ཐེ་ཚོམ་མེད་པ་སྟེ། སྟེས་དབང་ག་ལ་ཡིན།
མི་ཚེ་འདིར་ང་རང་གཞིས་རྩེར་སླེབས་པ་ནི་སྟེས་དབང་ཞིག་ག་ལ་ཡིན། ཡང་གཅིག་བཤད་ན། དེ་ནི་ལས་དབང་ཞིག་ཀྱང་ཡིན་སྲིད། 2011ལོར་ང་རང་སློབ་ཆེན་ཐོན་ནས་ལས་ཞུགས་ཡིག་ཚད་ཐོ་འགོད་བྱེད་དུས། ངས་ཚམ་ཚོམ་མེད་པར་གཞིས་ཀ་རྩེར་ཐོ་འགོད་བྱས། ལོ་དེའི་ཟླ9པར། ང་རང་གཞིས་ཀ་རྩེའི་མཐའ་མཚམས་ཀྱི་གམ་པ་རྫོང་དུ་ལས་བགོ་བྱས། གམ་པ་རྫོང་ནི་ས་བབ་མཐོ་ལ་རྒྱ་གར་དང་འབྲེལ་བའི་འབྲོག་ཁུལ་ཞིག་ཡིན་ལ། རྫོང་དེར་སླེབས་རྗེས་ང་རང་སླར་ཡང་འགྲིག་ཤང་ཟེར་བའི་ས་མ་འབྲོག་གི་ཤང་ཞིག་ཏུ་ལས་བགོ་བྱས། ཤང་དེར་བྱ་བར་ཞུགས་པའི་ལོ་གཅིག་ལྷག་ནང་རང་འཁྲིའི་ལས་འགན་ཧུར་ཐག་བསྒྲུབས་པའི་ཐོག རང་གི་ཆེད་ལས་རྩོམ་རིག་ཡིན་པས་ཁོམ་པ་རེ་བྱུང་ཚེ། རྒྱལ་ཕྱི་རྒྱལ་ནང་གི་གྲགས་རྩོམ་རེ་འགའ་བཀླགས་པའི་སྐལ་བ་ཐོབ།
2013ལོའི་ཟླ6པར། གཞིས་རྩེ་ས་གནས་ཀྱིས་ཡིག་རྒྱུགས་བཏང་ནས་གཞི་རིམ་ལས་བྱེད་པ་ས་གནས་ལས་ཁུངས་ཁག་ཏུ་བསྡུ་བའི་བྱེད་སྒོ་ཞིག་སྤེལ། དེ་དུས་ང་རང་གིས་གཞིས་ཀ་རྩེ་ས་གནས་རིག་རྩལ་ལྷན་ཚོགས་ལ་མི་གཅིག་བསྡུ་འཆར་ཡོད་པ་ཤེས་པས། ངས་ཚམ་ཚོམ་མེད་པར་ཐོ་འགོད་བྱས་པ་ཡིན།
གཞིས་ཀ་རྩེ་ས་གནས་རིག་རྩལ་ལྷན་ཚོགས་སུ་སླེབས་པ་དང་། དུས་ཁོམ་བྱུང་རིམ་བཞིན་ངས་དེ་སྔོན་དུས་དེབ་དང་ཚགས་པར། དེ་བཞིན་དཔེ་དེབ་ཐོག་ནས་མཐོང་མྱོང་བའི་གཞིས་ཀ་རྩེའི་རྩོམ་པ་པོ་ཚོར་འབྲེལ་བ་གང་ཐུབ་བྱས་པ་དང་། སྔ་ཕྱིར་ཆོས་འབྲོག་ཉི་མ་དོན་ལགས་དང་མིག་དམར་ཚེ་རིང་། བུ་ཚེ་རིང་རྒན་པ། མདོ་སྡེ་སྐལ་བཟང་དགྲ་འདུལ། གཙང་སྡིངས་དར་རྒྱས། བཀྲ་ཤིས་བུ་ལགས། གངས་གཡག་དཔལ་ལྷུན། གཉལ་བཀྲ་ཤིས་བསྟན་པ། བཀྲ་ཤིས་ཚེ་རིང་། འབྲོག་བུ་ཡོན་ཏན་སོགས་ངོ་ཤེས་ཤིང་། ཁོང་ཚོའི་ངག་ལས་གཞིས་རྩེའི་རྩོམ་རིག་གི་གནས་བབ་ཐར་ཐོར་རེ་གོ་འོངས་ལ། ང་རང་ཆེད་ལས་རྩོམ་རིག་ཡིན་པ་གོ་དུས། ཁོང་རྣམ་པས་ཀྱང་ང་ལ་གཞིས་རྩེའི་མ་འོངས་རྩོམ་རིག་འཕེལ་རྒྱས་སྐོར་གྱི་བསམ་འཆར་རེ་གླེང་བར་བྱེད།
