཐུབ་པ་ཞིག  ལེགས་ཉེས་ཀྱི་ཁ་ཕྱོགས་ཀྱང་འདྲེན་ནུས་ཤིང་།  རྩོམ་རིག་མཐའ་དཔྱོད་ཀྱི་ལས་འགན་ཡང"བསམ་བློ"ཡི་རྨང་གཞི་ཟབ་ཅིང་ཡངས་པ་ཞིག་བྲུས་ཏེ།  རྩོམ་རིག་གསར་རྩོམ་གྱི་བ་གམ་བརྟན་པོ་ཞིག་བསྐྲུན་རྒྱུ་དེའོ།།

གཉིས་པ།  རྩོམ་རིག་མཐའ་དཔྱོད་ཀྱི་སྔར་སོང་།

        བོད་ཀྱི་རྩོམ་རིག་མཐའ་དཔྱོད་ཀྱི་སྔར་སོང་ནི་གཙོ་བོ་སྤྱི་ཚོགས་རིག་པའི་མཐའ་དཔྱོད་དང་འདུ་ཤེས་འཛིན་ལུགས་ཀྱི་ཐབས་ལམ་སྤྱད་པ་ཞིག་ཡིན་ཞིང་།   བརྩམས་ཆོས་གང་དེ་ངེས་པར་སྤྱི་ཚོགས་ངེས་ཅན་ཞིག་གི་རྒྱབ་ལྗོངས་སུ་བཞག་སྟེ་དཔྱད་པ་བྱེད་དགོས་པ་ཞིག་དང་།  སྤྱི་ཚོགས་དེར་ཞབས་འདེགས་བསྒྲུབས་དགོས་པ།  ད་དུང་རྩོམ་རིག་དང་རྩོམ་རིག་མཐའ་དཔྱོད་གང་ཞིག་ཡིན་རུང་།  དེས་གྲལ་རིམ་ངེས་ཅན་ཞིག་གི་འདུ་ཤེས་མཚོན་དགོས་ཚུལ་སོགས་ཀྱི་གཞུང་ལུགས་ཀྱི་སྣེས་དྲངས་པ་ཡིན།  དེ་འདྲའི་ཞིབ་འཇུག་གི་ཐབས་ལམ་དེས་སྐབས་དེའི་བོད་ཀྱི་རྩོམ་རིག་གསར་རྩོམ་དང་།  རྩོམ་རིག་མཐའ་དཔྱོད་ལ་གསོན་ཤུགས་གསར་པ་ཞིག་སྦྱིན་ཡོད་པ་ནི་སྨོས་མ་དགོས་པ་ཞིག་རེད།  འོན་ཏེ།  མི་ལོ་སུམ་ཅུ་ཙམ་སོང་བའི་མཐར།  བརྩམས་ཆོས་ཉུང་ཤས་ཤིག་དང་།  མཐའ་དཔྱོད་ཉུང་ཤས་ཤིག་གིས་གསར་གཏོད་ཀྱི་ལམ་བུ་སྙེགས་བཞིན་ཡོད་པ་ལས།  སྤྱིར་བརྩམས་ཆོས་དང་མཐའ་དཔྱོད་མང་པོ་ཞིག་ནི་སྔར་བཞིན་མངོན་ཤུགས་གང་རུང་ནས་སྤྱི་ཚོགས་རིག་པའི་མཐའ་དཔྱོད་དང་།  འདུ་ཤེས་འཛིན་ཚུལ་གྱི་མཐའ་དཔྱོད་ཀྱི་ལམ་དུ་སྐྱོད་བཞིན་ཡོད་པས། "མཐའ་དཔྱོད་ཀྱི་ཚད་གཞི་གཅིག་གྱུར་བྱེད་པར་རེ་བའི་བསམ་བློ་ནི།  རྒྱུན་སྲོལ་གྱི་ཡོད་ཚད་གཅིག་གྱུར་བྱེད་པའི་བསམ་གཞིག་གི་ཁོངས་སུ་གཏོགས་ཤིང་། དེར་གཅིག་ཆོད་ཀྱི་རང་བཞིན་དང་རྒྱུ་གཅིག་སྨྲ་བའི་ཤན་ཞུགས་ཡོད་པས།  ད་ལྟ་རྗེས་སུ་ལུས་པ་ཞིག་དང་།  དུས་རབས་གོང་འཕེལ་གྱི་ཆོས་ཉིད་དང་ཡང་མི་མཐུན་པ་ཞིག་ཡིན།"③ གཞུང་ལུགས་རྐྱང་པ་ཞིག་གམ་ཚིག་འཁྲི་སྐམ་པོ་ཞིག་གི་ཐོག་ནས་གནས་ལུགས་ག་ཙམ་བརྗོད་ཀྱང་དེ་ནི་ལྐོག་ཏུ་གྱུར་པ་ཞིག་དང་།  དང་བ་འདྲེན་དཀའ་བ་ཞིག་ཡིན་པས།  སྐབས་འདིར་དཔེ་མཚོན་འགའ་ཞིག་དྲངས་ཏེ་གསལ་བཤད་བྱས་ན་དེ་བས་ངེས་ཤེས་དང་ཡིད་ཆེས་སྟེར་ངེས་རེད།  