རྩོམ་པ་པོ་བསམ་ཤོད་པ་དཀོན་ཅོག་ཡོན་ཏན་ལགས་ལ་བཅར་འདྲི་ཞུས་པའི་ཟིན་ཐོ།

རྒྱལ་ལོ་ཚེ་རིང་། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 12-14


        དྲི་བ།  རྒན་ལགས་ཁམས་བཟང་།    ཐེངས་འདིར་བདག་གི་བཅར་འདྲི་དང་ལེན་བྱས་པར་ཐུགས་རྗེ་ཆེ་ཞུ་བ་དང་ཆབས་ཅིག་རང་ཉིད་ངོ་སྤྲོད་མདོར་བསྡུས་ཤིག་གནང་རོགས།

        དྲིས་ལན།    ལགས་སོ།    ཁྱེད་ལའང་ཐུགས་རྗེ་ཆེ་ཞུ།  ཁོ་བོ་སྤྱི་ལོ1961ལོའི་ཟླ11ཚེས6ཉིན་བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་སྣ་དཀར་རྩེ་རྫོང་སྟག་ལུང་གྲོང་རྡལ་དུ་ལྟེ་ཁྲག་འཕོས།    དུས་རབས་གོང་མའི་ལོ་རབས་བརྒྱད་ཅུ་པར་རང་སྦྱོང་ཡིག་རྒྱུགས་འཕྲོད་དེ་བོད་ལྗོངས་སློབ་ཆེན་བོད་སྐད་ཡིག་རྩོམ་རིག་ཚན་ཁག་ནས་ཐོན།    སྤྱི་ལོ1978ལོའི་ཟླ་བདུན་པར་ལས་ཀར་ཞུགས་པ་ནས་བཟུང་མི་ལོ་བཞི་བཅུ་མ་ཟིན་ཙམ་རིང་སྔ་རྗེས་སུ་བོད་ལྗོངས་སྣ་དཀར་རྩེ་རྫོང་དུ་སློབ་གྲྭ་ཆུང་འབྲིང་གི་དགེ་རྒན་དང་།    རྫོང་སློབ་གསོ་ཅུས་ཀྱི་ཅུས་ཀྲང་རྒན་གཞོན།    རྫོང་ཨུད་དྲིལ་བསྒྲགས་པུའུ་ཡི་པུའུ་ཀྲང་།    རྫོང་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་སོགས་ཀྱི་ལས་གནས་འཛིན་མྱོང་།      

        དྲི་བ།    རྒན་ཁྱེད་རང་དུས་ནམ་ཞིག་ནས་རྩོམ་རིག་གསར་རྩོམ་གྱི་ལས་སུ་ཞུགས་པ་ཡིན།    ཁྱེད་རང་གསར་རྩོམ་ལ་འཇུག་སྐབས་ཀྱི་སྐབས་ཐོག་དེའི་བོད་ལྗོངས་ས་ཆའི་རྩོམ་རིག་གི་གནས་བབ་དེ་གང་འདྲ་ཞིག་ཡིན་མིན་ངོ་སྤྲོད་ཅིག་གནང་རོགས།   