འདས་ཟིན་པའི་ལོ་ཟླ། དྲན་པའི་ནང་གི་གཏམ་རྒྱུད།
རིག་རྩལ་ལྷན་ཚོགས་སུ་སླེབས་རྗེས། ངས་ས་གནས་སུ་ཕྱག་ལས་གནང་བཞིན་པའི་རྩོམ་པ་པོ་དང་རྩོམ་རིག་ལ་དགའ་ཞེན་ཡོད་པ་མང་པོ་ཞིག་ངོ་ཤེས་ཤིང་། དུས་ཁོམ་བྱུང་ཚེ་སྔར་རྒྱུན་བཞིན་ཁོང་རྣམ་པ་ཚོ་དང་ཁ་བརྡ་གླེང་མོལ་རེ་བྱེད་པའི་གོ་སྐབས་འཚོལ་བཞིན་ཡོད་ལ། ཁོང་རྣམ་པ་ཚོའི་ངག་ལས་དུས་རབས་གོང་མའི་ལོ་རབས་བརྒྱད་ཅུ་དགུ་བཅུའི་གཞིས་ཀ་རྩེའི་རྩོམ་རིག་གི་གཟི་འོད་ཚོར་གྱིན་འདུག
བསྒྱུར་བཅོས་སྒོ་དབྱེ་བྱས་ཚུན། བོད་ཁུལ་དུ་ལོ་རབས་བརྒྱད་ཅུ་པའི་ནང་རྩོམ་རིག་བརྩམས་ཆོས་ཆར་རྗེས་ཀྱི་ཤ་མོ་བ?ལ་བ་བཞིན་ཐོན་པ་དང་། རིག་གནས་སྦྱོང་སྤྱོད་སྤེལ་གསུམ་བྱེད་པའི་མཁའ་དབུགས་ཡངས་པོར་གྱུར། གཞིས་རྩེ་དགེ་འོས་སློབ་གྲྭས་སྔ་རྗེས་སུ་བཀྲ་ཤིས་ལྷུན་པོ་དགོན་དང་། ས་གནས་སྲིད་གྲོས་ནས་དགེ་བའི་བཤེས་གཉེན་ཚེ་རིང་?་རྗེ་ལགས་དང་སྔགས་རམས་པ་ཤེས་རབ་ལགས། རྒན་རྟ་དབང་ལགས། བླ་བྱང་ཚེ་ནོར་ལགས་སོགས་གདན་དྲངས་ནས་བོད་ཀྱི་རིག་གནས་ལ་སྦྱོང་སྤྱོད་སྤེལ་གསུམ་བྱས་པ་དང་། གཞིས་རྩེའི་རྩོམ་རིག་བྱ་གཞག་ནང་གསར་རྩོམ་གྱི་མི་སྣ་མང་པོ་ཞིག་གསོ་སྐྱོང་བྱས་ཡོད།
དུས་སྐབས་དེར་རིན་སྤུངས་ནས་ཡིན་པའི་བཀྲ་ཤིས་དཔལ་ལྡན་དང་བསོད་ནམས། བསོད་ནམས་ཚེ་རིང་། ས་སྐྱ་ནས་ཡིན་པའི་ཉི་ཕུན། གཤོངས་པ་?་རྗེ་རྒྱལ་མཚན། སྡིངས་ཆེན་དངོས་གྲུབ། དཔལ་འབྱོར། ཚེ་རིང་དགྲ་འདུལ། གཞིས་ཀ་རྩེ་ས་ཁུལ་དུ་ཚེ་རིང་?་རྗེ་དང་སངས་རྒྱས། སྤེན་པ་ཚེ་རིང་། མགོན་པོ་དངོས་གྲུབ། བསྟན་པ། བླ་གནས་བསོད་ནམས་?་རྗེ། སྦྱིན་པ་བློ་གྲོས། མིག་དམར་ཚེ་རིང་། སྐལ་བཟང་གྲགས་པ། ཟླ་བ་བཟང་པོ། སྨན་རི་?་རྗེ་རྒྱལ་པོ། སྐལ་ལྷུན། དགྲ་འདུལ། དཔལ་མཆོག ཆུང་བདག ངབ་བཅར་ཚེ་དབང་?