སྐུ་ཞབས་དོན་གྲུབ་རྒྱལ་གྱི་བརྩམས་ཆོས《སྤྲུལ་སྐུ》《སད་ཀྱིས་བཅོམ་པའི་མེ་ཏོག》《རྐང་ལམ་ཕྲ་མོ》བཅས་ལ་ཐུན་མོང་གི་མཐའ་དཔྱོད་ཀྱི་ཁྱད་ཆོས་ཤིག་མངའ་བ་ནི།  སྲོལ་རྒྱུན་དང་གསར་དར་གྱི་འགལ་བའི་བར་ནས་མཐའ་དཔྱོད་ཀྱི་ལམ་བུ་ཞིག་བཙལ་བ་དེ་ཡིན།  སྤྲུལ་སྐུས་མཚོན་པའི་སྲོལ་རྒྱུན་རིག་གནས་ལ་དགག་པ་དང་།  དེ་དང་ལྟོས་བཅས་སུ་གྲུབ་པའི་གསར་དར་གྱི་རིག་གནས་ཤིག་ངང་ངམ་ཤུགས་ཀྱིས་མངོན་བཞིན་ཡོད་པ་དང་།  སད་ཀྱིས་བཅོམ་པའི་མེ་ཏོག་ནང་དུ་གཞོན་ནུ་ཕོ་མོ་གཉིས་ལ་གཉེན་སྒྲིག་རང་དབང་མེད་པ་དེས་སྲོལ་རྒྱུན་གྱི་བསམ་བློ་རྙིང་པ་མཚོན་པ། དེ་ལ་སུན་འབྱིན་དང་དགག་རྒྱག་གིས་རང་དབང་གི་བརྩེ་དུང་ལ་རེ་འབོད་བྱས་པ།  ཡང་རྐང་ལམ་ཕྲ་མོ་ཡི་ནང་དུ་རྐང་ལམ་ཕྲ་མོས་སྲོལ་རྒྱུན་དང་།  གཞུང་ལམ་གྱིས་གསར་དར་གྱི་རིག་གནས་མཚོན་པའི་བར་དང་།  ཡང་ཚེ་རིང་དོན་གྲུབ་ལགས་ཀྱིས་བརྩམས་པའི《ར་ལོ》ཡི་རྒྱུད་ལ་ཡོད་པའི་བག་འཁུམས་དང་ལེ་ལོ།  དམིགས་ཡུལ་ཁ་གསལ་མེད་པའི་ཁྱད་ཆོས་དེ་དག་ལས་བོད་མིའི་རྣམ་ཤེས་ཀྱི་བསྡུས་གཟུགས་ཤིག་ཡིན་པར་འདོད་པ།  དེ་བཞིན《གཙུག་གཡུ》 ཡང་མཐའ་དཔྱོད་བྱེད་སྟངས་ཀྱི་ཁྱབ་ཁོངས་དེ་ལས་བརྒལ་མེད་པ་ཀུན་གྱིས་མཁྱེན་གསལ་ལྟར་རེད།   ད་དུང་སྐབས་དེའི་རྩོམ་དཔྱད་ཐད་ལའང་།  རྒན་སྐལ་བཟང་ཡེ་ཤེས་ཀྱིས་བརྩམས་པའི《དངོས་ཡོད་མཚོན་པའི་གཏམ་རྒྱུད་བཟང་པོ་ཞིག》ཅེས་པ་དང་།  རྒན་དབང་འདུས་ཚེ་རིང་ལགས་ཀྱི་རྩོམ་དཔྱད《དུས་རབས་ཀྱི་རྗེས་སུ་དམ་པོར་འབྲངས་ནས་སྙན་ཚིག་གསར་རྩོམ་ཕུན་སུམ་ཚོགས་པོ་ཡོང་བ་བྱ་དགོས》 ལྟ་བུའི་ཁ་བྱང་ཐོག་ནས་ཀྱང་།  གཙོ་བོ་སྤྱི་ཚོགས་དང་དུས་རབས་རྐྱང་ཞིག་ཚད་གཞིར་བཟུང་ཡོད་པ་རྟོགས་ཐུབ།  ཡང་ང་ཚོས་མིག་རྒྱང་སྲོལ་རྒྱུན་གྱི་བརྩམས་ཆོས་ལ་མཐའ་དཔྱོད་བྱེད་སྟངས་ལ་གཞིགས་ནའང་།  སྣང་ཚུལ་དེ་རིགས་མཐོང་ཐུབ་སྟེ།  《མི་ལ་རས་པའི་རྣམ་ཐར》《ལྷ་མོའི་འཁྲབ་གཞུང་བརྒྱད་པོ》སོགས་ཀྱང་འདུ་ཤེས་འཛིན་ལུགས་ཀྱི་མཐའ་དཔྱོད་ཐོག་ནས།  དབང་སྒྱུར་གྲལ་རིམ་དང་དབང་སྒྱུར་མྱོང་མཁན་ཞེས་ཐ་སྙད་འགལ་བ་གཉིས་བསླངས་ཏེ།  བརྩམས་ཆོས་དེ་དག་སྐབས་དེའི་སྤྱི་ཆོགས་ཀྱི་རྒྱབ་ལྗོངས་མཚོན་པར་བྱེད་པའི་བརྙན་རིས་ལྟ་བུ་ཞིག་ཏུ་བཟུང་ཡོད་པ་རེད།  