       དྲིས་ལན།    ཁོ་བོའི་དྲན་པའི་ཡོལ་དཀར་ངོས་སུ་ད་ལྟའང་གསལ་ལམ་མེར་འཆར་བ་ནི།   སྤྱི་ལོ1980ལོར།    སློབ་ཁྲིད་ལས་འགན་མེད་པའི་ཉིན་ཞིག  ཚོད་ལྟའི་ཕྱིརབོད་ལྗོངས་ཉིན་རེའི་ཚགས་པརགྱི་གཟའ་མཇུག་སྨྱུག་གསར་ལེ་ཚན་ཐོགཕ་ཡུལཞེས་པའི་ལྷུག་རྩོམ་ཐུང་ངུ་ཞིག་བྲིས་ནས་བསྐུར་བ་ལ།    ལོ་དེའི་ཟླ12པའི་ཚེས22ཉིན་གྱི་ཚགས་པར་ཐོག་འཁོད་འདུག་པ་དེ་ནི་ཁོ་བོའི་རྩོམ་རིག་བརྩམས་ཆོས་ཐོག་མ་དེ་ཡིན་ལ།    དེ་རྗེས་སྤྱི་ལོ1983ལོར་མི་རིགས་དཔེ་སྐྲུན་ཁང་ནས་རྩོམ་སྒྲིག་པར་སྐྲུན་བྱས་པའིགསར་བཞད་མེ་ཏོག་ཚོམ་བུ(དང་པོ)ཞེས་པའི་དཔེ་དེབ་ནང་དུའང་བརྒྱུད་བཀོད་བྱས་འདུག  ལོ་ན་གཞོན་པའི་ཁོ་བོར་སྐུལ་ལྕག་དཔག་ཏུ་མེད་པ་ཐོབ་སྟེ།    ཕྱི་རུ་དམའ་རིམ་སློབ་འབྲིང་ཐོན་པའི་དཔང་ཡིག་ཐབས་ཆག་ཅིག་ངོམ་རྒྱུ་ཡོད་ཀྱང་ནང་ན་དོན་དམ་དུ་སློབ་ཆུང་ཙམ་གྱི་གནས་ཚད་ཙམ་ལས་མི་ལྡན་པའི་ཁོ་བོས་ཞར་ཞོར་དུ་ཕལ་སྐད་རྣམ་པའི་ཚིགས་བཅད་དང་།    ལྷུག་རྩོམ།    དམངས་སྒྲུང་།   དམངས་གླུ་སོགས་གང་མང་བྲིས་ཤིང་བསྡུས་ནས་ངའི་ཆེས་དགའ་ཤོས་ཀྱིབོད་ལྗོངས་ཉིན་རེའི་ཚགས་པརགྱི་སྨྱུག་གསར་ལེ་ཚན་ལ་བསྐུར་བས་ན་ཕལ་ཆེར་འཕེན་ཚད་འབེན་ཕོག་དཔེ་ཟླར་གྱུར་སོང་བས་དེ་དུས་ཡར་འབྲོག་ཅེས་པའི་ཡུལ་ལུང་ཆུང་ངུ་འདི་ན་ངམ་ངམ་ཤུགས་སུ་ཤེས་ཡོན་ཅན་ཆུང་ཆུང་ཞིག་ཏུ་གྱུར་སོང་།    ད་མཚམས་བསམས་ན་དག་ནོར་མང་ལ་སྔ་ཕྱི་འབྲེལ་མི་ཆགས་ཤིང་།    ཡིག་གཟུགས་བོང་བུ་འཁྱག་སྟེང་དུ་བཏང་འདྲའི་རྩོམ་ཉོག་དེ་ཚོར་རྩོམ་སྒྲིག་པས་སྐུ་ངལ་ཇི་ཙམ་བསྐྱོན་ཚུལ་སུ་ཡིས་ཤེས།   དེས་ན་དེ་དུས་མ་ཤེས་པས་མཐོལ་བཤགས་དང་།    ད་མཚམས་ཤེས་དུས་ཐུགས་རྗེ་ཆེ་ཞུ་བར་འདོད།    དེ་ཕལ་ཆེར་མི་བུ་སྒལ་ཚིགས་ཅན་ཞིག་ལ་མ་མཐར་ཡང་འཛོམས་དགོས་ངེས་ཀྱི་དྲིན་བྱས་དྲིན་དུ་བསམ་པ་ཞེས་པ་དེས་སྐུལ་བ་ཡིན་ཚོད་གདའ།   རྒྱལ་ལོ་ལགས་ནས་ཁྱེད་རང་གསར་རྩོམ་ལ་འཇུག་སྐབས་ཀྱི་སྐབས་ཐོག་དེའི་བོད་ལྗོངས་ས་ཆའི་རྩོམ་རིག་གི་གནས་བབ་དེ་གང་འདྲ་ཞིག་ཡིན་མིན་ངོ་སྤྲོད་གནང་རོགས་ཞེས་པའི་བཀའ་མོལ་དེ་ཉིད་ཁོ་བོ་གློ་བ་དགའ་བའི་གསོས་སུ་རབ་ཏུ་སྨིན་པར་གྱུར།    ཅིའི་ཕྱིར་བརྗོད་ན།    ང་རང་གསར་རྩོམ་ལ་ཐོག་མར་ཞུགས་པའི་དུས་ནི་ཏག་ཏག་དུས་རབས་གོང་མའི་ལོ་རབས་བརྒྱད་ཅུ་པར་ཡིན་ལ།    ལོ་རབས་བརྒྱད་ཅུ་པ་ནི་ཏང་གི་སྐབས་བཅུ་གཅིག་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་རྗེས་བོད་ལྗོངས་ཀྱང་རྒྱལ་ཡོངས་ཁྱོན་དང་འདྲ་བར་སེམས་ཐག་ཆོད་པོས་ཟིང་བཅོས་ཡོ་བསྲང་དང་།    སྒོ་ཀུན་ནས་ཏང་གི་མི་རིགས་སྲིད་ཇུས་དང་ཆོས་ལུགས་སྲིད་ཇུས།   ཤེས་ཡོན་ཅན་གྱི་སྲིད་ཇུས་སོགས་ཁ་ཐོག་ལག་བཞག་གིས་དོན་འཁྱོལ་ནན་ཏན་མཛད་ཅིང་།    ལྷག་པར་དུ་ཤེས་ཡོན་ཅན་གྱི་སྡེ་ཡི་ཁྲོད་དུ་ལོ་བཅུའི"རིག་གསར"སྐབས་ཐོན་པའི་རྫུན་སྙད་ནོར་གསུམ་གྱི་གྱོད་གཞི་དཀར་འདོན་དག་སེལ་བྱས་པ་དང་སྦྲགས།  བོད་ཀྱི་རྩོམ་རིག་གཙོ་བོར་བྱས་པའི་རིག་རྩལ་འཐབ་ཕྱོགས་ནང་ཉམས་པ་སླར་གསོ་དང་མི་ཉམས་གོང་འཕེལ་གྱི་མཛད་ཕྱོགས་ཕྱག་བཞེས་གང་ལེགས་གནང་བས་སྲོག་གི་རྒྱུ་བ་ཆད་ལ་ཉེ་བའི་བོད་ལྗོངས་ཀྱི་རྩོམ་རིག་བྱ་གཞག་ལ་སྐྱེ་སྟོབས་ཀྱི་དཔལ་འབར་བའི་དབུགས་དབྱུང་གསར་པའི་གོ་སྐབས་ལེགས་པོ་ཐོབ་སྟེ།   སྤྱི་ལོ1980ལོར།    བོད་ལྗོངས་རིག་རྩལ་ལྷན་ཚོགས་ཀྱིས་མཛེས་སྡུག་རྣམ་བཀྲའི་རྨ་བྱའི་རིས་ཀྱི་ཁ་ཤོག་དང་ལྡན་པའིབོད་ཀྱི་རྩོམ་རིག་སྒྱུ་རྩལཞེས་པའི་རིག་རྩལ་དུས་དེབ་གསར་བཏོན་ཞུས་པ་གཙོས་གཅིག་མཇུག་གཉིས་མཐུད་དུཉི་གཞོནདང་།   བོད་ལྗོངས་མང་ཚོགས་རིག་རྩལ》《སྤང་རྒྱན་མེ་ཏོག(ཚགས་པར)སོགས་ལྗོངས་རིམ་པའི་བོད་ཡིག་གི་རིག་རྩལ་དུས་དེབ་བམ་ཚགས་པར་དང་།  ལྷོ་ཁའི་རྩོམ་རིག་སྒྱུ་རྩལདང་།  ལྷ་སའི་སྐྱིད་ཆུགཞིས་རྩེའིཇོ་མོ་གླང་མ  ནག་ཆུའིབྱང་ཐངསོགས་གྲོང་ཁྱེར་དང་ས་ཁུལ་རིམ་པའི་རིག་རྩལ་དུས་དེབ་ཆར་རྗེས་ཀྱི་སྨྱུག་རྩ་རྒྱས་པ་ལྟར་ཐོན་པ་དང་།    གཞན་ཡངབདག་པོ  དང་།    བོད་ལྗོངས་ཡུལ་དམག  ཅེས་པའི་སྣ་འཛོམས་དུས་དེབ་ཐོག་རིག་རྩལ་རྩོམ་རིག་གི་ལེ་ཚན་བཏོན་ཡོད་ལ།    ལྷག་པར་དུབོད་ལྗོངས་ཉིན་རེའི་ཚགས་པརགྱིསྨྱུག་གསར(རིག་རྩལ)ལེ་ཚན་ནི་གསར་རྩོམ་གྱི་ལས་ལ་ཐོག་མར་འཇུག་པའི་གསར་བུ་ཁྲི་སྟོང་མང་པོ་བྱམས་ཀྱིས་སྐྱོང་བའི་དྲིན་ཆེན་མ་མ་ལྟ་བུ་ཞིག་ཡིན།    སྐབས་དེ་ཤེད་ན།    རྩོམ་པ་པོའི་དཔུང་ཁག་གི་ཆ་ནས་གླེང་ན།    འཇིག་རྟེན་མིག་གཅིག་ཉི་མ་དང་མཚུངས་པའི་རིག་པའི་བདག་ཉིད་ཆེན་མོ་དུང་དཀར་བློ་བཟང་འཕྲིན་ལས་མཆོག་དང་ཆབ་སྤེལ་ཚེ་བརྟན་ཕུན་ཚོགས་མཆོག རྟ་མགྲིན་འབྲུག་གྲགས་མཆོག་སོགས་ཀྱིས་གཙོས་པའི་རྩོམ་པ་པོ་རྒན་རབས་ཀྱི་སྡེ་དང་།    གསར་རྩོམ་གྱི་ཉིན་བྱེད་དགུང་ན་འཕགས་འདྲའི་གླང་མདུན་དཔལ་འབྱོར་ལགས་དང་སྐལ་བཟང་རྣམ་གྲོལ(ལྷག་པ་ཕུན་ཚོགས)ལགས།    སྟོབས་རྒྱལ་ལགས་སོགས་ཀྱིས་གཙོས་པའི་དར་མའི་སྡེ།    གསར་སྐྱེས་ཀྱི་ཉི་གཞོན་ཤར་རིའི་སྤོ་ནས་ཐོན་འདྲའི་མཁས་གྲུབ་དང་བཀྲ་ཤིས་དཔལ་ལྡན།    བསྟན་པ་ཡར་རྒྱས།    གངས་ཏོག་ཚེ་རིང(ཟླ་བ་ཚེ་རིང)སོགས་ཀྱིས་ཐད་དྲངས་པའི་ན་གཞོན་གྱི་སྡེ་བཅས་རྒན་དར་གཞོན་གསུམ་མཉམ་འཛོམས་ཀྱི་བོད་ལྗོངས་ཁུལ་གྱི་རྩོམ་པ་པོའི་དཔུང་ཁག་ཅིག་གྲུབ་ཡོད་ལ།    དེ་དག་གི་ཁྲོད་དུ་མིང་དུ་གྲགས་པའི་བུད་མེད་ཀྱི་རྩོམ་པ་པོ་ཚེ་དཔལ་དང་།    རྣམ་རྒྱལ་སྒྲོལ་དཀར།    ཆོས་འཛོམས་སོགས་མི་ཉུང་བ་ཞིག་ཀྱང་ཐོན་ཡོད།    སྐབས་དེའི་ཚབ་མཚོན་བརྩམས་ཆོས་ཐད།    བརྩམས་སྒྲུང་གི་ཁོངས་སུ་གཏོགས་པམེ་ཏོག་ལྡུམ་རྭའི་ཀླན་ཀདང་། གཙུག་གཡུ》《བུ་མོ་སྤུན་གསུམ་གྱི་རྣམ་ཐར》《ཆར་ཤུལ་གྱི་ནགས་ཚལ བགྲེས་སོང་ཚེ་རིང་ལ་གོ་འཛོལ་བྱུང་བ》《མདུན་སྒོ་ཆེན་མོསོགས་དང་།    སྙན་ངག་ཐད། བསིལ་དུས་ཀྱི་བོད་ལྗོངསདང་། དུས་བཞིའི་སོ་ནམ་བྱེད་ལུགས་མཚོན་པའི་ཚིག་ཕྲེང་ངག་གི་རོལ་དབྱངསསོགས།    ལྷུག་རྩོམ་ཐད། བོད་ཀྱི་རྩོམ་རིག་སྒྱུ་རྩལགསར་བཏོན་གྱི་ཁ་རིས་འགྲེལ་པམིང་མེད་རྩོམ་ཐུངདང་།  འོད་དང་མུན་པའི་སྐྱོན་ཡོན་གླེང་བ》《ཡིད་ཀྱི་དཔྱིད་དཔལསོགས་ནི་གསེར་ས་འོག་ཏུ་གནས་ཀྱང་འོད་ནམ་མཁར་འཕྲོ་བའི་དཔེ་བཞིན་དུས་ད་ལྟའང་བོད་ཀྱི་རྩོམ་རིག་ཁྲོད་གནས་བབ་འགངས་ཆེན་བཟུང་ཡོད།   ཡང་སྒོས་སུ་རྩོམ་རིག་དཔྱད་བརྗོད་མཁས་དབང་ལྷག་པ་ཆོས་འཕེལ་ལགས་ཀྱིས"སྤྱི་ལོ1983ལོའིསྦྲང་ཆརདུས་དེབ་གཉིས་པར་མཁས་དབང་དོན་གྲུབ་རྒྱལ་གྱིས་ལང་ཚོའིརྦབ་ཆུཞེས་པ་ཆ་ཚང་བའི་རང་མོས་སྙན་རྩོམ་དང་པོ་དེ་སྤེལ་བ་དེ་ནི་དབྱར་ཐོག་མའི་འབྲུག་སྒྲ་དང་།    དཔྱིད་ཀྱི་ཕོ་ཉ་ལྟར་སྙན་རྩོམ་གསར་པ་འདྲེན་པའི་སྣེ་ཤན་ལྟ་བུར་གྱུར་ནས།    དེའི་རྗེས་བོད་རིགས་རྩོམ་པ་པོ་མང་པོས(ལྷག་པར་དུ་གཞོན་སྐྱེས་ཚོས་)ལང་ཚོའི་རྦབ་ཆུའིརྗེས་སུ་འབྲངས་ཏེ།    སྙན་རྩོམ་གསར་པ་ཕོན་ཆེན་ཞིག་བྲིས་གནང་མཛད"ཅེས་གསུངས་པ་བཞིན།    སྐབས་དེ་མཚམས་སུ་རང་མོས་སྙན་ངག་གམ་སྙན་རྩོམ་གསར་པ་འབྲི་བའི་ཚ་རླབས་ཤིག་འཕྱུར་བ་ལས་དེ་དག་གི་ཁྲོད་དུ་ལྗང་བུ(?་རྗེ་ཚེ་རིང)དང་ལྗང་གཞོན(ཨོ་རྒྱན་?་རྗེ)གཉིས་ནི་ཚབ་མཚོན་ལྟ་བུར་གྱུར་ནས་ཡོད་ལ།    གལ་ཏེ་ལྗང་བུའི་སྙན་རྩོམགངས་དཀར་ལྷ་མོའི་བསླུ་བྲིད་ཀྱི་དབང་གིལྟ་བུ་ནི་རབ་རིབ་བམ་གོ་དཀའ་བའི་ཚད་དུ་སོང་ན།    ལྗང་གཞོན་གྱི་སྙན་རྩོམམཐོ་སྒང་གི་རླུངལྟ་བུ་ནི་གོ་བདེའི་མཚར་ཉམས་ཀྱིས་རབ་ཏུ་ཕྱུག  རྒྱུ་མཚན་དེའི་ཕྱིར་རྒྱལ་སྤྱིའི་སྙན་ངག་པའི་ལོ་ཟུང་འདུ་ཚོགས་ཀྱི་གདན་ཞུས་ལྟར།    ཁོང་གཉིས་ཀ་སྤྱི་ལོ1999ལོའི་ཟླ11པའི་ནང་།    ཧྥ་རན་སིའི་རྒྱལ་ས་པ་ལི་སོགས་སུ་བསྐྱོད་ནས་བོད་ཀྱི་སྙན་རྩོམ་གསར་པ་སྒྲོག་སྤེལ་བྱས་ཤིང་།    དེ་ནི་བོད་ལྗོངས་ཀྱི་སྙན་ངག་མཁན་པོས་ཕྱི་རྒྱལ་དུ་སྙན་རྩོམ་གསར་པ་སྒྲོག་སྤེལ་བྱེད་ཐེངས་དང་པོ་ཡིན།    གཞན་ཡང་།    ལོ་རབས་བརྒྱད་ཅུ་པའི་ནང་ད་དུང་རྩོམ་རིག་དཔྱད་བརྗོད་པ་སྐལ་བཟང་ཡེ་ཤེས་ལགས་དང་།    ཚེ་རིང་དཔལ་འབྱོར་ལགས།    ལྷག་པ་ཆོས་འཕེལ་ལགས་སོགས་ཐོན་པ་དེས་སྐབས་དེའི་རྩོམ་རིག་བརྩམས་ཆོས་ཀྱི་སྐྱོན་ཡོན་དུས་ཐོག་ཏུ་བརྗོད་པས་ན་རྩོམ་རིག་བརྩམས་ཆོས་སྐྱོན་བྲལ་བདེ་ཐང་ངང་འཕེལ་རྒྱས་འགྲོ་རྒྱུར་ནུས་པ་གང་ལེགས་ཐོན་ཡོད་ལ།    ཁྱད་པར་དུ་མཁས་དབང་སྐལ་བཟང་ཡེ་ཤེས་མཆོག་ནསབོད་ཀྱི་རྩོམ་རིག་སྒྱུ་རྩལདུས་དེབ་བཏོན་ནས་ལོ་གསུམ་འཁོར་མཚམས་སུབོད་རིགས་ཀྱི་རྩོམ་རིག་ལོ་རྒྱུས་ཐོག་གི་དུས་རབས་གསར་པཞེས་པའི་དཔྱད་བརྗོད་སྤེལ་གནང་ནས་བདེན་པ་བདེན་ཐུབ་སྒོས་སྐབས་དེར་ཐོན་པའི་བོད་ཡིག་རྩོམ་རིག་བརྩམས་ཆོས་ལ་གདེང་འཇོག་གང་ལེགས་མཛད་པ་དང་སྦྲགས།  ད་དུང་རྣག་ཐོག་གཙགས་འཁེལ་གྱི་སྒོ་ནས་བརྩམས་ཆོས་ལ་ལའི་སྐྱོན་ཆའམ་མི་འདང་སར་མཛུབ་མོ་རི་སྟོན་གྱི་ཚུལ་དུ་གནད་འཁེལ་བསྟན་པ་སོགས་མདོར་ན་ལོ་རབས་བརྒྱད་ཅུ་པ་ནི་བོད་ཀྱི་རྩོམ་རིག་བྱ་གཞག་ལ་འཕེལ་རྒྱས་གསར་པ་བྱུང་བའི་རྫོགས་ལྡན་དུས་སྐབས་ཤིག་ཡིན་ཏེ།    ལོ་རབས་དེའི་ནངབོད་ཀྱི་རྩོམ་རིག་སྒྱུ་རྩལསོགས་ལྗོངས་དང་ས་ཁུལ་རིམ་པའི་རིག་རྩལ་དུས་དེབ་ཆར་རྗེས་ཀྱི་མྱུ་གུ་འབུས་པ་ལྟར་མང་དུ་ཐོན་པ་དང་གཅིག  རྒན་དར་གཞོན་གསུམ་གྱི་རྩོམ་པ་པོའི་དཔུང་ཁག་ཅིག་གཞི་རྩའི་ཆ་ནས་གྲུབ་པ་ཙམ་དུ་མ་ཟད།    ལྷག་པར་དུ་ན་གཞོན་རྩོམ་པ་པོའི་ཁྱུ་ཚོགས་ཤིག་གསོ་སྐྱོང་འཚར་ལོངས་བྱུང་བ་དང་གཉིས།    ཕ་སྐད་མ་ཡིག་ནས་ཐད་ཀར་གསར་རྩོམ་བྱས་པའི་རྩོམ་ཡིག་ཀྱང་གྲངས་སྤུས་གཉིས་ལྡན་གྱི་ཐོད་རྒལ་གསར་པ་བྱུང་བ་དང་གསུམ་བཅས་ལ་བརྟེན་ནས་མི་ཚོས་ལོ་རབས་དེ་ལདུས་རབས་གསར་པའི་བོད་ཀྱི་རྩོམ་རིགཅེས་བརྗོད་ཀྱི་ཡོད།    གལ་ཏེ།  དུས་རབས་གོང་མའི་ལོ་རབས་བརྒྱད་ཅུ་པ་ནི་བོད་ལྗོངས་ཁུལ་གྱི་དུས་རབས་གསར་པའི་རྩོམ་རིག་གི་རྫོགས་ལྡན་དུས་སྐབས་ཤིག་ཡིན་ཞེས་བརྗོད་ན།    དེའི་འགུལ་ཤུགས་གཙོ་བོ་ནི་རྩོམ་པ་པོའི་དཔུང་ཁག་གི་འཛུགས་སྐྲུན་ལ་རག་ལས་པས་ལོ་རབས་བརྒྱད་ཅུ་པརབོད་ཀྱི་རྩོམ་རིག་སྒྱུ་རྩལརྩོམ་སྒྲིག་པུས་དུས་ངེས་མེད་ནང་རྩོམ་མཁན་སྒྲིག་འཛུགས་ཀྱིས་མཁས་དབང་གི་འཆད་ཁྲིད་དང་།    འཚོ་བ་དངོས་ལ་ཉམས་ལེན།    མ་ཟིན་གཅིག་བསྡུས་བཟོ་བཅོས།    སྨྱུག་ཚོགས་སོགས་རྣམ་པ་དང་ནང་དོན་ཅི་རིགས་པའི་བྱེད་སྒོ་སྤེལ་མང་བ་དེའང་སྐབས་དེའི་བཀྲག་མདངས་འཚེར་ས་གཞན་ཞིག་ཡིན་ལ།    ཁྱད་པར་དུ་སྤྱི་ལོ1987ལོར་གཉེར་བའི་རྩོམ་པ་པོའི་སྨྱུག་ཚོགས་ནི"དུས་ཐོག་ཆར་པ"དང་།  "འགོ་འཛུགས་གསར་པ།" "ལམ་ཚད་?་རིང"བཅས་ཀྱི་ཁྱད་ཆོས་ཆེས་ཆེར་མངོན་པའི་དུས་སྐབས་གསར་པའི་བོད་ཡིག་རྩོམ་རིག་གི་བསྒྲགས་གཏམ་འདུ་ཚོགས་ཤིག་ཡིན་ཞེས་བརྗོད་ན་མི་འཚམ་པ་གང་ཡང་མེད་ཅིང་།    དུས་ཐོག་ཆར་པ་ཞེས་བརྗོད་དགོས་དོན་ནི།    སྨྱུག་ཚོགས་ཐོག་མདོ་སྨད་དང་དབུས་གཙང་ཁུལ་ནས་ཕེབས་པའི་རྩོམ་པ་པོ་རྒན་དར་གཞོན་གསུམ་མཉམ་གྲོས་ཐོག་སྐབས་དེར་ཀུན་པོས་དོ་སྣང་བྱ་ཡུལ་དུ་གྱུར་བའི"བོད་ཀྱི་རྩོམ་རིག"དང་།   "བོད་རིགས་ཀྱི་རྩོམ་རིག"  "བོད་ཡིག་གི་རྩོམ་རིག"སོགས་ལ་ཇི་ལྟར་ངོས་འཛིན་ཞུ་རྒྱུའི་ཐད་ཐོག་མའི་གཅིག་འགྱུར་གྱི་ལྟ་ཚུལ་རགས་ཙམ་གྲུབ་པ་དང་།    ཁྱད་པར་དུ་ཚོགས་བཞུགས་རྩོམ་པ་པོས"མེ་ཏོག་མཉམ་བཞད"དང"མཁས་བརྒྱ་འགྲན་གླེང"གི་རྩ་དོན་ལྟར་རྩོམ་ལུས་སྤྱི་དང་།    ལྷག་དོན་དུ་སྐབས་དེར་ད་དུང་རྐང་པ་བརྟན་པོ་རང་ཚུགས་མེད་པའི"རང་མོས་སྙན་རྩོམ"མམ"སྙན་ངག་གསར་པར"དངོས་ཐོག་བདེན་འཚོལ་དང་འོས་ཤིང་འཚམ་པའི་ཁས་ལེན་བྱས་ཏེ"རང་རེའི་བོད་ལ་ཏང་གི་སྐབས་བཅུ་གཅིག་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་ཚོགས་པ་ནས་བཟུང་།    རྒྱལ་ཡོངས་དང་འདྲ་བར་བོད་མི་རིགས་ཀྱི་བསམ་པའི་འདུ་ཤེས་ཐད་སྔར་བས་བཅིངས་འགྲོལ་ཐོབ་སྟེ།    སྲོལ་རྒྱུན་གྱི་སྙན་རྩོམ་འཛིན་སྐྱོང་སྤེལ་གསུམ་གྱིས་གཞི་བྱས།    དེའི་སྟེང་མི་རིགས་གཞན་གྱི་རང་མོས་སྙན་རྩོམ་ལ་སོགས་པར་སློབ་སྦྱོང་དང་དཔྱད་གཞི།    མིག་དཔེར་འཛིན་ནས་དེ་ཚོའི་སྙིང་བཅུད་རྣམས་བླངས་པ་དང་འབྲེལ་བོད་རང་གི་སྙན་རྩོམ་གསར་པའི་འབྲི་སྲོལ་ཞིག་ད་ལྟ་དར་བཞིན་པ་ནི་དགའ་འོས་པའི་བྱ་བ་ཞིག་རེད་ལ།    བོད་མི་རིགས་ཀྱི་བསམ་བློ་ཡར་རྒྱས་འགྲོ་བའི་མཚོན་རྟགས་ཤིག་ཀྱང་རེད"ཅེས་པའི་གདེང་འཇོག་བྱས་ཡོད་པ་དང་།    "འགོ་འཛུགས་གསར་པ"ཞེས་བརྗོད་དགོས་དོན་ནི།    སྤྱིར་ལོ་རབས་བརྒྱད་ཅུ་པ་ནས་བཟུང་བོད་མི་རིགས་ཀྱི་བསམ་བློར་སྔར་བས་བཅིངས་འགྲོལ་ཐོབ་སྟེབོད་ཀྱི་རྩོམ་རིག་སྒྱུ་རྩལགྱིས་གཙོས་སྔ་རྗེས་སུ་བརྩམས་ཆོས་འདོན་ཡུལ་དུས་དེབ་ཁག་གསར་དུ་བཏོན་པ་དང་།    དུས་མཚུངས་སུ་རྒན་དར་གཞོན་གསུམ་གྱིས་རྩོམ་པ་པོའི་དཔུང་ཁག་སྟོབས་མི་དམན་ཙམ་ཆགས་ནས་ཁོང་རྣམ་པས་དུས་རབས་ཀྱི་རྗེས་སུ་དམ་པོར་སྙེག་ནས་དུས་རབས་གསར་པའི་བོད་མི་རིགས་ཀྱི་ཕྱི་དངོས་པོའི་འཚོ་བ་དང་ནང་བསམ་པའི་འགྱུར་བ་རྩོམ་གཞིར་བྱས་ཏེ།    ཕྱི་སྒྱུ་རྩལ་གྱི་གཟུགས་བརྙན་ཁྱད་དུ་འཕགས་པ་ཇི་སྙེད་འབྲི་བཞེངས་དང་།    ནང་མཛེས་དཔྱོད་ཀྱི་རིན་ཐང་རླབས་ཆེན་ལྡན་པའི་བསམ་བློའི་རྒྱགས་ཕྱེ་གང་མང་གསར་སྐྲུན་གྱིས་འགྲོ་བ་མིའི་རིགས་ཀྱི་ཆེད་དུ་ལེགས་སྐྱེས་ཕུལ་ཡོད་པས་སྐྱ་ཟད་སྔོ་གཏུགས་ཅན་གྱི་ལོ་རབས་བདུན་ཅུ་པའི་དུས་འགོར་ཕྱི་རྒྱལ་མཁས་དབང་ཞིག་བོད་དུ་ཕེབས་སྐབས་ལོ་དེ་རང་དུ་བོད་པ་རང་གིས་བོད་ཡིག་ཐོག་ནས་བྲིས་པའི་རིག་རྩལ་རྩོམ་ཡིག་ཅིག་བལྟ་འདོད་ཀྱང་སྟོན་རྒྱུ་མེད་པའི་ལོ་རྒྱུས་ཡོངས་སུ་མཇུག་སྒྲིལ་ནས་བོད་ཡིག་རྩོམ་རིག་དེ་འཕེལ་རིམ་གསར་པ་ཞིག་ཏུ་སླེབས་པས་བརྩམས་ཆོས་ལ་གྲངས་སྤུས་གང་ཐད་ནས་གྲུབ་འབྲས་མི་དམན་ཙམ་ཐོབ་ཡོད་ན་ཡང་།    དེ་ཙམ་གྱིས་དུས་རབས་འཕེལ་རྒྱས་ཀྱི་དགོས་མཁོ་དང་མི་དམངས་མང་ཚོགས་ཀྱི་འདོད་བློ་ཡོངས་སུ་རྫོགས་པ་སྐོང་བར་མི་ནུས་པའི་ངོས་འཛིན་གཅིག་མཐུན་བྱུང་སྟེ།    ད་ཐེངས་ཀྱི་སྨྱུག་ཚོགས་དེ་ཉིད"འགོ་འཛུགས་ས་གསར་པར"བྱས་ནས་སླད་གྲངས་ཚད་སྔར་བས་མང་བ་དང་།    སྤུས་ཚད་སྔར་བས་མཐོ་བའི་བོད་ཡིག་རྩོམ་རིག་བརྩམས་ཆོས་གསར་རྩོམ་བྱ་དགོས་པའི་དམིགས་ཚད་གསར་པ་དང་།    ལས་འགན་གསར་པ།    རེ་བ་གསར་པ་བཅས་ཁ་གསལ་བཏོན་པས་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་བ།    "ལམ་ཚད་?་རིང"ཞེས་པ་ནི།     སྐབས་དེའི་སྨྱུག་ཚོགས་སུ་བཞུགས་པའི་མདོ་སྨད་དང་དབུས་གཙང་ཁུལ་གྱི་རྩོམ་པ་པོ་ཉི་ཤུའི་སྐོར་ནས་དེང་ཆར་གྲུབ་འབྲས་གཟེངས་སུ་ཐོན་ཞིང་།    བོད་ཡིག་རྩོམ་རིག་གི་རྐང་འཛིན་སྟོབས་ཤུགས་སམ་རུ་འདྲེན་གྱི་ཁྱུ་མཆོག་ལྟ་བུར་གྱུར་བའི་བོད་ཡིག་བརྩམས་སྒྲུང་གི་རྒྱལ་པོར་གྲགས་པའི་ཚེ་རིང་དོན་གྲུབ་དང་།    གེ་སར་ཞིབ་འཇུག་གི་མཁས་དབང་ཆེན་མོ་ནོར་སྡེ།    སྙན་ངག་མཁན་པོ་དཀོན་མཆོག་སྒྲ་དབྱངས་རྒྱ་མཚོ(དཀོན་ལོ)སོགས་མིང་གྲགས་ཆེ་བའི་མདོ་སྨད་ཁུལ་གྱི་རྩོམ་པ་པོ་དང་།    ལྷག་པར་དུ་བོད་ལྗོངས་སུ་བོད་ཡིག་རྩོམ་རིག་གི་ལྷ་ལམ་ཡངས་པོ་ན"ཉི་ཟླ་སྟེང་ཞལ"དུ་གྲགས་པའི་གྲགས་ཅན་རྩོམ་པ་པོ་བཀྲ་ཤིས་དཔལ་ལྡན་དང་ཚེ་རིང་དབྱངས་སྐྱིད་དང་།    བསྟན་པ་ཡར་རྒྱས།   མཁས་གྲུབ་བདེ་ལེགས་རྒྱ་མཚོ།  ཨོ་རྒྱན་?་རྗེ་དང་དཔལ་ལྷ།  དཔལ་ལྡན།  སྟོབས་རྒྱལ་དང་ལྷག་པ་ཆོས་འཕེལ།    ཆུང་བདག  ཉི་མ་དོན་གྲུབ།    བསོད་ནམས་ཚེ་རིང་སོགས་མང་དག་ཅིག་ཡོད་པ་དེ་ཚོས་བོད་ལྗོངས་ཙམ་དུ་མ་ཟད་བོད་རིགས་སྤྱིའི་རྩོམ་རིག་བྱ་གཞག་འཕེལ་རྒྱས་ཆེད་བསུབ་ཐབས་བྲལ་བའི་མཛད་རྗེས་རྔོ་ཐོགས་པ་བཞག་དང་འཇོག་མུས་ཡིན་ལ།   དེ་དག་གི་ཁྲོད་ནས་བོད་ལྗོངས་ཀྱི་རྩོམ་པ་པོའིཕལ་པའི་ཁྱིམ་ཚང་གི་སྐྱིད་སྡུགདངརྒྱུད་སྐུད་སྟེང་གི་རྣམ་ཤེས རི་རྩེའི་སྤྲིན་དཀར  ཕ་ས་མྱུལ་བའི་རྣམ་ཤེས་ཕྲ་མོ སྲིན་གླིང་གཡུལ་འགྱེད》《ཁ་སང་གི་ཚོ་བསོགས་ལ་རྒྱལ་ཡོངས་གྲངས་ཉུང་མི་རིགས་ཀྱི"རྟ་མཆོག"བྱ་དགའ་དང་།   བོད་ཁུལ་གྱི"གངས་རྒྱན"བྱ་དགའ།     བོད་ལྗོངས་ཀྱི"ལྔ་བྱས་པ་གཅིག"གི་བྱ་དགའ།    བོད་ལྗོངས་ཀྱི"ཇོ་མོ་གླང་མའི་རྩོམ་རིག་སྒྱུ་རྩལ"གྱི་བྱ་དགའ།    བོད་ལྗོངས་ཀྱི"དུས་རབས་གསར་པའི་རྩོམ་རིག"བྱ་དགའ་སོགས་མང་པོ་ཐོབ་ཡོད་དོ།    མདོར་ན།    གོང་ཞུས་ཅུང་ཟད་མང་ཐལ་དུ་སོང་མོད།    འོན་ཏེ།    ངའི་སྣང་ངོར་འདས་སོང་གི་ལོ་རབས་བརྒྱད་ཅུ་པ་ནི་བོད་ཡིག་རྩོམ་རིག་གི་དཔྱིད་ཀ་གསར་པ་ཞིག་ཏུ་མཐོང་ཞིང་།    དེ་ཡང་དེང་གི་འཕེལ་རྒྱས་ནི་སྐབས་དེའི་རྨང་གཞི་ལས་བྱུང་བ་འབའ་ཞིག་ཡིན་ལགས་ན་ཁོ་བོས་སྤྲོ་དགའ་གུས་གསུམ་གྱིས་ཅུང་ཟད་རྒྱས་བརྗོད་ཞུ་དོན་ནི་དེང་གི་གསར་སྐྱེས་རྩོམ་པ་པོ་ཚོར"ཆུ་འཐུང་དུས་ཁྲོན་པ་བརྗེད་མི་རུང"བའི་ཚུལ་དུ་སྨྲས་པའོ། །   