དེ་ལྟར་བརྩམས་ཆོས་གང་དང་གང་ཞིག་ཡིན་རུང་།  རྒྱུ་གཉིས་ཀྱི་འགལ་བའི་རྣམ་གཞག་ནང་དུ་བཞག་སྟེ་མཐའ་དཔྱོད་བྱས་པ་ལས།  དེ་ལས་ཡན་པའི་བསམ་བློའི་ཟབ་ཚད་ཅིག་ནས་དཔྱད་ཐུབ་མེད་པས།  བརྩམས་ཆོས་ཀྱི་དོན་བརྗོད་བྱ་ཚུལ་མི་གཅིག་པ་མ་གཏོགས།  ནང་སྙིང་དུ་སྦས་པའི་རིན་ཐང་མངོན་ཕྱོགས་གཅིག་ཏུ་གྲུབ་སྟེ། རྙིང་པ་དང་གསར་པ།  དབང་སྒྱུར་པ་དང་དབང་སྒྱུར་མྱོང་མཁན།  སྣང་ཚུལ་དང་གནས་ཚུལ། ཞོར་གཏོགས་དང་ལྟེ་བ་སོགས་པའི་འགལ་བ་ལས་གྲུབ་པ་ཞིག་རེད་ལ། དེ་དག་ལས་སྔ་མ་ནི་དོར་བྱ་དང་དམོད་ཡུལ་ཡིན་ཞིང་།  ཕྱི་མ་ནི་བླང་བྱ་དང་སེམས་ཁུར་བྱ་ཡུལ།  གཙོ་བོའི་ཚུལ་དུ་གནས་ཡོད།  དེ་འདྲའི་སྒྲིག་གཞི་དེས་བསམ་བཞིན་དང་བསམ་བཞིན་མ་ཡིན་པར་མིའི་སེམས་ཁམས་སུ་བང་རིམ་མམ་གྲལ་རིམ་གྱི་དབྱེ་བ་ཞིག་བསྐྲུན་པ་དང་།  གཞུང་ལུགས་སུ་བསྟན་པའི་གྲུབ་ཆ་དེ་ཡང་ནས་བསྐྱར་དུ་བཤད་བཤད་པའི་མཐར།  དེ་ཐུན་མོང་གི་སེམས་ཁམས་ཀྱི་གྲུབ་ཆར་གྱུར་པས།  ཕྱིས་སུ་དེ་ལྟར་ཡིན་ཤག་ཤག་གི་ཐོག་ནས་བསམ་གཞིག་ཀྱང་བྱེད་པ་ཡིན།  བོད་ཀྱི་དེང་སྐབས་ཀྱི་རྩོམ་རིག་གི་མཐའ་དཔྱོད་བྱེད་ལུགས་ཀྱང་སྤྱིར་རྒྱུ་གཉིས་འགལ་བའི་སྒྲིག་གཞི་དེ་དང་བསྟུན་པ་ཞིག་ཡིན་ཚུལ།  ང་ཚོས་མཐའ་དཔྱོད་གཞན་པ་དག་ལ་དཔྱད་ནའང་མཁྱེན་ཐུབ་པས་དེར་རེ་ཞིག་བསྐྱུངས་བའོ།།  དེ་ལྟར།  དེང་སྐབས་ང་ཚོའི་རྩོམ་རིག་གི་མཐའ་དཔྱོད་ནང་དུ་ལྷགས་པའི་གནས་དོན་དེ་རོབ་ཙམ་བསྟན་ཟིན་རྗེས།  ཕྱིས་ཀྱི་བྱ་བ་ནི་གནས་དོན་དེ་ལས་ཇི་ལྟར་གྲོལ་དགོས་མིན་དང་།  ཡང་ན་དེ་ལས་བརྗོད་སྟངས་ཡང་དག་པ་ཞིག་བཙལ་ཏེ་བཤད་ན།  མཐའ་དཔྱོད་བྱེད་སྟངས་གཞན་ཞིག་ཇི་ལྟར་བཙལ་དགོས་མིན་གྱི་གནས་དོན་དེ་རེད།

གསུམ་པ།  འཚོལ་སྙེག་དང་རེ་ལྟོས།

        ང་ཚོ་འཚོ་གནས་བྱ་ཡུལ་གྱི་འཇིག་རྟེན་དེ་ནི།  མངོན་དུ་གྱུར་པ་དང་།  མཐོང་ཚོས་སུ་གྱུར་པའི་དངོས་ཡོད་དང་ཚད་ཡོད་ཀྱི་འཇིག་རྟེན་ཞིག་ཡིན་ལ།  ད་དུང་བློས་བསླངས་དང་གཞུང་ལུགས་ཀྱི་སྣེ་མོར་འཇུས་ཏེ་རྒྱང་རིང་དང་ཚད་མེད་དུ་བསྲིངས་ནུས་པའི་འཇིག་རྟེན་ཞིག་ཀྱང་རེད།  རྩོམ་རིག་དང་རྩོམ་རིག་མཐའ་དཔྱོད་ཡོད་ཚད་དངོས་ཡོད་ཀྱི་སྤྱི་ཚོགས་དང་འདས་ཟིན་གྱི་ལོ་རྒྱུས་ཤིག་རྒྱབ་ལྗོངས་སུ་བཞག་སྟེ་ཚད་ཡོད་ཀྱི་ཁོར་ཡུག་ནང་དུ་འགྲེ་ལོག་བྱེད་བཞིན་པའི་གནས་སྐབས་སུ།  ང་ཚོས་བློས་བསླངས་དང་གཞུང་ལུགས་ཀྱི་སྣེ་མོར་འཇུས་ཏེ་དེ་ལས་ཡངས་པའི་རྒྱལ་ཁམས་ཤིག་ལ་སྙེགས་ན་ཅིས་མི་ཆོག  སྐབས་འདིར་བདག་གིས་བློས་བསླངས་དང་གཞུང་ལུགས་ཞེས་བརྗོད་པར་གོ་བ་གཉིས་ཡོད་དེ།  གཅིག་ནི།   བློས་བསླངས་ཀྱི་ཐོག་ནས་འཇིག་རྟེན་ཞིག་བསྐྲུན་ཆོག་ལ།  ཡང་བློས་བསླངས་དེ་ལའང་གཞུང་ལུགས་ཀྱི་རྒྱབ་རྟེན་ཞིག་ཀྱང་དགོས།  གཞུང་ལུགས་ཀྱི་རྒྱབ་རྟེན་ཡོད་པའི་བློས་བསླངས་དེ་དེ་བས་གཏིང་ཟབ་པའི་བསམ་བློའི་ཟབ་ཚད་ཅིག་ཏུ་འཇུག་ཐུབ་ཅིང་།  བློས་བསླངས་ལྡན་པའི་གཞུང་ལུགས་དེ་དེ་བས་ཚེ་སྲོག་གི་རིན་ཐང་ལྡན་པ་ཞིག་ཡིན། CX1གཉིས་ནི།  CXསྒྱུ་རྩལ་རྩོམ་རིག་ནི་བློས་བསླངས་ཕུན་སུམ་ཚོགས་པོ་ཞིག་ལ་བརྟེན་དགོས་ལ།  རྩོམ་རིག་མཐའ་དཔྱོད་ནི་བློས་བསླངས་ཙམ་གྱིས་མི་ཆོག་པར།  དེ་ལ་ད་དུང་རིག་གནས་དང་གཞུང་ལུགས་ཀྱི་རྒྱབ་རྟེན་ཟབ་པོ་ཞིག་དགོས་པ་ཡིན།  འོ་ན།  ཁ་ཅིག་གིས། སྐབས་དེར་རྩོམ་རིག་མཐའ་དཔྱོད་དེ་གཞུང་ལུགས་ཤིག་ནས་ཕྱིར་ཐོན་ཏེ་སླར་ཡང་གཞུང་ལུགས་གཞན་ཞིག་གི་སྦྲིག་ཏུ་འཚངས་ཏེ།  དེ་ལ་ཁྱད་ཆོས་གང་ཞིག་ཡོད་དམ་ཞེ་ན། དེ་ལ་ཡོད་དེ།  དེ་སྔོན་རང་ཅག་གིས་སྤྱིར་སྤྱོད་པ་ནི་སྤྱི་ཚོགས་རིག་པའི་མཐའ་དཔྱོད་དང་།  འདུ་ཤེས་འཛིན་ལུགས་ཀྱི་མཐའ་དཔྱོད་ཡིན་པས།  མཐའ་དཔྱོད་བྱེད་ལུགས་དེས།  སྐབས་དེའི་རྩོམ་རིག་གོང་འཕེལ་ལ་ནུས་པ་དང་ཚད་ཐིག་བླ་ན་མེད་པ་ཞིག་བསྐྲུན་ཡོད་པ་གོར་མ་ཆག་མོད།  དེང་གི་དུས་སྐབས་སུ།  ང་ཚོས་རང་མི་རིགས་ཀྱི་རིག་གནས་ཀྱི་སྒྲོམ་གཞི་དང་མཐུན་པའི་མཐའ་དཔྱོད་བྱེད་ལུགས་ཤིག་འཚོལ་སྙེགས་བྱེད་དགོས་པ་ནི་དེ་བས་འགངས་ཆེ་བ་ཞིག་རེད།  རྒྱའི་མཛེས་ཉམས་རིག་པ་བ་གྲགས་ཅན་ཀྲུའི་ཀོང་ཆན་ཞུ་བས"མི་རིགས་ཤིག་གི་ཚེ་སྲོག་གི་སྟོབས་ཤུགས་དེ་རྩོམ་རིག་དང་སྒྱུ་རྩལ་གྱི་ནང་དུ་མངོན་སུམ་གྱིས་ཕྱུངས་ཏེ་ཡོད་པས།  མི་རིགས་དེའི་ཚེ་སྲོག་གི་སྟོབས་ཤུགས་དྲག་ཞན་གཞལ་དགོས་ན།  རྩོམ་རིག་དང་སྒྱུ་རྩལ་ནི་ཚད་ཐིག་ལེགས་ཤོས་ཤིག་རེད།"④ ཅེས་གསུངས་པ་དེ་ནི་ཤིན་ཏུ་ཚད་མ་ཞིག་རེད།  ང་ཚོས་ཇི་ལྟར་བྱས་ཏེ་རང་གི་ཆོས་དང་མཐུན་པའི་མཐའ་དཔྱོད་བྱེད་ལུགས་ཤིག་གཏོད་དགོས་སམ།  

        གནས་དོན་དེ་ནི་ཧ་ཅང་དཀའ་གནད་ཅིག་རེད་ལ།  ཡང་ངེས་པར་སྒྲུབ་དགོས་པའི་བྱ་བ་ཞིག་ཡིན།  དཀའ་གནད་ཡིན་དོན་ནི།  དེང་སྐབས་ནུབ་ཕྱོགས་ལྟེ་བར་གྱུར་པའི་རྩོམ་རིག་གི་མཐའ་དཔྱོད་གཞུང་ལུགས་ཁྲོད་དུ་ཇི་ལྟར་བྱས་ཏེ་བོད་རང་ཉིད་ཀྱི་ཁྱད་ཆོས་ལྡན་པའི་རྩོམ་རིག་མཐའ་དཔྱོད་ཀྱི་གཞུང་ལུགས་ཤིག་བསྐྲུན་དགོས་མིན་གྱི་གནས་དོན་དེ་རེད།  དེ་ནི་རིག་གནས་ཇི་ལྟར་འབྲེལ་འདྲིས་དང་།  ཡང་རིག་གནས་ཇི་ལྟར་རྒྱུན་མཐུད་དགོས་མིན་གྱི་གནས་དོན་ཞིག་ཡིན་པས་སོ། །འགའ་རེས།  བོད་ཀྱི་རིག་གནས་དང་།  སྐབས་དེར་འཆད་བྱར་གྱུར་པའི་བོད་ཀྱི་རྩོམ་རིག་དེ་འཛམ་གླིང་ཐོག་ཏུ་ཐུན་མོང་མ་ཡིན་པའི་ཁྱད་ཆོས་མངའ་བས།   "གང་ཞིག་མི་རིགས་ཀྱི་ཡིན་ན། དེ་ནི་འཛམ་གླིང་གི་ཡིན" ཞེས་གསུངས་པར་རྒྱུ་མཚན་མེད་པ་མིན་མོད།   གནས་དོན་གཙོ་བོ་ནི།  དེ་འདྲའི་ཐུན་མིན་གྱི་རིག་གནས་དེས་འཛམ་གླིང་གི་སྣེ་མང་རིག་གནས་ཁྲོད་དུ་དུས་དང་མཐུན་པའི་སྲོག་གི་དབང་པོ་ཞུགས་ཏེ།  དུས་མཐུན་གྱི་འགྲེལ་བརྗོད་དང་བྱ་བ་བྱེད་ནུས་ཀྱི་ཕྱོགས་སུ་ཇི་ལྟར་བསྐུལ་རྒྱུ་དེ་རེད།  སྔ་མ་ནི་ཁྱད་ཆོས་ཙམ་ཡོད་ན།  དེ་ནི་ཐུན་མོང་དུ་གྱུར་སྲིད་མོ། །ཕྱི་མ་ནི་ཁྱད་ཆོས་ཡོད་པ་ཙམ་གྱིས་མི་ཆོག་པར།  དེས་དེ་བསྟུན་གྱི་བྱ་བའང་བྱེད་དགོས་པ་ཞིག་ཡིན།  དེས་ན་ཕྱི་མ་དེ་གཙོ་བོ་རེད་ལ།  དཀའ་སའང་དེ་རང་ཡིན།  ཡང་ངེས་པར་སྤྲུབ་དགོས་པ་ཞིག་ཀྱང་ཡིན་ཏེ།  འཛམ་གླིང་རིག་གནས་ཀྱི་རླབས་རྒྱུན་ཁྲོད་དུ་ཁ་རོག་གེར་མི་ནུབ་པའི་ཆེད་དུ་ཡིན་སྟབས།  བོད་ཀྱི་རྩོམ་རིག་མཐའ་དཔྱོད་ཀྱིས་རང་ཉིད་ཀྱི་ཐུན་མོང་མ་ཡིན་པའི་གཞུང་ལུགས་ཤིག་གི་ཐོག་ནས་སླར་ཡང་འཛམ་གླིང་གི་རིག་གནས་དང" བགྲོ་གླེང"བྱེད་དགོས་པ་དེ་གལ་ཆེན་ཞིག་རེད།  དེ་ནི་དེང་སྐབས་བརྫོད་པའི"རིག་གནས་ཡིད་རྟོན"ཞིག་ཡིན་ལ།  བོད་ཀྱི་རྩོམ་རིག་མཐའ་དཔྱོད་ཀྱིས་བསྒྲུབ་དགོས་པ་དང་།  རྩོམ་རིག་གསར་རྩོམ་ལ་སྣེ་སྟོན་གྱི་འགན་འཁྲིའང་རེད།  

བཞི་པ།  བགྲོ་གླེང་དང་སྔོན་འགྲོ།