        དྲི་བ།   རྒན་ལགས་ལ་མཚོན་ན་དེང་སང་རྒན་ཡོལ་ཞུས་ཡོད་ནའང་རྩོམ་འབྲིའི་ལས་ཀ་ལ་འགྱུར་བ་མེད་པར་ལྷུག་རྩོམ་གསར་རྩོམ་བྱེད་བཞིན་མཆིས།    སྤྱིར་ཁྱེད་ལྟ་བུའི་ལོ་གྲངས་འདི་ལ་སོན་རྗེས་བརྩོན་འགྲུས་ཅན་དང་དཀའ་ཐུབ་ཅན་ཞིག་མིན་ཚེ་གསར་རྩོམ་བྱེད་རྒྱུ་དེ་ཡང་ཁག་པོ་ཞིག་ཡིན།    ཡིན་ནའང་རྒན་ལགས་ཀྱིས་མུ་མཐུད་དུ་ལྷུག་རྩོམ་གསར་རྩོམ་བྱེད་པ་ལ་དགེ་མཚན་དང་དོན་སྙིང་ཅི་ཡོད་གསུང་རོགས།   

        དྲིས་ལན།    ཉིད་ཀྱིས་གསུངས་པའི་བརྩོན་འགྲུས་ཅན་དང་དཀའ་ཐུབ་ཅན་ཞེས་པ་དེ་ང་རང་ལ་ཅུང་ཟད་མི་འབྱོར་བར་འདུག རྒྱུ་མཚན་གང་ཡིན་བརྗོད་ན།   ཐོན་འཆར་ཉེ་བའི་ཁོ་བོའི་རིག་གནས་ལྗོངས་རྒྱུའི་མུ་སྦྲེལ་ལྷུག་རྩོམ་རིང་མོཡར་འབྲོག་ལམ་ཡིག(སྟོད་ཆ་སྨད་ཆ་གཉིས་ཅན)དེ་དུས་རབས་གོང་མའི་ལོ་རབས་བདུན་ཅུ་པའི་དུས་མཇུག་ཏུ་དགོན་སྡེའི་སྲིད་ཇུས་དོན་འཁྱོལ་གྱི་ལས་དོན་ཚོགས་ཆུང་ནང་དྲུང་ཡིག་བྱེད་དུས་ཙམ་ནས་འགོ་བཙུགས་ཏེ་མི་ལོ་ཉི་ཤུར་ཉེ་བའི་དུས་ཚོད་རིང་གཞི་རིམ་དུ་འགྲོ་ཞོར་ན་མཐོང་ཐོས་ཅི་རིགས་ཀུན་རིས་སུ་མ་བོར་བར་ཡིག་ཐོག་གི་ཟིན་བྲིས་སུ་འགོད་རྒྱུ་རྒྱུན་འཁྱོངས་བྱས་ཁར།    ཁྱད་པར་དུ་དུས་རབས་ཉི་ཤུ་པའི་ལོ་རབས་དགུ་བཅུ་པའི་དུས་འགོར་སྐབས་དེའི་གོང་རིམ་དབུ་ཁྲིད་མཆོག་ནས་ཁོ་བོར་བོང་བ་གསེར་གཟིགས་ཀྱི་ཚུལ་དུ་གཟིགས་མཐོང་བླ་ན་མ་མཆིས་པ་མཛད་དེསྣ་དཀར་རྩེ་རྫོང་གི་དམངས་ཁྲོད་རྩོམ་རིག་པུ་ཏི་རྣམ་གསུམའཚོལ་བསྡུ་དང་།    ལེགས་སྒྲིག པར་སྐྲུན་བཅས་བྱེད་པའི་གཙོ་འགན་འཁུར་དུ་བཅུག་པས་ངས་ཀྱང་གཉིད་བཅག་ཟས་རྗེས་སྒོས་ཡུལ་ཡར་འབྲོག་སྒང་གི་འཛིན་མ་ཆེའི་ཡུལ་གྲུ་ཀུན་ལ་མྱུལ་ནས་དམངས་སྒྲུང་དང་།    དམངས་གླུ།    དམངས་ཁྲོད་གཏམ་དཔེ་བཅས་གཙོ་བོར་གྱུར་བའི་འཚོལ་བསྡུའི་ལས་འགན་ལེགས་སྒྲུབ་བྱེད་ཞོར་དུ་དེ་བས་ཀྱང་ཕུན་སུམ་ཤིན་ཏུ་ཚོགས་པའི་ཡུལ་སྲོལ་གོམས་གཤིས་དང་།    ལག་ཤེས་བཟོ་རྩལ།    རི་ཀླུང་མཛེས་ལྗོངས།    དགོན་སྡེའི་གནས་བཤད།    སྐྱེས་བུའི་བྱུང་རབས།    ངོ་མཚར་རིག་དངོས།    ཡུལ་མིང་ཐོགས་ཚུལ་སོགས་འབོར་ཆེན་འཚོལ་རྟོགས་བྱས་པ་དང་སྦྲགས་ང་རང་གི་ཟླ་ཕོགས་ཕུད་དེས་དུས་རབས་གོང་མའི་ལོ་རབས་བདུན་ཅུ་པ་ནས་བཟུང་དཔེ་སྐྲུན་ཁང་སོ་སོ་ནས་པར་སྐྲུན་ཞུས་པའི་ལོ་རྒྱུས་དེབ་ཐེར་དང་།    ཆོས་འབྱུང་།    རྣམ་ཐར།    གསུང་འབུམ།    བསྟན་རྩིས།    ཚིག་མཛོད།    མཚན་མཛོད་སོགས་སྤྱི་དང་ཡང་སྒོས་རིག་གཞུང་གི་དུས་དེབ་སྣ་མང་བླུས་ནས་ལས་ཞོར་དུ་ལྟ་ཀློག་ལ་དབྱིངས་ཞུགས་པ་ནི་ངའི་དགའ་ཕྱོགས་ཤིག་ཡིན་པས་ཆུ་ཐིགས་བསགས་ནས་རྒྱ་མཚོའི་དཔེ་བཞིན་རིན་ཐང་བྲལ་བའི་དཔྱད་གཞི་འབོར་ཆེན་འཚོལ་རྙེད་ཐུབ་ཁར་དམངས་ཁྲོད་ངག་གཏམ་དང་།  དཔྱད་ཡིག་མི་མཐུན་པའམ་ཡང་ན་དོགས་གཞི་ཡོད་རིགས་ཀུན་ཆེ་ཚུགས་སྤངས་ཏེ་སེམས་ཆུང་སྒོས་དེའི་ཐད་ཀྱི་མཁས་དབང་ལ་བཀའ་འདྲི་ཞུ་རྒྱུ་ནི་ངའི་མི་ཚེ་འདིའི་རིན་ཐང་ཆེ་ཤོས་ཀྱི་དྲི་མེད་སྤྱོད་བཟང་ཞིག་ཡིན་པས་མཁས་དབང་དུ་མའི་མཁྱུད་སྤྱད་དང་བྲལ་བའི་དམར་ཁྲིད་བཀའ་ལུང་ཐོབ་པ་བཅས་ཀྱི་རྐྱེན་བཟང་ལ་བརྟེན་ནས་སྤྱི་ལོ2009ལོ་ནས་བཟུང་དུས་ད་ལྟའི་བར་ལས་ཞོར་གྱི་དུས་ཁོམ་ཀུན་བེད་སྤྱོད་གང་ལེགས་ཀྱིས་ཉིན་མོ་མི་དང་མཚན་མོ་འུག་པའི་རྟུལ་ཞུགས་ལ་བརྟེན་ནས་སྨྱུག་ཁ་མི་ལྷོད་པར་ཡིག་འབྲུ་འབུམ་བརྒྱད་ལྷག་གི་བདག་ཉིད་ཅན་དེ་ཉིད་ཐོག་མར་གསར་རྩོམ་དང་།    བར་དུ་བཟོ་བཅོས།    མཐའ་མར་ཞུ་དག་བཅས་ཀྱི་བགྱི་བ་རྒྱུན་འཁྱོངས་དང་སྦྲགས་བར་བར་ན་ཀླད་གོག་ངལ་གསོའི་ཕྱིར་བོད་རྒྱ་ཡིག་རིགས་གང་ལྕོགས་དེ་ནུས་ཀྱི་ལམ་ནས་ལྷུག་རྩོམ་ཐན་ཐུན་འགའ་བྲིས་ནསརྒྱལ་ཁབ་རིག་སྐྲུན་ས་ཁམས(རྒྱ་ཡིག་)དང་།    ཀྲུང་གོའི་བོད་ལྗོངས(རྒྱ་ཡིག)  མི་རིགས་རྩོམ་རིག》《བོད་ཀྱི་རྩོམ་རིག་སྒྱུ་རྩལ》《ལྷོ་ཁའི་རྩོམ་རིག་སྒྱུ་རྩལསོགས་དུས་དེབ་སྟེང་འགོད་སྤེལ་ཞུས་པ་སོགས་བྱས་ན་ཡང་།    རང་རེ་བོད་ཀྱི་དམངས་གཞས་ནང"གཡུ་ཐོག་ཟམ་པའི་སྟེང་ལ།    །རྟ་ལས་བོང་བུ་མགྱོགས་པ།    །བོང་བུ་མགྱོགས་པ་མ་རེད།   །སྒལ་རྨ་ཚ་བ་རེད་དོ"ཞེས་པ་ཇི་བཞིན་དེ་སྔོན་ལས་ཐོག་ཏུ་ཡོད་སྐབས་ཁོ་བོ་སྐྱེས་ས་འཚར་སའི་ཕ་ཡུལ་གྱི་ཡར་འབྲོག་མི་དམངས་ལ་མི་ཟས་ཡུན་རིང་བཟས་པའི་དྲིན་གསོའི་ཕྱིར་ཡུལ་ཡར་འབྲོག་སྒང་པའི་ཕྱི་སྣོད་འཇིག་རྟེན་དང་ནང་བཅུད་སེམས་ཅན་གྱི་ངོ་མཚར་མཐོང་ཐོས་ཀུན་ཟོལ་མེད་སྲོང་པོར་བཀོད་པའི་ཁ་ཐོག་ལག་བཞག་ཅན་གྱི་དེབ་ཆུང་ཞིག་ལག་རྗེས་སུ་འཇོག་རྒྱུའི་གཡར་དམ་བཅས་ཟིན་ན་ཡང་ད་བར་ལེགས་སྒྲུབ་བྱུང་མེད་གཤིས།     སྤྱི་ལོ2015ལོར་ལས་འཁྱུར་ངལ་གསོ་ཞུས་ནས་དུས་ད་ལྟའི་བར་གཉིད་བཅག་ཟས་བརྗེད་སྒོས་འབད་འབུངས་ལྷོད་མེད་ཞུས་དང་ཞུ་བཞིན་པ་དེ་ཡང་ངོ་མ་ནམ་མི་ལངས་ཀ་མེད་ཉི་མས་འདེད་ཅེས་པའི་རྣམ་ཐར་སྐྱོང་བའི་ཚུལ་ལས་མ་འདས་པས་བསྔགས་བརྗོད་བྱེད་རིན་གང་ཡང་མེད་དོ།    །    