        བགྲོ་གླེང་བྱེད་བསམས་ན།  སྔོན་འགྲོ་ནི་རང་ཉིད་ལ་དབང་བའི་སྐད་ཆ་ཞིག་ཡོད་དགོས།  གལ་ཏེ་རང་ཉིད་ལ་དབང་བའི་སྐད་ཆ་ཞིག་མེད་ན།  བགྲོ་གླེང་བྱེད་ཐབས་བྲལ་བས།  མཐར་བགྲོ་གླེང་དེའང་།  སྣེ་སྟོན་པའི་འགྲོས་དང་བསྟུན་པའི"མཉམ་དཀྲོལ་རོལ་དབྱངས"ལྟ་བུ་ཞིག་ཏུ་གྱུར་ངེས།  དེས་ན།  ཐོག་མར་ཐུན་མིན་གྱི་རྩོམ་རིག་མཐའ་དཔྱོད་ཀྱི་རྣམ་པ་ཞིག་ཚུགས་པར།  རང་ཉིད་ཀྱི་རྒྱུན་སྲོལ་རྩོམ་རིག་མཛེས་ཉམས་ཀྱི་ཁྱད་ཆོས་ཤེས་དགོས་པ་དེ་གལ་ཆེན་ཞིག་ཡིན། ང་ཚོའི་རིག་གཞུང་དང་རྩོམ་རིག་གི་ཆ་འཕྲིན་ཡོང་ཁུངས་གཙོ་བོར་གྱུར་པའི་རྒྱལ་ནང་གི་རྒྱ་མི་རིགས་ཀྱི་རྩོམ་རིག་ལའང་།  ནུབ་ཕྱོགས་ཀྱི་བསམ་བློ་དང་།  བསམ་བློ་དེ་ལས་འཕྲོས་པའི་རྩོམ་རིག་གསར་རྩོམ།  དེ་བཞིན་རྩོམ་རིག་གཞུང་ལུགས་ལ་དོགས་སློང་ཚ་ཚ་འུར་འུར་བྱེད་བཞིན་ཡོད་པས།  ང་ཚོས་ཀྱང་གོམ་སྟབས་དེ་དང་བསྟུན་ཏེ།  རང་གི་ད་ཡོད་ཀྱི་རྩོམ་རིག་གསར་རྩོམ་དང་གཞུང་ལུགས་ལ་དོགས་སློང་བྱས་ཏེ། རང་མི་རིགས་ཀྱི་རིག་གནས་ཀྱི་གཏིང་རུམ་ནས་དུས་བསྟུན་གྱི་གསར་རྩོམ་གྱི་རྒྱུ་ཆ་བླངས་ཤིང་།  རྩོམ་རིག་གཞུང་ལུགས་ལ་མི་རིགས་རང་ཉིད་ཀྱི་བསམ་བློའི་སྲོག་ཤིང་ཞུགས་སུ་འཇུག་རྒྱུ་ནི།  གཡོལ་མེད་ཀྱི་ལས་འགན་ཞིག་དང་གོ་སྐབས་ཤིག་ཡིན། 

        བོད་ཀྱི་སྲོལ་རྒྱུན་གྱི་བརྩམས་ཆོས་ལ་ཕྱིས་སུ་ང་ཚོས་སྤྱི་ཚོགས་རིག་པའི་མཐའ་དཔྱོད་དང་། འདུ་ཤེས་འཛིན་ལུགས་ཀྱི་མཐའ་དཔྱོད་ཀྱི་ཐོག་ནས་དཔྱད་པ་བྱས་པས།  དེ་དག་ལ་སྤྱི་ཆོགས་ག་གེ་མོ་ཞིག་གི་ཁྱད་ཆོས་ལྡན་མིན་དང་། དེ་དག་ལ་ཆོས་ལུགས་ཀྱི་འདུ་ཤེས་འཛིན་ལུགས་ཅི་འདྲ་ཞིག་ཡོད་མིན་གཙོ་བོར་བཟུང་བ་ལས། ད་དུང་དེ་དག་གི་གཏིང་རུམ་ན་ཡོད་པའི་མི་ཚེའི་མྱོང་རྒྱུས་དང་། མི་ཚེའི་མྱོང་རྒྱུས་དེ་ལས་འཕྲོས་པའི་ཐུན་མིན་གྱི་མཛེས་རྟོག་ཁྱད་ཆོས་ཇི་འདྲ་ཞིག་ཡོད་མིན་བཏང་སྙོམས་སུ་སོང་བ་རེད།   དེ་དག་སྔོག་སྐབས་ང་ཚོའི་རྩོམ་རིག་གསར་རྩོམ་དང་།  རྩོམ་རིག་གཞུང་ལུགས་གོང་འཕེལ་ལ་ནུས་པ་ཆེན་པོ་འདོན་ཐུབ་སོ་ངེས་རེད།