      ཁོ་བོས་ད་བར་མུ་མཐུད་དུ་ལྷུག་རྩོམ་གསར་རྩོམ་བྱེད་པ་ལ་དགེ་མཚན་དང་དོན་སྙིང་ཅི་ཡོད་ཐད་ཀར་ཞུ་སྤོབས་མ་མཆིས་མོད།    འོན་ཏེ་བདག་གིས་རིག་གནས་ལྗོངས་རྒྱུའི་མུ་སྦྲེལ་ལྷུག་རྩོམ་རིང་མོཡར་འབྲོག་ལམ་ཡིགའབྲི་བ་ལས་འཕྲོས་པའི་གཏམ་ཉོག་ཅུང་ཟད་ཞུ་བར་འདོད་པ་ནི།    སྤྱིར་ཚན་རིག་ལག་རྩལ་དང་ཆ་འཕྲིན་འབར་གས་རྣམ་པའི་དེང་རབས་སྤྱི་ཚོགས་སུ"རྙིང་ཚབ་གསར་བྱེད་བྱེད་པ་ནི་ལྡོག་ཏུ་མི་རུང་བའི་འཕེལ་རྒྱས་ཀྱི་ལོ་རྒྱུས་ཆོས་ཉིད་ཅིག་ཡིན་པས་དེས་འགྲོ་བ་མིའི་རིགས་ཤེས་རིག་འོད་སྣང་གི་ཕྱོགས་སུ་མདུན་སྐྱོད་བྱ་རྒྱུར་ཡར་སྐུལ་བཏང་དང་གཏོང་བཞིན་པ་ནི་མིག་ལྡན་ཀུན་དང་རྣ་ཡོད་ཡོངས་ཀྱི་མཐོང་ཐོས་སུ་གྱུར་བའི་བྱ་བཟང་ཞིག་ཡིན་པས་རྦད་དེ་རྗེས་སུ་ཡི་རང་ཞུ་འོས་པ་ཞིག་ལགས་མོད།    འོན་ཏེ་མར་ཁེ་སི་རིང་ལུགས་ཀྱི་བྱ་དངོས་ལ་འཛིན་པའི"གཅིག་ནས་གཉིས་སུ་གྱེས་པའི"ལྟ་བ་དང་ཐབས་ཤེས་ལ་བརྟེན་ནས་འདང་རྒྱག་ཟབ་མོ་ཞིག་བགྱིས་ན"ཁྲུང་ཁྲུང་དཀར་ཡང་མཇུག་རྩེ་ནག"ཅེས་པའི་དཔེ་བཞིན་གསར་དར་གྱི་བྱ་དངོས་དེ་ཚོར་ཡང་ཞོར་སྐྱོན་ལྡན་ལ་ཐ་ན་ལ་ལར་ནི་ཆེས་བཅོས་ཐབས་བྲལ་བའི་དུག་སྐྱོན་ཡང་འདུག་སྙམ།    དཔེར་ན།   "འོད་དཀར་རྒྱལ་པོར"གྲགས་པའི་ཀུན་ནུས་ཅན་གྱི་གློག་དྲྭ་ཁྱབ་གདལ་བྱུང་བ་དང་བསྟུན་ནས་ཁྱིམ་ཚང་ཀུན་ཁྱབ་ཀྱི་བརྙན་འཕྲིན་ཐོན་པས་དགོང་མོ་གོག་གྲལ་ན་སྣུམ་ཞུའི་འོག་ཏུ་རྒན་སྐྲ་དཀར་གྱིས་གཞོན་སོ་དཀར་ལ་སྣ་མང་ཕུན་སུམ་ཚོགས་པའི་དམངས་ཁྲོད་སྒྲུང་གཏམ་དང་།  ངག་རྒྱུན་ཕ་གཏམ་བུ་འཇགས་སུ་ཤོད་པའི་སྲོལ་རྒྱུན་དེ་རྦད་དེ་བཅོམ་བརླག་ཏུ་སོང་བ་དང་།    ཞིང་ཁུལ་དུ་དཔྱིད་ཀྱི་ཞིང་ལས་ནས་སྟོན་གྱི་གཡུལ་ལས་བར་ལས་ཕྱོད་ཆེ་བའི་འཕྲུལ་ཆས་བེད་སྤྱོད་བྱས་པ་དེས་མི་མུས་རྒྱུད་བཅས་སུ་དར་བའི་ལས་གཞས་སྣ་ཚོགས་མྱུར་ཚད་དང་གསར་རྙིང་མི་མཚུངས་པས་རང་ཤུགས་སུ་མེད་པར་གྱུར་བ།    འབྲོག་ཁུལ་དུ་སྦྲ་གུར་དང་ནམ་ཡང་གྱེས་བྲལ་གྱི་བདེ་སྡོད་ལས་གྲྭ་ལག་བསྟར་བྱས་པས་ཕོ་མོ་བྱང་བཏང་གི་དབྱར་ཀ་བསིལ་ལ་དགུན་དུས་དྲོ་བའི་སྤང་ཕུག་མིང་གི་ལྷག་མར་བཏང་བ།    སྦག་སྦག་འཁོར་ལོས་ཞོན་རྟའི་ཚབ་བྱས་པས་རྟ་བཤད་མཐོང་བ་དོན་ལྡན་གོ་མི་ཆོད་པར་གྱུར་བ།    དབྱིབས་ཆུང་འདྲུད་འཐེན་འཁོར་ལོས་རྨོན་གཡག་གི་ཚབ་བྱས་པས་ཞིང་ཁུལ་གྱི་རྨོན་མཛོ་རྨོན་གཡག་གསོལ་ལྕོག་སྟེང་གི་ཞིམ་ཟས་སུ་གྱུར་བ།    ཞོ་དཀྲོག་འཕྲུལ་འཁོར་ཐོན་པ་དེས་འབྲོག་ཁུལ་གྱི་ཞོ་མདོང་རྒྱན་ཆས་སུ་གྱུར་ནས་ཞོ་གླུ་རྩ་མེད་སོང་བ་སོགས་ནི་ཀུན་གྱི་མཐོང་ཆོས་སུ་གྱུར་ལ།    གཞན་ཡང་ནམ་ཟླ་དྲོ་འགྱུར་དང་།    གཏེར་ཀ་འཚོལ་འདོན།    གསར་སྤེལ་གནས་སྤོ་སོགས་རྒྱུ་རྐྱེན་དུ་མའི་རྐྱེན་པས་གངས་རི་བཞུར་བ་དང་།    ཆུ་རྩ་སྐམ་པ།    མཚོ་ཁ་བྲི་བ།      རྩྭ་ཐང་བྱེ་འགྱུར།    ཆུ་རུལ་ཞིང་འཇིག སྐྱེ་ཤིང་རྩ་སྟོང་སོགས་ཕྱི་སྣོད་འཇིག་རྟེན་གྱི་ཉམས་ཆག་དང་།    ལོ་བཅུའི"རིག་གསར"གྱི་རྐྱེན་པས་དགོན་སྡེ་མང་པོ་གྱང་རོར་གྱུར་ཞིང་།    བང་སོ་མང་པོ་རྐོ་སློག་བྱས་ཁར་ལྷག་པར་དུ་དགོན་པའི་དཀར་ཆག་ཕལ་མོ་ཆེ་དང་སྐྱེས་ཆེན་དམ་པ་དུ་མའི་རྣམ་ཐར་སོགས་དཔེ་རྒྱུན་དཀོན་ལ་རིན་ཐང་བྲལ་བའི་དཔེ་ཆ་འབོར་ཆེན་མེ་ལྷའི་ཞལ་དུ་ཕུལ་བ་སོགས་ནང་བཅུད་ཤེས་རིག་གི་སྙིང་པོ་སྐྱ་ཟད་སྔོ་གཏུགས་སུ་གྱུར་བའི་དུས་དེ་རིང་རྒྱལ་ཁབ་ནས་ཕྱི་འབྱུང་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་དང་།    ནང་དངོས་མིན་རིག་གནས་མྱུར་སྐྱོབ་རྒྱུད་འཛིན་ལེགས་པོ་བྱེད་དགོས་པའི་དམངས་ཕན་སྲིད་ཇུས་རབ་དང་རིམ་པ་ཕྱག་བཞེས་མཛད་པའི་དུས་འདིར་རིག་གནས་ལྗོངས་རྒྱུའི་མུ་སྦྲེལ་ལྷུག་རྩོམ་རིང་མོའི་རྣམ་པའི་ཐོག་ནསཡར་འབྲོག་ལམ་ཡིགཅེས་པ་ཞིག་བྲིས་ནས་རང་གི་མཐོང་ཐོས་མྱོང་གསུམ་སྣོན་འཕྲི་སྤོར་འཐེན་མེད་པར་ཇི་མ་ཇི་བཞིན་དུ་རྗེས་རབས་པར་རྩིས་སྤྲོད་ཞུ་རྒྱུ་དེ་ནི་ངས་ལྷུག་རྩོམ་རིང་མོ་དེ་གསར་རྩོམ་བྱེད་པའི་དགེ་མཚན་དང་དོན་སྙིང་འབའ་ཞིག་ཡིན་པར་འཁུམས་སོ།  །   

        དྲི་བ།    རྒན་ལགས་ཀྱིས་ད་བར་དུ་ལྷུག་རྩོམ་ག་ཚོད་ཅིག་བྲིས་ཡོད་པ་དང་རང་གི་ལྷུག་རྩོམ་དེ་དག་གཞན་གྱི་ལྷུག་རྩོམ་བརྩམས་ཆོས་དང་བསྡུར་ཚེ་ཕྱོགས་གང་ཞིག་གཞན་དང་བསྡུར་ན་དགེ་མཚན་ཡོད་པ་དང་ཡང་ཕྱོགས་གང་ཞིག་གི་ཐད་དུ་སྐྱོན་ཡོད་པར་འདོད།    ཡང་ན་ནམ་རྒྱུན་གསར་རྩོམ་གྱི་སྐབས་གང་ཞིག་ལ་དང་དོད་བྱེད་བཞིན་ཡོད།   

        དྲིས་ལན།    ཁོ་བོ་ནི་འཇིག་རྟེན་གྱི་མུན་པ་གསལ་བར་ནུས་པའི་ཉི་ཟླ་ཇི་ལྟའི་མིང་གྲགས་ཅན་གྱི་རྩོམ་པ་པོ་ཞིག་ཡེ་ནས་མིན་ལ།    ཐ་ན་གསར་རྩོམ་གྱི་འབྲས་བུས་རབ་ཏུ་ཕྱུག་པའི་ཐོ་རངས་སྐར་ཆེན་དང་འདྲ་བའི་རྩོམ་པ་པོའི་གྲལ་དུའང་མི་ཚུད་མོད།    འོན་ཏེ་རང་གདོང་རང་གསལ་ནུས་པའི་སྲིན་འབུ་མེ་འཁྱེར་ཅན་གྱི་རྩོམ་མཁན་ཐབས་ཆག་པའི་གྲལ་མཐའ་འཛིན་ནུས་སུ་གྱུར་ཚུལ་ཅུང་ཟད་ཅིག་གླེང་ན་ནི།   རང་ངོས་སུ་རྩོམ་འདོད་ཀྱི་མ་བཅོས་བློ་ཞིག་ཡོད་པའི་རྨང་གཞིའི་ཐོག་སྤྱི་ལོ1982ལོའི་ཟླ7པར་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་པར་སྐྲུན་འགྲེམས་སྤེལ་བྱས་པའི་དཔལ་དོན་གྲུབ་རྒྱལ་མཆོག་གི་ལེགས་རྩོམ་གཅེས་སྒྲིགའབོལ་རྩོམ་ཞོགས་པའི་སྐྱ་རེངསཞེས་པ་དེ་ཉིད་མིག་གི་དགའ་སྟོན་དུ་གྱུར་གཤིས།    ལུས་དང་གྲིབ་མ་ཇི་བཞིན་མ་བྲལ་ལུས་སྦྱར་སྒོས་གང་དེའི་རྩོམ་གཤིས་དང་རྩོམ་རྩལ་སོགས་ལ་སློབ་སྦྱོང་ནན་ཏན་ཞུས་པ་དང་སྦྲགས།    ལྷག་པར་དུ་ལོ་རབས་བརྒྱད་ཅུ་པའི་ནངབོད་ཀྱི་རྩོམ་རིག་སྒྱུ་རྩལདངལྷོ་ཁའི་རྩོམ་རིག་སྒྱུ་རྩལགྱིས་གཉེར་བའི་སྨྱུག་ཚོགས་དང་རྩོམ་རིག་གསར་རྩོམ་གྱི་སྦྱོང་བརྡར་ནང་ཞུགས་པའི་གོ་སྐལ་བཟང་པོ་ཐོབ་པ་དེས་བདག་གི་རྩོམ་འབྲིའི་ནུས་སྟོབས་དང་རྩོམ་རྩལ་ཐད་ཕན་པ་མི་དམན་པ་ཐོབ་ནས་ལོ་རབས་བརྒྱད་ཅུ་པའི་ནང་རང་རྐྱ་འཕེར་བའི་སྒོས་རྩོམ་ལུས་སྣ་ཚོགས་པའི་རྩོམ་རིག་བརྩམས་ཆོས་ཅུང་མང་པོ་དུས་དེབ་དང་ཚགས་པར་ཐོག་འགོད་ཐུབ་པ་བྱུང་བ་ལས།    དེ་དག་གི་ཁྲོད་ནས་རང་བློར་ཅུང་ཟད་འབབ་ཆེ་བ་ནིབོད་ཀྱི་རྩོམ་རིག་སྒྱུ་རྩལཐོག་སྤེལ་བའི་ལྷུག་རྩོམསྟག་ལུང་ཚོང་འདུསཞེས་པ་དང་།     སྒྲུང་རྩོམའཁོན་འགྲསཞེས་པ།     བརྩམས་སྒྲུངདཔེ་ཆ་བ་གླེན་པཞེས་པ།    བོད་ལྗོངས་མང་ཚོགས་རིག་རྩལཐོག་སྤེལ་བའི་ཟུར་ཟའི་བརྩམས་སྒྲུངཕ་ལམཞེས་པ།   ལྷོ་ཁའི་རྩོམ་རིག་སྒྱུ་རྩལཐོག་སྤེལ་བའི་བསྒྱུར་རྩོམསྐར་མ།    བདག་ལ་ཁྲེལ་དགོད་མ་གནངཞེས་པ་སོགས་ཡིན་ལ།    དེ་དག་ལསསྟག་ལུང་ཚོང་འདུསཞེས་པ་དང་།    འཁོན་འགྲསཞེས་པ་གཉིས་སྤྱི་ལོ1984ལོར་བོད་ལྗོངས་རིག་རྩལ་ལྷན་ཚོགས་ཀྱིས་རྩོམ་སྒྲིག་ཞུས་པའི་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ཉི་ཤུ་འཁོར་བར་རྟེན་འབྲེལ་ཞུ་བའི་བོད་ཡིག་དཔར་གཞིའི་དཔེ་ཚོགས་ཀྱིབོད་ཀྱི་ལྷུག་རྩོམ་འདེམས་སྒྲིགདངབོད་ཀྱིབརྩམས་སྒྲུང་འདེམས་སྒྲིགནང་བསྡུས་ཡོད་པ་དང་།    བརྩམས་སྒྲུངདཔེ་ཆ་བ་གླེན་པཞེས་པ་གཞི་རྐང་རྟོག་བཟོའི་རྩོམ་རིག་བརྩམས་ཆོས་ཤིག་ཡིན་ན་ཡང་མཁས་དབང་ཆབ་སྤེལ་ཚེ་བརྟན་ཕུན་ཚོགས་མཆོག་གིས་བོད་རིག་པའི་ཞིབ་འཇུག་ཐད་འཛིན་པའི་ལྟ་སྟངས་ལ་ཕན་པ་འདུག་དགོངས་ཏེ།    སྐུ་ངོ་མས་འགོ་མཆན་སྦྲགས་མ་དང་བཅསབོད་ལྗོངས་ཞིབ་འཇུགཐོག་བརྒྱུད་འགོད་ཞུས་པ།    ཟུར་ཟའི་བརྩམས་སྒྲུངཕ་ལམཞེས་པ་སྤྱི་ལོ2015ལོར་ལྷོ་ཁ་ས་ཁུལ་རིག་རྩལ་ལྷན་ཚོགས་ཀྱིས་བསྒྲིགས་པའི་ལྷོ་ཁའི་དེང་རབས་ཀྱི་རྩོམ་རིག་དཔེ་ཚོགས་ལས་བརྩམས་སྒྲུང་དཔེ་ཚོགསམཁའ་མཐའི་ཆུ་འཛིནཞེས་པའི་ནང་བསྡུས་པ།    བསྒྱུར་རྩོམསྐར་མ།   བདག་ལ་ཁྲེལ་དགོད་མ་གནངཞེས་པ་སྤྱི་ལོ1991ལོར་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་པར་སྐྲུན་འགྲེམས་སྤེལ་བྱས་པའིབོད་ཀྱི་དེང་རབས་རྩོམ་རིག་དཔེ་ཚོགསནང་བསྡུས་པ་སོགས་ལྟ་བུ་ཡིན།   འོན་ཏེ་སྐབས་དེ་མཚམས་སུ་ཁོ་བོ་ནི"ཨམ་ཐང་གཅིག"གང་ཡིན་སྟོན་རྒྱུ་མེད་ཀྱང"ཆབ་ཆབ་བཅུ་གསུམ"གྱི་ཁྱད་ཆོས་ཚང་བའི་སྣ་ཟིན་སྤུ་ཟིན་ཅན་གྱི་རྩོམ་མཁན་ཐེབས་ཆག་ཅིག་ཡིན་ཏེ།    སྐབས་དེ་དུས་བརྩམས་སྒྲུང་དང་།    ལྷུག་རྩོམ།    སྲོལ་རྒྱུན་སྙན་ངག  སྙན་ཞུའི་རྩོམ་ཡིག་སོགས་འབྲི་མྱོང་ལ།    ད་དུང་དགོད་བྲོའི་གཏམ་གླེངཨ་ཡིག་མཁས་ཅནདང་།    འཁྲབ་གཏོང་གླུ་གར་གྱི་འཁྲབ་གཞུངདམག་དཔོན་བྲག གཞས་ཚིགཡར་འབྲོག་གཞུང་ལ་ཕེབས་དངཞེས་པ་སོགས་བྲིས་པ་དེ་དག་སྣ་དཀར་རྩེ་རྫོང་དམངས་ཁྲོད་སྒྱུ་རྩལ་ཚོགས་པས་འཁྲབ་སྟོན་ཞུས་པར་སྤྱི་ཚོགས་ཐོག་ཚུར་སྣང་ལམ་འཆར་མི་དམན་ཙམ་ཐོབ་ཡོད་ན་ཡང་ད་དུང་རང་ཉིད་ལ་དབང་བའི་ཁྱད་ཆོས་སམ་རྩོམ་གཤིས་ཤིག་གྲུབ་ཐུབ་མེད།    དེ་ཡང་རྩོམ་པ་པོ་བཀྲ་ཤིས་དཔལ་ལྡན་ལགས་ཀྱིས་ཁོ་བོའིཡར་འབྲོག་ལམ་ཡིགཅེས་པར་ཆེད་དུ་གནང་བའི་ལྗགས་རྩོམ་ལསཡར་འབྲོག་ལམ་ཡིགནི་རྩོམ་པ་པོས"ལོ་བཅུ་ལྷག་རིང་ལྗིད་རྫོབ་ཆེ་བའི་སྤྱི་སྒེར་བྱ་བ་དུ་མར་བྲེལ་བའི་ཁྲོད་ནས་དུས་ཀྱི་ཁོམ་པ་ཕྲ་མོ་ཡོད་དོ་ཅོག་དམ་འཛིན་གྱིས་ཉིན་མོ་མི་དང་མཚན་མོ་འུག་པའི་རྟུལ་ཞུགས་འཛིན་རྒྱུ་རྒྱུན་འཁྱོངས་བྱས་ཏེ་གྲུབ་པའི་བརྩམས་ཆོས་ལྗིད་ཏིག་ཏིག་ཅིག་ལགས་པས།    རྩོམ་རིག་གི་ལམ་ལ་ཐོག་མར་འཇུག་སྐབས་ཀྱི་བརྩམས་ཆོས་དག་ད་དུང་སྨིན་པོ་དེ་ཙམ་མེད་པར་ཆ་བཞག་ན།    འདི་ནི་ཁོང་གི་བརྩམས་ཆོས་རབ་ཏུ་སྨིན་པའི་མཚོན་རྟགས་གལ་ཆེན་ཞིག་གོ"ཞེས་གསུངས་པ་བཞིན།    བདག་གི་ལྷུག་རྩོམ་ལ་རང་ཉིད་ལ་དབང་བའི་ཁྱད་ཆོས་སམ་རྩོམ་གཤིས་ཤིག་གྲུབ་པར་འདོད་པའི་དུས་ཚོད་ནི་ཕལ་ཆེརཡར་འབྲོག་ལམ་ཡིགགི་ནང་ཚན་བྱེ་བྲག་ཏུ་གྱུར་བའིཁ་རག་རི་བོའི་དཔྱིད་དཔལདངསྣུབས་མཚོའི་ངོགས་ཀྱི་གསང་གཏམཞེས་པ་གཉིས་སྤྱི་ལོ2009ལོ་ནས་བཟུང་སྔ་རྗེས་སུལྷོ་ཁའི་རྩོམ་རིག་སྒྱུ་རྩལཐོག་མུ་འགོད་ཞུས་པའི་དུས་དེ་ནས་གྲུབ་པར་འདོད་ལ།    དེ་ཡངཁ་རག་རི་བོའི་དཔྱིད་དཔལཞེས་པ་དུས་དེབ་ཐོག་སྤེལ་རྗེས་མི་རིང་བར་བོད་ལྗོངས་མི་དམངས་ཀུན་ཁྱབ་རླུང་འཕྲིན་ལས་ཁུངས་ཀྱི་ཕྱི་ཕྱོགས་ལེ་ཚན་ནང་རྩོམ་ཡིག་ཧྲིལ་པོ་འགོ་མཇུག་གཙང་སྒྲིལ་སྒོས་སྒྲོགས་སྦྱང་ཞུས་པར་རྒྱལ་ཁབ་ཕྱི་ནང་གི་རྒྱ་ཆེའི་གསན་པ་པོའི་གདེང་འཇོག་ཁས་ལེན་གང་ལེགས་ཐོབ་པས་སྤྱི་ལོ2010ལོར་ལྷོ་ཁ་ས་ཁུལ་རིག་གནས་ཅུས་ཀྱིས་བསྩལ་བའི"ཕུལ་བྱུང་རིག་རྩལ་བརྩམས་ཆོས"བྱ་དགའ་ཐོབ་པ་དང་།    སྤྱི་ལོ2015ལོར་ལྷོ་ཁ་ས་ཁུལ་རིག་རྩལ་ལྷན་ཚོགས་ཀྱིས་བསྒྲིགས་པའི་ལྷོ་ཁའི་དེང་རབས་ཀྱི་རྩོམ་རིག་དཔེ་ཚོགས་ལས་ལྷུག་རྩོམ་དཔེ་ཚོགསཡར་ཀླུང་གི་རླུང་བུཞེས་པའི་ནང་བསྡུས་པ་དང་།    སྤྱི་ལོ2011ལོརསྣུབས་མཚོའི་ངོགས་ཀྱི་གསང་གཏམཞེས་པ་དུས་དེབ་ཐོག་སྤེལ་འགོ་ཚུགས་པ་ནས་ད་ལྟའི་བར་གྱི་གནས་ཚུལ་ནི།    སྤྱི་ལོ2011ལོར་བརྩམས་ཆོས་དེའི"ཡར་འབྲོག་དཔལ་དི་དང་ཀུན་བཟང་ཆོས་གླིང"ཞེས་པ་དང"སྟོང་ཆེན་བཅོ་བརྒྱད་དང་ཡར་འབྲོག་གཡུ་མཚོ"ཞེས་པའི་ལེ་ཚན་གཉིས་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས"ལོ་རེའི་ཕུལ་བྱུང་བརྩམས་ཆོས་འདམ་སྒྲུག་དང་པར་སྐྲུན"ཞུས་པའི་གཟི་མིག་དཔེ་ཚོགས་ལས2011ལོའི་ལྷུག་རྩོམའདམ་སྒྲིག་ནང་བསྡུས་པ་དང་སྦྲགས།    སྤྱི་ལོ2012ལོར་ཀྲུང་གུང་ལྷོ་ཁ་ས་ཁུལ་རིག་གནས་ཅུས་ཏང་ཙུའུ་ཡིས་ཁོ་བོར2012ལོའི་རྩོམ་རིག་གསར་རྩོམ་ཐད་ཀྱི"སྔོན་ཐོན་མི་སྒེར"གྱི་བྱ་དགའ་བདག་རྐྱེན་གསོལ་རས་བསྩལ་གནང་བྱུང་ཞིང་།    སྤྱི་ལོ2014ལོར་ཀྲུང་དབྱང་མི་དམངས་ཀུན་ཁྱབ་རླུང་འཕྲིན་ལས་ཁུངས་ཀྱི་གསར་འགོད་པ་བསྟན་འཛིན་ལགས་ནས་ཆེད་དོན་བཅར་འདྲི་ཞུས་དོན་བཞིནསྣུབས་མཚོའི་ངོགས་ཀྱི་གསང་གཏམཞེས་པའི་ལེ་ཚན་མང་པོ་ཞིག་རྒྱ་ཆེའི་གསན་པ་པོའི་སྙན་ལམ་དུ་དགྱེས་འབུལ་ཞུ་ཐུབ་པ་བྱུང་།    གཞན་ཡང་།    ཁོ་བོས་བྲིས་པའི་ལྷུག་རྩོམ་གཞན་ཞིག་སྟེ།    ཁ་བྱང་དུམོན་ཡུལ་གྱི་མཐོང་ཐོསཞེས་པ་སྤྱི་ལོ2015ལོའིབོད་ཀྱི་རྩོམ་རིག་སྒྱུ་རྩལཐོག་མུ་འགོད་ཞུས་པ་དང་།    དེ་རྗེས་སྤྱི་ལོ2015ལོར་ལྷོ་ཁ་ས་ཁུལ་རིག་རྩལ་ལྷན་ཚོགས་ཀྱིས་བསྒྲིགས་པའི་ལྷོ་ཁའི་དེང་རབས་ཀྱི་རྩོམ་རིག་དཔེ་ཚོགས་ལས་ལྷུག་རྩོམ་དཔེ་ཚོགསཡར་ཀླུང་གི་རླུང་བུཞེས་པའི་ནང་བསྡུས་ཤིང་།    ལྷག་པར་དུ་སྤྱི་ལོ2016ལོར།    མི་རིགས་རྩོམ་རིགབོད་ཡིག་རྩོམ་སྒྲིག་ཁང་གི་རྩོམ་སྒྲིག་བློ་མཐུན་རྣམ་པས་གུས་པར་བོང་བ་གསེར་གཟིགས་ཀྱི་ཚུལ་དུ་གཟིགས་མཐོང་བླ་ན་མ་མཆིས་པ་གནང་ནས་རྩོམ་ཡིག་དེ་ཉིདམི་རིགས་རྩོམ་རིགགི་བོད་ཡིག་དཔར་མའི་སྤྱི་ལོ2016ལོའི་དུས་དེབ་དང་པོའི་ཐོག་བརྒྱུད་བཀོད་ཞུས་འདུག་པས་ཁོ་བོས་བཀའ་དྲིན་ཆེ་ཞེས་ཞུ་དགོས་ཡོད།   

     ཁོ་བོས་ནམ་རྒྱུན་གསར་རྩོམ་གྱི་སྐབས་བརྗོད་བྱ་དང་རྗོད་བྱེད་གཉིས་ཀར་དང་དོད་ཅི་ནུས་ཞུ་ཡི་ཡོད་དེ།    རྒྱུ་མཚན་ནི་ཁོ་བོའི་བསམ་ཚུལ་ལྟར་ན་རིག་རྩལ་རྩོམ་རིག་གི་བརྩམས་ཆོས་ཡོད་དོ་ཅོག་གི་བརྗོད་བྱའི་ནང་དོན་གང་ཞིག་ཡིན་པ་དེ་ཉིད་ངེས་པར་དུ་རྗོད་བྱེད་ཚིག་སྦྱོར་གྱི་ལམ་ནས་གསལ་བར་བསྟན་དགོས་པ་ཞིག་ཡིན་ཙ་ན།    གལ་ཏེ་དེ་གཉིས་ལས་གང་རུང་ལ་སྣང་ཆུང་ཤོར་ཚེ།    བརྩམས་ཆོས་ཧྲིལ་པོ"གསེར་བྱུག་བེམ་པོའམ།" ཡང་ན"གོས་མེད་གཅེར་བུར"གྱུར་ཉེན་ཆེ་བས་སོ།    དེ་ཡང་ཅུང་ཟད་རྗེན་པར་སྨྲས་ན་ནི།    བརྩམས་ཆོས་གང་ཞིག་དེ་ཉིད་ནི་ནང་མཛངས་མའི་ཡོན་ཏན་བརྒྱད་དང་ལྡན་ཞིང་ཕྱི་མཚར་སྡུག་རྒྱན་གོས་ཀྱིས་ཡོངས་སུ་མཆོར་བའི་ལྷ་ཡི་སྲས་མོ་ཇི་ལྟའི་མཛེས་པ་ལྟ་བས་ཆོག་མི་ཤེས་པ་ཞིག་ཡིན་པའི་དབང་དུ་བྱས་ན།  དང་ཐོག་ངེས་པར་དུ་ནང་སྲོག་གི་སྙིང་པོ་དེ་ཆེས་གསོན་ཉམས་ལྡན་པ་ཡོང་བ་བྱ་དགོས་པ་དེ་ལ་བརྗོད་བྱའི་དོན་ཞེས་བརྗོད་པ་ཡིན་པས་ཡང་སྐོར་བསྐྱར་སྐོར་དུ་གདམ་གསེས་གང་ལེགས་བྱས་ཏེ"ཨ་ཡོད་ནང་གི་ད་ཡོད།    སྒོ་ངའི་དཀྱིལ་གྱི་སེར་རིལ"དུ་གྱུར་བ་བྱ་དགོས་པ་དང་།    བརྗོད་དོན་གཏན་འཁེལ་བྱུང་རྗེས་ད་གཟོད་མཛེས་མ་དེར་འཚམ་པའི་རྒྱན་གོས་ཆེ་ཆུང་རན་པོ་ཞིག་བསྒྲོན་པའམ་བཀླུབས་དགོས་པ་དེ་ལ་རྗོད་བྱེད་ཚིག་ཅེས་ཟེར་བ་ཡིན་པས་ཚིག་སྦྱོར་སྙན་ལ་འབྲེལ་ཆགས་པ་ཞིག་ཡོང་གང་ཐུབ་བྱས་ཏེ་དངོས་འབྲེལ"རྟ་ཕོར་ཤ་ཡིས་བརྒྱན།    མི་བུར་གོས་ཀྱིས་བརྒྱན"ནས་མི་ཚོགས་ཀྱི་དབུས་སུ་ལྟ་བས་ཆོག་མི་ཤེས་པ་ཞིག་ཡོང་གང་ཐུབ་བྱེད་དགོས་པར་འདུག་སྙམ།    དེ་ལྟར་མ་བྱུང་ཚེ།    བོད་ཀྱི་སྔོན་བྱོན་མཁས་དབང་གིས་གསུངས་པ་བཞིན།    གལ་ཏེ་ན་བརྗོད་བྱའི་དོན་གྱི་སྙིང་པོས་དབེན་ན"སྲོག་གི་དབང་པོས་མ་བཟུང་བའི།    མི་རོ་བཟང་ཡང་སུ་ཡིས་ལེན"ཞེས་པའི་དོ་ཟླར་གྱུར་ངེས་ལ།     རྗོད་བྱེད་ཚིག་སྦྱོར་མི་བཟང་ན"བུད་མེད་མཛེས་མ་སྒྲེན་མོར་གྱུར་བ་བཞིན"ཞེས་པའི་དཔེ་ཟླར་གྱུར་ངེས་པས་སོ།   

ཁོ་བོའི་གོང་བརྗོད་ཀྱི་ལྷུག་རྩོམ་དེ་དག་ལ་གཞན་གྱི་ལྷུག་རྩོམ་བརྩམས་ཆོས་དང་བསྡུར་ཚེ་ཕྱོགས་གང་ཞིག་གཞན་དང་བསྡུར་ན་དགེ་མཚན་ཡོད་པ་དང་ཡང་ཕྱོགས་གང་ཞིག་གི་ཐད་དུ་སྐྱོན་ཡོད་པར་འདོད་ཅེ་ན།    དགེ་མཚན་འདི་དང་དེའོ་ཞེས་བརྗོད་སྤོབས་མ་མཆིས་ཀྱང་།    ཁོ་བོའི་རྩོམ་གྲོགས་བཀྲ་ཤིས་དཔལ་ལྡན་མཆོག་དང་།    ཨོ་རྒྱན་?་རྗེ་མཆོག  ཚེ་དབྱངས་མཆོག་སོགས་ཀྱིས་རྣམ་ཀུན་ཁ་བརྡ་གློད་ཞོར་དུ་གསུངས་པ་ལྟར་ན།    སྐད་ཆའི་སྒྱུ་རྩལ་གསོན་ཉམས་ལྡན་ལ་ཚིག་སྦྱོར་འབྲེལ་ཆགས་ཤིང་།    གཅིག་བརྗོད་གཅིག་འདྲེན་གནད་དུ་འཕིགས་པ་དེ་དག་མིན་ནམ་སྙམ།    སྐྱོན་ཆ་ནི་ཤིན་ཏུ་མང་བར་མཐོང་སྟེ།    དེ་ཡང་།    ད་མཚམས་ན་ཚོད་ཀྱི་རྐྱེན་པས་སྔོན་བྱོན་མཁས་དབང་སུས་གསུངས་པ་མི་དྲན་ཡང་།    ལེགས་བཤད་འདི་འདྲ་ཞིག་ཡོད་པ་ནི།  "རང་སོའི་དགེ་མཚན་མ་རྟོགས་ཀྱང་སྐྱོན་མེད་དེ།    དེ་ནི་འདས་པའི་ལོ་རྒྱུས་ཡིན་པས་སོ། །འོན་ཏེ་རང་སོའི་སྐྱོན་ཆ་མ་ཤེས་ན་དེས་ཁྱོད་ཀྱི་སླད་ཕྱིན་གྱི་འཕེལ་རྒྱས་ལ་ཐད་ཀར་གེགས་བྱེད་དོ"ཅེས་པ་བཞིན།    གཞན་གྱི་ལྷུག་རྩོམ་དང་བསྡུར་དུས་ཁོ་བོའི་ལྷུག་རྩོམ་མང་ཆེ་བ་བརྗོད་བྱའི་ནང་དོན་གྱི་ཆ་ནས་རང་རིགས་ལ་གདུང་ཞེན་ལྷག་པར་ཆེ་བས་ད་ལྟ་ནུབ་དང་ནུབ་ཉེར་གྱུར་བའི་བོད་ཀྱི་ཕུན་ཤིན་ཏུ་ཚོགས་པའི་ཡུལ་སྲོལ་གོམས་གཤིས་དང་།    ལག་ཤེས་བཟོ་རྩལ།    རི་ཀླུང་མཛེས་ལྗོངས།    དགོན་སྡེའི་གནས་བཤད།    སྐྱེས་བུའི་འབྱུང་རབས།    ངོ་མཚར་རིག་དངོས།    ཡུལ་མིང་ཐོགས་ཚུལ་སོགས་རྗེས་རབས་པར་འཇོག་འདོད་ཀྱི་བློས་འདས་དེང་གི་གནས་ཚུལ་ཁོ་ན་འབྲི་མང་བ་ལས།    རྩོམ་རིག་དཔྱད་བརྗོད་མཁན་པོ་སྐུ་ཞབས་ལྷག་པ་ཆོས་འཕེལ་མཆོག་གིས་གསུངས་པའི"མ་འོངས་སྔོན་འབྲི"བྱ་རྒྱུར་འདང་རྒྱག་བྱས་མ་མྱོང་བས་བརྗོད་དོན་རྙིང་ཤས་ཆེ་ལ་བསྟན་དོན་གཅིག་རྐྱང་བར་གྱུར་སོང་བ་དང་གཅིག རྩོམ་སྲོལ་གྱི་རྣམ་པའི་ཆ་ནས་རིག་གནས་ལྗོངས་རྒྱུའི་ལྷུག་རྩོམ་ཁོ་ན་ཙམ་ལས་སྣ་མང་ཕུན་སུམ་ཚོགས་མི་ལྡན་པ་དང་གཉིས།    འབྲི་ཐབས་ཐད་ཁོ་བོའི་ལྷུག་རྩོམ་ཕལ་མོ་ཆེ་ཇི་བཞིན་བརྗོད་པའི་འབྲི་སྲོལ་ལགས་པས་གོ་རིམ་ཟློག་བརྗོད་དང་།    བསྡུས་བརྗོད་སོགས་ཧ་ལམ་མེད་ཅིང་།    དེ་བས་ན་ཞིབ་འབྲི་མང་བས་ཡིག་རྫོབ་ཆེ་བ་དང་གསུམ་སོགས་ཀྱི་སྐྱོན་ཆ་དང་ལྡན་པས་ན་སླད་ཕྱིན་ངེས་པར་དུ་ལེགས་བཅོས་བྱེད་གལ་ཆེའོ།།   

       དྲི་བ།    རྒན་ལགས་ཀྱིས་རྒྱུན་རིང་པོར་ལྷུག་རྩོམ་གསར་རྩོམ་བྱས་པའི་ཉམས་མྱོང་དང་སྦྲགས་འདིར་ལྷུག་རྩོམ་སྐོར་གྱི་མྱོང་ཚོར་ཞིག་གླེང་ན་ག་འདྲ།   