མི་ནི་རྟེན་པ་སྣོད་ཀྱི་འཇིག་རྟེན་དང་།  སྤྱི་ཚོགས་དང་འདུ་ཤེས་ངེས་ཅན་ཞིག་གི་ནང་དུ་འཚོ་གིན་ཡོད་པ་མ་ཟད།  ལྷག་པར་རང་ཉིད་ཀྱི་སེམས་ཀྱི་འཇིག་རྟེན་ནང་དུའང་འཚོ་གནས་བྱེད་དགོས་པ་ཞིག་རེད།  སེམས་དང་དེ་ལས་བྱུང་བའི་མྱོང་རྟོགས་ཤིག་ནང་དུ་འཚོ་གནས་བྱེད་ཐུབ་ན།  ད་གཟོད་འཚོ་བའི་བདེན་པ་མཐོང་ཐུབ་ལ།  སྒྱུ་རྩལ་གྱི་ཐེམ་སྐས་སུའང་བགྲོད་ཐུབ།  དེ་ནི་སྒྱུ་རྩལ་མཁན་དང་།  བྱེ་བྲག་རྩོམ་རིག་གསར་རྩོམ་ལ་མཁོ་ལ། རྩོམ་རིག་མཐའ་དཔྱོད་ལའང་མཁོ་སྟེ། སེམས་ཀྱི་གཏིང་རུམ་ནས་བྱུང་བའི་དངོས་པོ་ཞིག་ལ། སེམས་ཀྱིས་རྟོག་ཅིང་དཔྱོད་དགོས་པ་ལས། དེ་ལ་གཅིག་གྱུར་གྱི་སྤྱི་ཚོགས་དང་འདུ་ཤེས་འཛིན་ཚུལ་ཞིག་གིས་རྟོགས་ནུས་པ་མིན།  ནུབ་ཕྱོགས་ཀྱི་མཁས་དབང་དག་གིས་སྙན་ངག་དང་མཚན་ཉིད་རིག་པའི་གནས་བབ་གཅིག་མཚུངས་སུ་བརྩི་ཞིང་།  རྩོམ་པ་པོ་ཞིག་ཡིན་ན།  ངེས་པར་མཚན་ཉིད་རིག་པ་བ་དང་བསམ་བློ་བ་ཞིག་ཡིན་དགོས་ཚུལ།  རྩོམ་རིག་བརྩམས་ཆོས་ཀྱིས་འཚོ་བའི་དོན་སྙིང་དང་མིའི་ངོ་བོ་གསལ་སྟོན་བྱེད་དགོས་པར་བཞེད། "སྒྱུ་རྩལ་མཁན་གྱིས་ཚེ་སྲོག་གི་ནང་སྙིང་ལ་འགྲེལ་བརྗོད་བྱས་པ་དེ་དག   ཚན་རིག་གི་ཤེས་ནུས་དང་།  ཚན་རིག་གོང་འཕེལ་ཙམ་གྱིས་རྟོགས་ནུས་པ་ཞིག་མིན།"⑤ ཞེས་གསུངས།  ཁྱད་ཆོས་དེ་ནི་ཏག་ཏག་ང་ཚོའི་རིག་གཞུང་ཐོག་ལ་ཡོད་པ་ཞིག་དང་།  རང་རེའི་སྒྱུ་རྩལ་བརྩམས་ཆོས་ཀྱི་ཐོག་ནས་མངོན་པ་ཞིག་ཀྱང་ཡིན།  ཇི་ལྟར་རེད་དམ་སྙམ་ན།  དེང་གི་བརྩམས་ཆོས་ཀྱིས་ནི།  སྤྱི་ཚོགས་ཀྱི་རིན་ཐང་གིས"མི"ཡི་རིན་ཐང་གཞལ་རྒྱུ་དང་།  ཟང་ཟིང་གིས་སྤྱི་ཚོགས་དེས"མི"ལ་འགྲེལ་བརྗོད་བྱེད་རྒྱུ་ལྷུར་ལེན་ཞིང་།  སྲོལ་རྒྱུན་གྱི་བརྩམས་ཆོས་ནི།  ཟང་ཟིང་གི་སྤྱི་ཚོགས་ཀྱི་ཁྲོད་ནས"མི"ཡི་རིན་ཐང་འཚོལ་སྙེགས་བྱེད་རྒྱུ་དང་།  "མི"ཡིས་སྤྱི་ཚོགས་ལ་འགྲེལ་བརྗོད་བྱས་པའི་ཐོག་ཏུ་གནས་ཡོད།  སྒྱུ་རྩལ་བརྩམས་ཆོས་རང་ངོས་ནས་བརྗོད་ན།  སྲོལ་རྒྱུན་བརྩམས་ཆོས་ཀྱི་རིན་ཐང་འཛིན་ཚུལ་དེ་དེ་བས་རྩོམ་རིག་དང་ཐག་ཉེར་གནས་པ་ཞིག་ཡིན་ཞིང་།  དེས་ཚེ་སྲོག་གི་གཏིང་རིམ་དང་།  རིག་གནས་ཀྱི་གཏིང་རིམ་དུ་བཞུད་དེ་སེམས་ཀྱི་མྱོང་རྟོགས་ཤིག་གི་ཐོག་ནས་རྩོམ་རིག་ལ་འཇུག་པ་ཞིག་དང་།  རྩོམ་རིག་ནང་ནས་མཐོང་བའི་མི་དེ་དག་ཀྱང་།  སྤྱི་ཚོགས་དང་འཚོ་བའི་ནང་དུ་གནས་ཤིང་།  