        དྲིས་ལན།    ཧེ་ཧེ།    ཁོ་བོའི་ངོས་ནས་བརྗོད་ན་ཉམས་མྱོང་གླེང་རྒྱུ་ཟེར་བ་ངོ་མ"རང་གི་སྤགས་ཀྱིས་འབུ།  མིའི་འབྲུས་བཀྲ་ཤིས་རྟགས་བརྒྱད"འབྲི་བའི་ངང་ཚུལ་དུ་སོང་ནས་བཞད་གད་ཀྱི་གནས་སུ་གྱུར་ཉེན་ཆེ་མོད།    འོན་ཏེ་འདིར་ས་བཅད་མ་སྟོང་ཙམ་གྱི་ཚུལ་དུ་ཐོལ་གཏམ་རེ་གཉིས་གླེང་ན།    གཅིག་ནི་ངེས་པར་ན་གང་ཞིག་འབྲི་བྱའི་བརྗོད་བྱའི་དེར་ཆ་རྒྱུས་ཟབ་མོ་ལྡན་དགོས་པ་ནི་བརྩམས་ཆོས་ལེགས་གྲུབ་ཡོང་བའི་རྨང་གཞིར་མཐོང་སྟེ།    དེ་ཡང་ཁོ་བོས་ལོ་མང་རིང་བོད་ཡིག་གི་རྩོམ་རིག་བརྩམས་ཆོས་ལྟ་ཀློག་ཞུས་པ་ལས་ཐོབ་པའི་མྱོང་ཚོར་ནི།    ད་བར་ལེགས་གྲུབ་བྱུང་བའི་ཕུལ་བྱུང་གི་བརྩམས་ཆོས་ཕལ་མོ་ཆེའི་རྩོམ་བདག་མང་ཆེ་ཤོས་ཤིག་ནི་རང་གི་འབྲི་བྱའི་ནང་དོན་ལ་རྒྱུས་མངའ་ཤིན་ཏུ་ཆེ་བ་ཤ་སྟག་ཡིན་ཏེ།    རྩོམ་པ་པོ་བཀྲ་ཤིས་དཔལ་ལྡན་མཆོག་གིས་ལྷུག་རྩོམ་གཅེས་སྒྲིགས་སྲོས་ཀྱི་འཆར་སྒོཞེས་པའི་ནང"བདག་གི་ལས་སྐལ་དམན་པའི་མི་སྣ་སྤོ་བོ་ཚེ་རིང་དང་སྐལ་བཟང་བཀྲ་ཤིས།    དོན་གྲུབ་དང་ཚེ་བརྟན་ལྷ་མོ་སོགས་ནི་བདག་གི་རྣམ་ཤེས་དང་དམ་པོར་སྦྲེལ་ནས་ཡོད་པ་དང་།    ཁོ་ཚོ་རེ་རེ་བཞིན་ནི་བདག་གི་རབ་ཏུ་འཁོལ་བའི་ཁྲག་རྒྱུན་གྱི་རྦ་ཀློང་དང་ལྷག་བསམ་དག་པའི་བརྩེ་སེམས་ཀྱི་རྐང་རྗེས་ལགས"ཞེས་གསུངས་པ་བཞིན།    ཁོང་རང་ཉིད་ཀྱི་སྐྱེས་ས་འཚར་ས་གཙང་ཁུལ་དུ་ཡིན་པས་བོད་ཀྱི་ཞིང་པའི་འཚོ་བར་རྒྱུས་མངའ་ཤིན་ཏུ་ཆེ་སྟབས་ཁོང་གི་སྨྱུག་རྩེ་ལས་དུས་རབས་གསར་པའི་ཕུལ་བྱུང་གི་བརྩམས་སྒྲུང་རིང་གྲས"ཕལ་པའི་ཁྱིམ་ཚང་གྱི་སྐྱིད་སྡུག"འཁྲུངས་པ་དང་།   རྩོམ་པ་པོ་བསྟན་པ་ཡར་རྒྱས་མཆོག་ནི་རང་ཉིད་སྐྱེས་ས་འཚར་ས་ནག་ཆུ་ནས་ཡིན་པས་བོད་ཀྱི་བྱང་འབྲོག་འཚོ་བར་རྒྱུས་མངའ་ཤིན་ཏུ་ཆེ་སྟབས་ཉེ་ལམ་ཁོང་གི་སྨྱུག་ཁ་ལས་ཐོན་པའི་བྱང་ཐང་གི"ཇག་པའི་རིག་གནས"མཚོན་བྱེད་ཀྱི་བརྩམས་སྒྲུང་གསར་པཁ་སང་གི་ཚོ་བལྟ་བུས་མཚོན།    རི་རྩེའི་སྤྲིན་དཀརགྱི་རྩོམ་པ་པོ་ཚེ་དབྱངས་ལགས་ནི་སྤྱི་ལོ1987ལོར་བོད་ལྗོངས་སློབ་ཆེན་ཐོན་པ་ནས་ད་ལྟའི་བར་མི་རིགས་ཀྱི་སློབ་གསོའི་བྱ་བའི་རྒྱུན་བསྐྱངས་པས་ཁོང་གི་བརྩམས་ཆོས་ཕལ་མོ་ཆེའི་བརྗོད་དོན་མི་རབས་རྗེས་མའམ་མི་རིགས་སློབ་གསོར་དམ་པོར་འབྲེལ་ནས་ཡོད་ལ།    སྙན་ངག་པ་ཨོ་རྒྱན་?་རྗེ་ལགས་ཀྱི་སྙན་རྩོམ་ལེགས་བཏུསཕ་ས་མྱུལ་བའི་རྣམ་ཤེས་ཕྲ་མོའིབརྗོད་དོན་སྙིང་པོའང་རང་རྒྱུས་ལོན་ཆེ་བའི"ཡུལ་ཁ་བའི་ལྗོངས་འདིའི་ཕྱི་སྣོད་ཀྱི་རང་བྱུང་ཁམས་དང་།    ནང་བཅུད་ཀྱི་མི་རིགས་དང་།    མི་རིགས་ཀྱི་ལོ་རྒྱུས།    མི་རིགས་ཀྱི་རིག་གནས།    མི་རིགས་ཀྱི་ཆོས་ལུགས།    མི་རིགས་ཀྱི་ལ་རྒྱ།    མི་རིགས་ཀྱི་བསམ་བློའི་འཁྱེར་བཟོ།    མི་རིགས་ཀྱི་འཚོ་བའི་གོམས་སྲོལ།    མི་རིགས་ཀྱི་བདེ་སྡུག མི་རིགས་ཀྱི་ཆགས་སྣང་སོགས"སྙན་ངག་གི་ལམ་ནས་ཐབས་མཁས་སྒོས་མཚོན་པར་བྱས་ཡོད་པ་སོགས་མདོར་ན་ཁོང་རྣམ་པས་བྲིས་པའི་བརྩམས་ཆོས་ལ"བོད་རང་གི་བླང་དོར་དང་།    མཛེས་དཔྱོད།    རྒྱུ་འབྲས་སོགས་ཀྱི་ཁྱད་ཆོས་མ་ཤོར་བ་དང་།    འཚོ་བའི་བདེན་པ་དང་།    སྒྱུ་རྩལ་གྱི་བདེན་པ་མ་ཤོར་བའི"ཁྱད་ཆོས་ཟབ་མོ་ལྡན་པས་རྒྱལ་ཡོངས་གྲངས་ཉུང་མི་རིགས་ཀྱི་རྩོམ་རིག"རྟ་མཆོག"བྱ་དགའ་ཆེན་མོ་ཐོབ་ཡོད་ཅིང་།    ཡང་གཅིག་བཤད་ན།    རང་རེས་རྒྱུན་པར་ཤོད་པའི"རྩོམ་རིག་ནི་འཚོ་བ་དངོས་ལས་བྱུང་ཡང་འཚོ་བ་དངོས་ལས་ཚད་གཞི་མཐོ་བ་ཞིག་ཡིན་དགོས་པས་ངེས་པར་དུ་གཞི་རིམ་ལ་ཟབ་འཇུག་གིས་འཚོ་བ་དངོས་རྒྱུས་ལོན་ཐུབ་པ་བྱ་དགོས"ཟེར་བའང་འདི་འདྲ་ཞིག་ལ་བརྗོད་ཀྱི་ཡོད་ཤས་ཆེ།    དེ་ཡང་འཚོ་བ་དངོས་ནང་ཟབ་འཇུག་གི་གཏིང་ཟབ་ཚད་དེ་གང་འདྲ་ཞིག་ལ་སླེབས་པ་བྱ་དགོས་སམ་སྙམ་ན།    ཉེ་ལམ་ཁོ་བོས་ཕ་ཡུལ་མི་དམངས་ཀྱི་རེ་འདུན་བཞིན།     སྣ་དཀར་རྩེ་རྫོང་སྟག་ལུང་གྲོང་རྡལ་ལྟེ་བའི་སློབ་ཆུང་ལགོམས་འདྲིས་སློབ་གསོཞེས་པའི་དེབ་ཆུང་ཞིག་རྩོམ་སྒྲིག་ཞུས་པའི་ནངབྱ་ཕོ་མཚའ་ལུཞེས་པའི་སྒྲུང་ཐུང་ཞིག་བསྡུས་ཡོད་པའི་མདོ་དོན་སྙིང་པོ་ནི།    "སྤོ་བོ་ཇིའི་པེའེ་ཧྲེ་ལགས་ཞེས་པ་ནི་སྐད་གྲགས་ཤིན་ཏུ་ཆེ་བའི་རང་རྒྱལ་གྱི་རི་མོའི་སློབ་དཔོན་ཞིག་ཡིན་ན་ཡང་།    ཁོང་ནི་སེམས་ཆུང་གི་སྒོ་ནས་བྱ་དངོས་ལ་རྟོག་ཞིབ་གནང་རྒྱུར་ཧ་ཅང་དགའ་བའི་མིག་དཔེ་ཞིག་ཡིན་ཏེ།    ཁོང་གིས་ཁྲོམ་གཞུང་ནས་བྱ་ཕོ་མཚའ་ལུ་ཞིག་ཉོས་ཏེ་རང་ཁྱིམ་གྱི་སྒོ་རྭའི་ནང་གསོ་ཚགས་གནང་ཞིང་།    ཉིན་གུང་སྒོ་རྭའི་ནང་བཞུགས་ནས་བྱ་ཕོ་མཚའ་ལུ་དེའི་ཚུགས་ཀ་དང་གཤོག་འདབ་གཡུགས་ཚུལ་ལ་ཉམས་ཞིབ་ཞིབ་ཚགས་གནང་བ་དང་།    མཚན་མོ་ཡང་སྐོར་བསྐྱར་དུ་བྱ་ཕོ་མཚའ་ལུ་དེ་ཉིད་འབྲི་བའི་སྦྱོང་བརྡར་ལན་མང་གནང་མཐར་ཆེས་གསོན་ཉམས་ལྡན་པའི་ཚད་དུ་སླེབས"ཚུལ་བསྟན་པ་དེ་ཡིན་པས་དེ་ལྟའི་བྱིས་སྒྲུང་ཐུང་ངུ་དེས་ཀྱང་རང་རེར་ངེས་ཤེས་རྔོ་ཐོགས་པ་ཞིག་བསྟེར་བར་མི་གྱུར་གྲང་།     གཉིས་ནས་རྗོད་བྱེད་ཚིག་སྦྱོར་ཐད་ངེས་པར་ན་ཡུལ་དུས་ཀྱི་གཏན་ཚིགས་དང་མ་འགལ་ཞིང་གང་ལ་ཅི་འཚམ་གྱི་སྐད་ཆའི་སྒྱུ་རྩལ་གསོན་ཉམས་དོད་ལ་ཕུན་སུམ་ཚོགས་པོ་ཞིག་ཡོང་བ་བྱ་རྒྱ་དེ་ནི་བརྩམས་ཆོས་ལེགས་གྲུབ་ཡོང་བའི་སྔོན་འགྲོའི་ཆ་རྐྱེན་དུ་མཐོང་སྟེ།    ཁོ་བོས་ཆ་རྒྱུས་ཟབ་པའི་བོད་ལྷོའི་རྩོམ་པ་པོ་གྲགས་ཅན་མཁས་གྲུབ་དང་ཨོ་རྒྱན་?་རྗེ།    བྱམས་པ་བསྟན་འཛིན་གསུམ་ལས།    མཁས་གྲུབ་ལགས་ནི་རང་རིགས་ཀྱི་སྲོལ་རྒྱུན་སྙན་ངག་གི་ཚིག་སྦྱོར་ལ་གཞན་གྱི་དོ་ཟླ་མི་ནུས་པའི་ངེས་པ་དོན་ལྡན་གྱི་སྙན་ངག་པ་ཞིག་ལགས་པས་ཁོང་གི་སྙན་རྩོམ་བརྩམས་ཆོསདུས་བཞིའི་སོ་ནམ་བྱེད་ལུགས་མཚོན་པའི་ཚིག་ཕྲེང་ངག་གི་རོལ་དབྱངསཞེས་པ་ནི།    གསེར་ས་འོག་ཏུ་གནས་ཀྱང་འོད་ནམ་མཁར་བཀྱེ་བའི་དཔེ་བཞིན།    ཚིག་སྦྱོར་འགྲན་ཟླ་བྲལ་བའི་ཚད་དུ་འཇོག་འོས་པ་ཡིན་ཏེ།    དེ་ཡང་བརྩམས་ཆོས་དེའི་མཇུག་ཏུ་ཕྱོགས་སྡོམ་གྱི་ཚུལ་དུ་མངོན་བརྗོད་དང་བརྡ་རྙིང་གིས་མ་བཅིངས་པའི་གོ་བདེའི་ཕལ་སྐད་རྣམ་པའི་ཚིགས་བཅད"དགུན་གསུམ་འཁྱགས་པས་ས་རྒྱུའི་རང་གཤིས་བཅོས།  །དཔྱིད་གསུམ་དྲོད་ཀྱིས་ས་བོན་མཆེ་བ་རྒྱས།  །དབྱར་གསུམ་ཆར་པས་ལོ་ཏོག་ལང་ཚོ་དར།   །སྟོན་གསུམ་ཉི་མས་འབྲུ་སྣ་མ་ལུས་སྨིན"ཤོ་ལོ་ཀ་གཅིག་ཁོ་ནས་མདོར་བསྡུས་གནད་འཁེལ་སྒོས་དབུས་ཁུལ་གྱི་ཞིང་པའི་དུས་བཞིའི་སོ་ནམ་གཏན་ཚིགས་གཙོ་བོ་གསལ་བར་བསྟན་པ་དང་།   གཞན་ཡང་།    དེ་ཉིད་ལས"མན་ངག་ལྔ་བདུན་བཅུ་གཉིས་མ་ཤེས་ན།    མིང་ལ་མཛོ་པ་མཁས་ཅན་ཟེར་དོན་མེད"ཅེས་དང་།  "རྒྱ་རྒྱུག་མ་བཞི་བུ་དྲུག་གིས།    །གཡས་གཡོན་རེ་མོས་བྱས་ནས་བརྡུངས།  །སྙེ་མའི་ས་གདན་ཆེན་པོ་དེ།  །ཡུད་ཙམ་ཞིག་ལ་ཕྱེ་མར་བཏང"ཞེས་པས་མཚོན་དམངས་སྲོལ་རིག་གནས་ཀྱི་ཟུར་རྒྱན་ལེགས་པར་བསྒྲོན་པས་བརྩམས་ཆོས་ཧྲིལ་པོ་གཡང་རྩེའི་ཡས་སྒྲོན་གྱི་དཔེ་ཟླར་གྱུར་བ་དང་།    ཨོ་རྒྱན་?་རྗེའི་སྙན་ངག་གསར་པའི་བརྩམས་ཆོསའབྲུག་པ་ཀུན་ལེགསཞེས་པ་ནི།   ཟུར་མང་པོའི་ཐོག་ནས་གཙང་སྨྱོན་ཀུན་དགའ་ལེགས་པའི་ཐུན་མིན་ཁྱད་ཆོས་འབྲི་བཞེངས་གང་ལེགས་ཀྱིས་དེ་དག་སོ་སོའི་མཐའ་སྣེ་ན"ང་ཁོ་ན"ཞེས་པ་རིམ་པ་བདུན་གྱིས་རྒྱས་བཏབས་ནས་ཡོད་པ་དེ་དག་ཟློས་སྐྱོན་དུ་གྱུར་རྒྱུ་ལྟ་ཅི།    དེ་ནས་ན"ང་ཁོ་ན"གཅིག་ལས་གཅིག་འཕགས་ཀྱི་རྐྱེན་བཟང་དུ་གྱུར་བས་ན་འབྲུག་པ་ཀུན་ལེགས་གང་ཉིད་གཞན་བས་དོ་ཟླ་མི་ནུས་པའི་སྐྱེས་བུ་རྩེར་སོན་ཞིག་ཏུ་འབྲི་བཞེངས་བྱེད་ཐུབ་པ་བྱུང་བ།    གཞན་ཡང་།    བྱམས་པ་བསྟན་འཛིན་ལགས་ཀྱི་མགུར་མའི་ཁྱད་ལྡན་སྲོལ་རྒྱུན་སྙན་རྩོམརིག་པ་དེ་ལྕགས་སྐུད་བཞིན་དུ་སྒྲིམས་ཤོགཅེས་པའི་ནང"ཤ་ཁྲག་དང་ཤ་ཁྲག་གཅིག་ཏུ་འདྲེས་པའི།    བརྩེ་ལྡན་གྱི་གཅུང་པོ་འཕྲིན་ལས་?་རྗེ"ཞེས་རང་དང་ཤ་ཁྲག་གཅིག་དུ་འདྲེས་པའི་གཅུང་པོ་ཞིག་ལ་གདམས་པའི་ཚུལ་གྱིས་བསྟན་དོན་སྙིང་པོ"བོང་བུ་ལ་རྭ་ཅོ་ཡེ་ནས་མེད་ཀྱང་།  །ཉམ་ཆུང་ལ་རྡུང་དུ་ཤག་ཤག་བྱེད་པའི།  །མཐའ་འཁོར་གྱི་སྐྱེ་བོ་དེ་ཚོར་སོམས་ལ།  །རིག་པ་དེ་ལྕགས་སྐུད་བཞིན་དུ་སྒྲིམས་ཤོག"ཅེས་དོན་དམ་དུ་དེང་གི་སྤྱི་ཚོགས་སྟེང་དོན་ངོ་མར་རང་ཉིད་ལ་ཤེས་ཡོན་ཅུང་ཟད་ལས་མེད་པའི་བོང་བུའི་ལུས་གཟུགས་ཅན་གྱི་སྐྱེ་བོ་ཐ་ཤལ་དེ་ཚོར་གཞན་སྐྱོན་འགོག་པའི་ལུང་རིགས་གཉིས་ལྡན་གྱི་རྭ་ཅོ་ཡེ་ནས་མི་ལྡན་ཡང་ད་དུང་ལྐུག་པ་ཨུ་ཚུགས་ཀྱིས་ནང་དུ་ཡོན་ཏན་གྱིས་ཕྱུག་ཀྱང་ཕྱི་རུ་ཉམ་ཆུང་གི་ཆ་བྱད་འཛིན་པའི་མི་བུར་སྡིག་ཅིང་འཕྱ་བའི་ཚུལ་ལ་ཁ་ཡ་མི་བྱེད་པར་དེ་བས་ན་མིའི་རིགས་ཀྱི་འཕེལ་རྒྱས་དང་ཡར་ཐོན་ཆེད་རང་སོའི་བློ་རིག་ངར་ལྕགས་ཀྱི་སྐུད་པ་ཕྲ་མོ་བཞིན་ཆད་མེད་དུ་སྒྲིམ་ནས་འབད་བརྩོན་གནང་གལ་ཆེ་ཞེས་བསྟན་པ་ནི་ངོ་མ་སྒྱུ་རྩལ་གྱི་ཆུ་ཚད་རབ་ཏུ་མཐོ་བའི་བརྩམས་ཆོས་ལེགས་པོ་ཞིག་ཡིན་ལ།    དེ་ཡང་ཆོས་རྗེ་ས་པཎ་གྱིསས་སྐྱ་ལེགས་བཤདནང་གསུངས་པའི"སྤྲེལ་རྒན་རྣམས་ཀྱིས་མི་བཟུང་ནས།    མཇུག་མ་མེད་ཅེས་བཞད་གད་བྱེད"ཅེས་པའི་ལེགས་བཤད་དོན་འགྲེལ་འབའ་ཞིག་ཏུ་འཁུམས་སོ།    མདོར་ན།    བརྩམས་ཆོས་ལེགས་པོ་ཞེས་པར་ངེས་པར་དུ་ཆ་རྐྱེན་གཉིས་འཛོམས་དགོས་པར་འདོད་དེ།    དེ་ཡང་རྒྱའི་རྩོམ་རིག་མཁན་པོ་ཁྲིན་ཧྲི་ཞིསམི་རིགས་རྩོམ་རིག(བོད་ཡིག་)ཅེས་པའི་སྤྱི་ལོ2016ལོའི་དུས་དེབ་གཉིས་པའི་སྔོན་འགྲོའི་གཏམ་ན་གསུངས་པ་བཞིན།    "གཅིག་ནས་བརྩམས་ཆོས་ལ་བསམ་བློའི་ཆ་ཕུན་སུམ་ཚོགས་པོ་དགོས་པ་སྟེ།    དུས་རབས་ཤིག་ལ་ཚད་མཐོ་བའི་བསམ་བློའི་མཐོང་རྒྱ་བསྐྲུན་ནུས་པ་ཞིག་དང་།    ང་ཚོའི་མཐོང་རྒྱ་བསྐྱེད་ཅིང་བློ་སྒོ་འབྱེད་པ་ཞིག་དགོས་པ་དང་།    གཉིས་ནས་བརྩམས་ཆོས་ཁྲོད་སྒྱུ་རྩལ་གྱི་བརྩམ་ཚུལ་ཕུལ་དུ་བྱུང་བ་ཞིག་ཡོད་དགོས་པ་སྟེ།    རྩོམ་པ་པོའི་པིར་རྩེའི་མི་དང་ཡུལ་དངོས་ཐམས་ཅད་གསོན་ཉམས་དོད་པོ་ཡིན་དགོས་པ་མ་ཟད།    རྩོམ་རིག་གི་ཐབས་རྩལ་ཆེས་ཆེར་འདོན་དགོས"ཞེས་པ་དེ་འདྲ་ཞིག་ཡིན་དགོས་པར་སྙམས་སོ། 

      དྲི་བ།    རྒན་ལགས་ལ་མཚོན་ན་ལྷུག་རྩོམ་ཞིག་འབྲི་དུས་ནང་སེམས་ཞིབ་འབྲི་བྱེད་རྒྱུ་དེ་ཚེགས་ཆེའམ་ཡང་ན་ཕྱིའི་སྣོད་བཅུད་ཀྱི་རྣམ་པ་ཞིབ་འབྲི་བྱེད་རྒྱུ་དེ་ལ་ཚེགས་ཆེ།   