དེའི་རྙོག་འཛིང་ལས་ཐར་མི་ཐུབ་པའི་མི་ཞིག་མིན་པར།  སྤྱི་ཚོགས་དང་འཚོ་བ་ལས་མངོན་པར་འཕགས་པའམ།  སྤྱི་ཚོགས་དང་འཚོ་བའི་ནང་དུ་མ་ཐིམས་པར། དེ་ལ་རྟོག་ཅིང་དཔྱོད་མཁན་གྱི་མི་ཞིག་ཡིན་པའི་མཐའ་དཔྱོད་ནང་དུ།  རྩོམ་རིག་དེ་སྤྱི་ཚོགས་ཀྱི་འཚོ་བ་ལས་མཐོ་བའམ་ཁྱད་དུ་འཕགས་པ་ཞིག་ཡོད་པར་གསུངས་ན།  ཁྱད་དུ་འཕགས་ཚུལ་དང་།  མཐོ་ཚུལ་དེ་མིའི"སེམས་ཀྱི་མྱོང་རྟོགས"ཀྱི་ཐོག་ནས་བཞག་ན།  དེ་བས་རྒྱ་ཆེ་ཞིང་ཟབ་སར་འཇུག་ཐུབ་ལ། རྩོམ་རིག་མཐའ་དཔྱོད་དེའང་།  སྤྱི་ཚོགས་ཤིག་དང་། འདུ་ཤེས་ཤིག་ཚད་ཐིག་ཏུ་བཟུང་མི་དགོས་པར།  དེ་ལས་རྒྱ་ཆེ་ཞིང་གཏིང་ཟབ་པའི་ཐོག་ནས་དཔྱད་ཆོག་ལ།  རྩོམ་རིག་མཐའ་དཔྱོད་ནང་དུ་དཔྱོད་པའི་མི་དེའང་།  བརྩམས་ཆོས་ནང་དུ་ཐོན་པའི་མི་ཙམ་མ་ཡིན་པར། དཔྱོད་པ་པོ་རང་ཉིད་ཀྱིས་སྔོན་དཔག་བྱས་པའི་མི་ཞིག་དང་།  ཡང་ན་བརྩམས་ཆོས་ནང་གི་མི་ལས་ཁྱད་དུ་འཕགས་པ་ཞིག་ཡིན་ངེས།  ང་ཚོས་རྒྱུན་དུ་བརྩམས་ཆོས་ཤིག་ལ་རྟོག་ཅིང་དཔྱོད་སྐབས།  ཕྱིས་སུ་གྲུབ་པའམ་གོམས་གཤིས་ཀྱི་ངོས་སུ་འཇགས་ཏེ་ཡོད་པའི་བག་ཆགས་ཤིག་གི་ཐོག་ནས་འཇུག་པ་ལས།  སྔོན་དཔག་དང་།  ཡང་ན་བཙལ་འཚོལ་གྱི་ཆ་ལ་མེད་ཅིང་།  གཞན་གྱི་གཞུང་ལུགས་ཀྱི་འཁོར་རྒྱའི་ནང་དུ་འཚོ་ཞིང་གནས་པས།  རང་ཉིད་ཀྱི་རང་སྟོབས་ཀྱི་བསམ་གཞིག་གི་ནུས་པ་ཇེ་ཞན་དུ་སོང་བ་རེད།

        གལ་ཏེ་མཐའ་དཔྱོད་པ་ཚད་ལྡན་ཞིག་ཡིན་ཚེ།  རྩོམ་པ་པོ་གཞན་གྱི་བརྩམས་ཆོས་ལ་བརྟེན་ཏེ་དཔྱོད་པ་པོ་རང་ཉིད་ཀྱི་ནང་བསམ་པའི་རིན་ཐང་འཛིན་ཚུལ་ཅི་འདྲ་ཞིག་ཡིན་པ་དང་། རང་གི་མཛེས་རྟོག་གི་ལྟ་བ། དེ་བཞིན། མ་འོངས་ཀྱི་རིན་ཐང་ལ་སྙེགས་ཚུལ་ཇི་འདྲ་ཡིན་པ་རིམ་པར་སྟར་ངེས་ཡིན་ཏེ། མི་རང་གི་མྱོང་རྟོགས་དང་། མིའི་རིན་ཐང་གཞལ་ཕྱོགས་ཀྱི་ཐོག་ནས་བསམ་གཞིག་བྱེད་པ་ལས།  སྤྱི་ཚོགས་དང་འདུ་ཤེས་འཛིན་ཚུལ་གྱི་ཁུར་པོ་ལྕི་མོ་ཞིག་འཁུར་ཏེ།  བརྩམས་ཆོས་ལའང་།  ལྗིད་ཏིག་ཏིག་གི་རྒྱ་?་ཞིག་འདོགས་རྒྱུ་དེ་འདྲ་རྩ་

བ་ནས་ཡིན་མི་སྲིད།


ལུང་འདྲེན་དཔྱད་མཆན།

①སྟོབས་རྒྱལ་གྱིས་བརྩམས། རྩོམ་རིག་རྣམ་བཤདམི་རིགས་དཔེ་སྐྲུན་ཁང་།  


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1