 དྲིས་ལན།     ངས་ལྷུག་རྩོམ་འབྲི་དུས་ནང་ངོས་ཀྱི་སེམས་ཁམས་དང་ཕྱིའི་སྣོད་བཅུད་གཉིས་ཀ་ཞིབ་འབྲི་བྱ་རྒྱུར་རང་ནུས་གང་ཡོད་བཏོན་ནས་འབད་བརྩོན་བྱེད་ཀྱི་ཡོད་ལུགས་གོང་དུ་སོང་ཟིན་ལ།    དེ་གཉིས་ལས་གང་ཞིག་ཞིབ་འབྲི་བྱ་རྒྱུར་དཀའ་ཚེགས་ཆེ་ཞེ་ན།    དེ་ནི་ནང་སེམས་ཞིབ་འབྲི་བྱ་རྒྱུ་ལོས་དཀའ་སྟེ།    རྒྱུ་མཚན་ཅིའི་ཕྱིར་ཞེ་ན།    ལྷུག་རྩོམ་ཡང་རྩོམ་རིག་གི་བྱེ་བྲག་ཅིག་ཡིན་པའི་ཆ་ནས་རྩོམ་ཡིག་གཞན་དག་བཞིན"འདི་འདིའོ།    དེ་དེ་རེད"ལྟ་བུས་ཆོག་རྒྱུ་མིན་པར་དེ་བས་ན་ཅུང་ཟད་ཚད་མཐོའི་སྒྱུ་རྩལ་གྱི་འབྲི་བཞེངས་བྱ་ཐབས་ལ་བརྟེན་ནས་ནང་སེམས་ཀྱི་ཞིབ་འབྲི་དེ་ཕྱི་ལུས་ངག་གི་ཉམས་སྣང་ལས་མངོན་པ་བྱ་དགོས་པས་སོ། །གཞན་ཡང་ཕྱིའི་སྣོད་བཅུད་ཞིབ་འབྲི་བྱ་རྒྱུ་དེ་ཡང་དེ་ཙམ་ལས་སླ་མོ་ཞིག་མིན་ཏེ།    དཔེ་ཆ་བཞག་ན།    ཕྱིའི་སྣོད་བཅུད་དེ་ཉིད་པར་རིས་བརྩམས་ཆོས་ཤིག་ཡིན་པའི་དབང་དུ་བྱས་ན།    བརྩམས་ཆོས་དེ་ཉིད་ལེགས་གྲུབ་ཐུབ་མིན་གྱི་འགག་རྩ་ནི་དང་ཐོག་ངེས་པར་དུ་ཟུར་ཚད་ལེགས་པོ་ཞིག་འདེམས་དགོས་པ་དེ་ཡིན་ལ།    དེ་བས་ན་པར་དུ་ལེན་པའི་སྐད་ཅིག་མ་དེའི་ནང་མྱུར་ཚད་མགྱོགས་དལ་དང་།    འོད་ཁུང་ཆེ་ཆུང་སོགས་ཤིན་ཏུ་སྙོམ་པའི་བྱང་ཆའམ་ལག་རྩལ་དེར་ཐུག་ཡོད་པ་ལྟ་བ་ཡིན།    གཞན་ཡང་ནང་སེམས་དང་ཕྱི་སྣོད་ཞིབ་འབྲི་བྱ་རྒྱུ་དེ་ནི་ཕན་ཚུན་ལྟོས་བཅས་ཤིག་ཡིན་པས་ན་དེ་གཉིས་ཀ་ལེགས་པོ་ཞིག་ཡོང་བར་ཚེ་རིང་དོན་གྲུབ་ཀྱིས་གསུངས་པའི"ང་ཚོས་སྒྲུང་གཏམ(ལྷུག་རྩོམ)འབྲི་བར་ཕྱི་ཤུན་ནང་ཤུན་མང་པོ་དགོས།    ལྷག་པར་དུ་ཡུལ་དུས་ཀྱི་དབང་གིས་དེ་ནི་མེད་དུ་མི་རུང་བ་ཞིག་རེད།    ཤུན་པ་རེ་ལ་ཤུགས་བསྟན་རེ་ཡོད་པ་དང་མཚོན་རྟགས་རེ་ཡིན་པས་ཀློག་པ་པོས་དེ་རེ་རེ་བཞིན་བཤུས་ན་ད་གཟོད་བརྩམས་ཆོས་ཀྱི་དགོངས་དོན་ངོ་མ་རྟོགས་ཐུབ"ཅེས་པ་དེ་ལ་ང་རང་ཤིན་ཏུ་ནས་འཐད་པ་ཡིན་ནོ།།   

       དྲི་བ།    རྒན་ལགས་ཀྱིས་རྩོམ་རིག་སྐོར་གྱི་དུས་དེབ་ལ་ལྟ་ཀློག་བྱེད་དུས་ཨ་མདོའི་རྩོམ་པ་པོ་རྣམས་ཀྱི་བརྩམས་ཆོས་ལ་ལྟ་ཀློག་བྱེད་བཞིན་ཡོད་དམ།    ཁྱད་པར་དུ་ཁོ་རང་ཚོས་བརྩམས་པའི་ལྷུག་རྩོམ་དེ་གང་འདྲ་ཞིག་རེད།    ཕན་ཚུན་ལ་སློབ་སྦྱོང་བྱེད་དགོས་པའི་ཆ་ཅི་ཡོད་པར་འདོད།         

  དྲིས་ལན།    ང་རང་ནི་རྩོམ་པ་པོ་ཐབས་ཆག་ཅིག་ཡིན་ན་ཡང་ཀློག་པ་པོ་རྣམ་དག་ཅིག་ཡིན།    རྒྱུ་མཚན་དེའི་ཕྱིར།    ང་རང་ལ་རྒྱ་བོད་ཡིག་རིགས་གང་རུང་ནས་བརྩམས་པའི་རྩོམ་རིག་སྐོར་ཙམ་དུ་མ་ཟད་བལྟ་བྱར་འོས་པའི་དེབ་གང་འདྲ་ཞིག་ཡིན་ན་ཡང"མི་རིགས་གུ་དོག་རིང་ལུགས"དང་།  ས་གནས་ཀྱི"ཕྱི་མི་ཟུར་འབུད་རིང་ལུགས"ཞེས་པའི་ཉེ་དགའ་ཕྱོགས་ཞེན་དེ་མེད་པས་དཔེ་དེབ་གསར་རྙིང་ཡོད་དོ་ཅོག་ལ་ལྟ་བར་དགའ་བ་ཡིན།    ལྷག་པར་ན་སྟོད་མངའ་རིས་བསྐོར་གསུམ་དང་།    བར་དབུས་གཙང་རུ་བཞི།    སྨད་མདོ་སྨད་སྒང་དྲུག་སོགས་བོད་ཁུལ་རིས་མེད་ཀྱི་རྒྱ་ཆེའི་རྩོམ་པ་པོ་རྣམས་ཀྱི་རྩོམ་རིག་བརྩམས་ཆོས་ལ་ལྟ་ཀློག་བྱེད་རྒྱུ་ནི་ངའི་དགའ་མོས་ཤིག་ཡིན་ལ།    ཁྱད་པར་དུ་ཨ་མདོའི་རྩོམ་པ་པོ་སྐུ་ཞབས་དོན་གྲུབ་རྒྱལ་མཆོག་གི་ལེགས་རྩོམ་གཅེས་སྒྲིགའབོལ་རྩོམ་ཞོགས་པའི་སྐྱ་རེངསལྟ་བུ་ནི་ང་ཙམ་དུ་མ་ཟད་ཕལ་ཆེར་ངའི་ལོ་ན་དང་མཚུངས་པའི་བོད་ལྗོངས་ཁུལ་གྱི་ཀློག་པ་པོ་ཆེས་མང་པོས་ཀློག་རྒྱུར་དགའ་བ་ཞིག་ཡིན་ལ།    དེ་བས་ཀྱང་ཁོང་གི་རྩོམ་རིག་བརྩམས་ཆོས་ཀྱི་ཕུད་དུ་གྱུར་བའི་སྙན་རྩོམལང་ཚོའི་རྦབ་ཆུདང་ལྷུག་རྩོམརྐང་ལམ་ཕྲ་མོ བརྩམས་སྒྲུང་།སད་ཀྱིས་བཅོམ་པའི་མེ་ཏོགལྟ་བུ་ནི་ཁོ་བོས་ནམ་ཡང་རྗེས་སུ་ཡི་རངས་དང་སློབ་སྦྱོང་བྱ་སའི་ལམ་ཚད་?་རིང་ལྟར་བརྩི་བཞིན་ཡོད།    གཞན་ཡང་ཚེ་རིང་དོན་གྲུབ་ཀྱི་བརྩམས་སྒྲུང་དང་།    ལྗང་བུའམ་?་རྗེ་ཚེ་རིང་གི་སྙན་རྩོམ།    སྨྲེང་བུའམ་བྱ་མདོ་དོན་གྲུབ་ཚེ་རིང་གི་ལྷུག་རྩོམ་སོགས་ལ་ལྟ་ཀློག་བྱེད་རྒྱུར་ལྷག་པར་དགའ་ཞིང་།    དེ་ཡང་ཚེ་རིང་དོན་གྲུབ་ཀྱི་བརྩམས་སྒྲུང་ཐུང་གྲས་ནག་ལུང་པདང་།    ལྗང་བུའི་སྙན་ཞུའི་རྩོམ་རིགགངས་སྐྱོནསྨྲེང་བུའི་ལྷུག་རྩོམགནས་རྙིང་རྒྱང་མཇལཞེས་པ་སོགས་ཀྱི་བརྗོད་བྱ་རྗོད་བྱེད་གང་ཐད་ནས་སྒྱུ་རྩལ་གྱི་གསོན་ཉམས་ཆེས་ཆེར་མངོན་པའི་ལེགས་རྩོམ་རྨད་བྱུང་ཞིག་ལ་བརྩིས་ནས་སློབ་སྦྱོང་བྱེད་བཞིན་ཡོད།    གཞན་ཡང་ངའི་ངོས་འཛིན་ལྟར་ན།    དབུས་གཙང་དང་།    མདོ་སྨད།    ཁམས་ཁུལ་སོགས་ཡུལ་ལུང་མི་གཅིག་པའི་རྩོམ་མཁན་གྱི་སྡེ་བར་རང་རང་བཟང་ཆ་རེ་དང་མི་ལྡེང་བའི་གནས་རེ་ཡོད་པར་བསམས་པས་འགག་རྩ་ནི་ཕན་ཚུན་བཟང་ཆ་སློབ་སྦྱོང་དང་སྐྱོན་ཆ་གསབ་རེས་ཀྱི་སྨྱུག་ཚོགས་སོགས་ཀྱི་ཐབས་ལམ་སྤྱད་དེ་སྤྱི་ཡོངས་ཀྱི་བོད་ཡིག་རྩོམ་རིག་ཐད་བློ་སྡུད་དགེ་འཚོལ་བྱ་རྒྱུ་དེ་ཉིད་ཡིན་པར་སྙམས།   

      དྲི་བ།    མཐར་རྒན་ལགས་ཀྱིས་བོད་ལྗོངས་ཀྱི་ན་གཞོན་རྩོམ་དགའ་རྣམས་ལ་རང་གི་གསར་རྩོམ་གྱི་ཉམས་མྱོང་དང་།  རྩོམ་ཞིག་འབྲི་བ་ལ་སོ་སོའི་འབད་པ་གང་འདྲ་བྱེད་དགོས་པ་ལ་གལ་བོ་ཆེ་ལ་ནན་ཏན་གྱི་ཚུལ་དུ་གཏམ་བཤད་རྗེས་དེ་རིང་གི་བཅར་འདྲི་མཚམས་འདིར་འཇོག  ཁ་དྲོ།    བཀྲ་ཤིས།   

     དྲིས་ལན།    ངའི་ཉམས་མྱོང་ངམ་བརྗོད་འདོད་གསང་སྦྲིག་མེད་པར་གོང་དུ་སོང་ཟིན་པས་ད་ནི་ཞུ་རྒྱུ་ཅང་མི་འདུག་ཀྱང་།    མཇུག་མཐར།    ཁ་བདེའི་ནང་གི་ལྕེ་བདེ་དེ་ཅུང་ཟད་གློད་ན།    རླབས་ཆེན་གྱི་སློབ་དཔོན་དམ་པ་མའོ་ཙེ་ཏུང་གིས"འཛམ་གླིང་དེ་ཁྱེད་ཚོའི་རེད་ལ།    ང་ཚོའི་ཡང་རེད།    འོན་ཏེ་མཐར་གཏུགས་ནས་བཤད་ན་ཁྱེད་ཚོའི་རེད།    ཁྱེད་ཚོ་གཞོན་ནུ་རྣམས་ནི་ཞོགས་པའི་ཆུ་ཚོད་བརྒྱད་པ་དགུ་པའི་ཉི་གཞོན་དང་འདྲ་བས་ཕུགས་ཀྱི་རེ་བ་དེ་ཁྱེད་ཚོར་བཅོལ་ཡོད"ཅེས་པའི་ལེགས་བཤད་དྲི་མ་མེད་པའི་དཔེ་བཞིན།    རང་རེ་འགྲོ་བ་མི་ཞེས་པ་སྐྱེས་པའི་ཉིན་ནས་བཟུང་སྐད་ཅིག་ཙམ་ཡང་སྡོད་དབང་མེད་པར་འཆི་བའི་ཕྱོགས་སུ་མགྱོགས་ཁྱད་འགྲན་པ་ལྟར་རྒྱུག་གིན་ཡོད་པ་ལ།    ད་མཚམས་ཁོ་བོ་ལས་འཁྱུར་རྒན་པོ་ནི་ཉི་མ་ལ་ཁའི་གྲིབ་སོ་བཞིན་སང་འཆི་གནངས་འཆི་ཆ་མི་རྟོགས་པའི་ཚད་དུ་སླེབས་ནས་ཡོད་ཀྱང་།    ངས་རང་མི་རིགས་ཀྱི་རྩོམ་རིག་ལ་བཅངས་པའི་ཞེ་བསམ་པ་དཀར་མོ་དེ་དབུགས་ཀྱི་རྒྱུ་བ་ཕྲ་མོ་མ་བཅད་པའི་བར་མཚམས་འཇོག་མི་བྱེད་ཁོ་ཐག་ལ།    དེང་ཆར།    བོད་ལྗོངས་ཁུལ་གྱི་བོད་ཡིག་རྩོམ་རིག་གར་སྟེགས་སྟེང་དུ་ཨེ་ཉི་མ་ཚེ་རིང་དང་།    ཁང་སྐྱིད་བསོད་བསྟན་སོགས་ཀྱིས་གཙོས་པའི་སྐྱེས་སྟོབས་ཀྱི་དཔལ་འབར་བའི་ན་གཞོན་རྩོམ་པ་པོའི་ཁྱུ་ཚོགས་ཤིག་འཚར་ལོངས་ཡོང་དང་ཡོང་བཞིན་འདུག་ལ།    ཁྱད་པར་ན་ཁྱེད་རང་ཞོགས་པའི་ཉི་གཞོན་རྣམ་པས་ཀྱང་མི་ཟས་བཟས་ཤིང་མི་གོས་གྱོན་པའི་རིན་དོད་དུ་བོད་ཡིག་གི་རྩོམ་རིག་གི་བརྩམས་ཆོས་གང་མང་གང་ཡག་ད་ལྟ་གསར་རྩོམ་གནང་དང་གནང་མུས་ལགས་ན།    སླད་མའི་ཆར་ཡང་བརྩོན་པ་དབྱར་ཆུའི་རྒྱུན་བཞིན་ཆད་མེད་གནང་རོགས་གནང་ཞེས་པའང་རྒན་པོའི་སྙིང་གཏམ་འབའ་ཞིག་ཡིན་པས་ཐུགས་འཇོག་མཛོད་ཅིག་ཀྱེ།། JY〗〖MT5XZHརྩོམ་སྒྲིག་འགན་འཁུར་བ།  ལྷ་གཡང་ནོར་བུ།༅

 

 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1