་རྗེ། དེ་བཞིན་ངམ་རིང་རྫོང་དུ་ཆོས་འབྲོག་ཉི་མ་དོན་ལགས། བཀྲ་ཤིས་བུ་ལགས། དགེ་ཚལ་སྤེན་པ་ཚེ་རིང་། ཚེ་རིང་བཀྲ་ཤིས། ལྷ་རྩེར་ཚེ་རིང་དབྱངས་སྐྱིད། རྒྱལ་རྩེར་འཕྲིན་ལས། ཤ་བོ་མིག་ཚེ། རྣམ་གླིང་དུ་ས་བླ་ཉི་མ་?་རྗེ། མཐོང་སྨོན་དུ་?་བོ་ཆུང་བ། གྲོ་མོར་ལྡིང་གོང་བཟང་པོ། པ་སྣམ་དུ་མིག་ཚེ། དིང་རིར་ཕུར་བུ་ཚེ་རིང་སོགས་རྩོམ་རིག་ལ་དགའ་ཞེན་དང་རྩོམ་འབྲིར་ལག་ལེན་བསྟར་མཁན་ཤིན་ཏུ་མང་པོ་བྱུང་འདུག འོན་ཀྱང་ད་ལྟ་མང་པོ་ཞིག་འགན་བབ་ལས་ཀའི་བྲེལ་ཟིང་སོགས་ཕྱི་ནང་གི་རྒྱུ་རྐྱེན་མང་དག་གིས་རྩོམ་རིག་དང་ཞལ་གྱེས་ཤིང་། མཐའ་འཁྱོང་གནང་མཁན་ཚོའང་དགུང་ལོ་བགྲེས་པོ་ཤ་སྟག་ལ་ཕེབས་འདུག
ལོ་རབས་བརྒྱད་ཅུ་པའི་ལོ་འགོ་ནས་བཟུང་དུས་དེབ་མི་ཉུང་བ་ཞིག་ཀྱང་གསར་དུ་སྤེལ་ཡོད་པ་སྟེ། ལོ་རབས་བརྒྱད་ཅུའི་དུས་འགོར་གཞིས་རྩེ་ས་གནས་ལས་ཞོར་རྩོམ་རིག་གསར་རྩོམ་གྲ་སྒྲིག་ཨུ་ལྷན་ནས་གཉེར་བའི《མཐིང་མདོག་གི་ཁ་བ》ཞེས་པ་ཞིག་གཉེར་མྱོང་། ད་ཡོད་ལག་སོན་བྱུང་བའི1984ལོའི་ཟླ12པར་འདོན་ཐེངས་གཉིས་པ་དཔར་འདུག་པར་བལྟས་ན། ཕལ་ཆེར་ལོ་རེར་དེབ་རེ་དཔར་བ་འདྲ་བས། 1983ལོར་གསར་དུ་བཏོན་པར་སྙམ། དེ་བཞིན1958ལོར་གཞིས་རྩེ་ས་གནས་རིག་གནས་ཅུས་ནས《ཇོ་མོ་གླང་མ》ཞེས་དུས་དེབ་བོད་རྒྱ་ཡིག་གཉིས་གསར་དུ་བཏོན་ཞིང་། རྗེས་སུ་འགལ་རྐྱེན་མི་ཉུང་བ་ཞིག་གི་རྐྱེན་པས་བོད་ཡིག་དེབ་གཉིས་དང་རྒྱ་ཡིག་དེབ་གཅིག་བཏོན་རྗེས་གཉེར་མཚམས་ཆད་ཡོད། 1987ལོར་གཞིས་རྩེ་ས་གནས་ཚགས་པར་ལས་ཁུངས་གསར་དུ་བཙུགས་པ་དང་། རྒན་བསྟན་པ་ལགས་ཀྱིས་གཙོས་རྩོམ་སྒྲིག་པ་རྣམ་པས་གཙོ་བོ་རྫོང་དང་ཤང་ཁག་ཏུ་འཕྲིན་སྤེལ་བ་གསོ་སྐྱོང་གནང་བ་དང་སྦྲགས་རྩོམ་རིག་གསར་རྩོམ་ཐད་སྐུལ་ལྕག་དང་གོ་བསྐོན་བློ་འགུག་གནང་སྟེ་དད་ཞེན་སྐྱེ་རུ་བཅུག་གནང་། རྩོམ་སྒྲིག་པུའུ་ཡིས་ཕྱི་ནང་གི་འགལ་རྐྱེན་སྣ་ཚོགས་བསལ་ནས་བོད་ཡིག་ཚགས་པར་ཐོག《གཙང་ཆབ་སྔོན་མོ》ཞེས་པའི་རྩོམ་རིག་སྒྱུ་རྩལ་ལེ་ཚན་བཀོད་སྒྲིག་བྱས་ཏེ། གཙང་ཁུལ་ཙམ་མ་ཟད་ལྗོངས་ཕྱི་ནང་གི་རྩོམ་རིག་སྒྱུ་རྩལ་ལ་དད་ཞེན་གནང་མཁན་ཚོར་རྩོམ་རྩལ་ངོམ་པའི་དོ་ར་གལ་ཆེན་ཞིག་བསྐྲུན་ཡོད། གཞིས་རྩེ་ས་གནས་དགེ་འོས་སློབ་གྲྭས་ཀྱང1993ལོ་ནས་བཟུང《མར་མེ》ཞེས་པའི་དུས་དེབ་ཅིག་གཉེར་ཞིང་། ད་ཡོད་ལག་སོན་བྱུང་བར1996ལོར་དེབ་གཅིག་ཡོད་པ་དེའི་ཐོག་སྤྱིའི་འདོན་ཐེངས་གསུམ་པར་སླེབས་འདུག་པས། ཕལ་ཆེར་ལོ་དེབ་ཡིན་སྙམ། ཕྱིས་སུ་དུས་དེབ་དེ་འདོན་ཐེངས་ག་ཚོད་གཉེར་མིན་ནི་གསལ་ཆ་མི་འདུག
དུས་སྐབས་དེ་ནི་བོད་ཀྱི་རྩོམ་རིག་འཕེལ་རྒྱས་ཀྱི་ཡང་རྩེ་ལྟ་བུ་ཞིག་ཡིན་ལ། གཞིས་ཀ་རྩེར་མཚོན་ན་དེ་བས་མངོན་གསལ་དོད་པོ་ཡོད་དེ། ལོ་རབས་བརྒྱད་ཅུ་དགུ་བཅུ་པའི་ནང་ཏུ་ཕུལ་དུ་བྱུང་བའི་བརྩམས་ཆོས་ཀྱང་མི་ཉུང་བ་ཞིག་ཐོན་ཡོད། ཉི་ཕུན་གྱི《བུ་ཚེ་རིང་ལ་གཤིན་པོའི་འདས་མཆོད་ཐེངས་གསུམ་བྱས་པ》དང་བསྟན་པའི《འཇུར་རྟ་སྤེན་ཚེ》 བླ་གནས་བསོད་?ར་གྱི《ཁུ་བྱུག་ལེགས་བཤད》ཆོས་འབྲོག་ཉི་མ་དོན་ལགས་ཀྱི《ཟླ་འོད་འོག་གི་དྲན་སེམས》 མགོན་པོ་དངོས་གྲུབ་ཀྱི《སྤོ་བོ་བློ་འཁྲུལ་དང་། ཁྱི་དང་ཞི་མིའི་གཏམ་རྒྱུད》 སྡིངས་ཆེན་དངོས་གྲུབ་ཀྱི《མིང་མེད་ཀྱི་མིང་ངོ་མ་དེ་གང་ཡིན》《གཏན་གྲོགས》 མིག་དམར་ཚེ་རིང་གི(སྨྱུག་མིང་ཚེ་དགའ)《སྨག་རུམ་སེལ་བའི་སྐྱ་རེངས》སོགས་མང་པོ་ཞིག་བྱུང་ཡོད། དེའང《བུ་ཚེ་རིང་ལ་གཤིན་པོའི་འདས་མཆོད་ཐེངས་གསུམ་བྱས་པ》ཞེས་པ་དེ་བཏོན་པ་ནས་བཟུང་། ཀློག་པ་པོའི་ཁྲོད་བག་ཆགས་བཟང་པོ་བྱུང་ཞིང་། གོ་ཐོས་ལ་བཀྲ་ཤིས་ལྷུན་པོའི་དགེ་བཤེས་ཤིག་གིས་རྩོམ་དེ་གཟིགས་རྗེས་ས་སྐྱར་བཞུགས་པའི་ཉི་ཕུན་ལགས་སུ་ཀུ་རེའི་ཚུལ་གྱིས། བུ་ཚེ་རིང་ལ་གཤིན་པོའི་འདས་མཆོད་ཐེངས་བཞི་པ་དེ་བྱེད་དུས། ངེས་པར་དུ་ང་ལ་སྐད་གཏོང་རོགས། ང་ཞབས་བརྟན་ལ་ཡོང་གི་ཡིན་ཞེས་སྐད་ཅིག་ཀྱང་བསྐུར་ཡོད་པ་དེས་རྩོམ་དེའི་ཤུགས་རྐྱེན་མཐོང་ཐུབ། ད་དུང《སྨག་རུམ་སེལ་བའི་སྐྱ་རེངས》དང《འཇུར་རྟ་སྤེན་ཚེ》སོགས་ལྗོངས་ཞིང་ཆེན་ལྔའི་དམའ་འབྲིང་བོད་ཡིག་བསླབ་གཞིར་བཀོད་སྒྲིག་བྱས་ཡོད། གཞན་ཡང་བསྟན་པ་ལགས་ཀྱིས《འཇུར་རྟ་སྤེན་ཚེ》ཞེས་པ་དེ་བྲིས་ནས་ལྗོངས་ཡོངས་སུ་བག་ཆགས་ཟབ་མོ་བྱུང་རྗེས་མུ་མཐུད་འབྲི་མི་གནང་བ་དེའང་བློ་ཕངས་པོ་ཞིག་རེད། ཅེས་ཆོས་འབྲོག་ཉི་མ་དོན་ལགས་ཀྱིས་གསུངས།
ཕྱིས་སུའང་གཞིས་ཀ་རྩེ་ནས་ཡིན་ལ་ལྗོངས་ཕྱི་ནང་དུ་སྙན་པའི་གྲགས་པ་འབར་བའི་རྩོམ་པ་པོ་ཕུན་ཚོགས་བཀྲ་ཤིས་དང་བཀྲ་ཤིས་དཔལ་ལྡན། ཉི་མ་ཕན་ཐོགས། ཚེ་རིང་དབྱངས་སྐྱིད། ཉི་མ་དོན་གྲུབ། བསོད་ནམས་སོགས་མང་དག་ཅིག་བྱུང་ཡོད་པ་དེ་དག་ཀྱང་ཕ་ཡུལ་གཞིས་ཀ་རྩེའི་རྩོམ་རིག་གི་མཁའ་དབུགས་དང་གནས་དེའི་བྱིན་རླབས་ལས་བྱུང་བ་ཡིན་ཤས་ཆེ།
གཞིས་ཀ་རྩེ་འདི་ཉིད་གནའ་སྔ་མོ་ནས་བོད་ཀྱི་རྩོམ་རིག་རིག་གཞུང་ཐད་བྱས་རྗེས་བཞག་མྱོང་བའི་ས་ཆ་གལ་ཆེན་ཞིག་ཡིན་ཞིང་། ལྷག་པར་དུ་བོད་སིལ་བུའི་དུས་སྐབས་དང་ས་སྐྱ་པའི་དུས་སྐབས་སུ་མཁས་པའི་དབང་པོ་བགྲང་ལས་འདས་པ་བྱོན་ཞིང་། བྱིན་གྱིས་བརླབས་མྱོང་བ་ཡིན་པས། ལོ་རབས་བརྒྱད་ཅུ་དགུ་བཅུའི་ནང་བྱུང་བའི་རྩོམ་རིག་འཕེལ་རྒྱས་ཀྱི་གཟི་འོད་ཀྱང་ངོམ་དུ་ཆོག་པ་བྱུང་ཡོད། དེ་བས་དུས་བབ་དེའི་ནང་རྩོམ་རིག་ལ་དགའ་ཞེན་ཡོད་པ་ཕུད་པའི་མི་མང་པོ་ཞིག་གིས་དུས་དེབ་མངགས་ཉོ་བྱེད་ཅིང་། ཕར་གཡར་ཚུར་གཡར་བྱེད་པའི་རྣམ་པ་ནི་ཧ་ཅང་འཁྲུག་པོ་ཡོད།
སྤྱི་ལོ2000ལོར་གཞིས་རྩེ་ས་གནས་དགེ་འོས་སློབ་གྲྭ་དེ་འབྲིང་རིམ་ཆེད་ལས་ལག་རྩལ་སློབ་གྲྭར་བསྒྱུར་ཞིང་། སྔར་ཡོད་བོད་ཁྱོན་ཡོངས་ལ་གྲགས་པ་འབར་བའི་དགེ་བའི་བཤེས་གཉེན་གསོ་སྐྱོང་བྱ་བའི་ལས་མཚམས་ཆད། གདན་ཞུའི་དགེ་རྒན་དྲིན་ཆེན་ཚོའང་བཀྲ་ཤིས་ལྷུན་པོ་དང་སྲིད་གྲོས་སུ་ཕྱིར་ལོག་གནང་བ་དང་། ལས་འཁྱུར་ངལ་གསོར་བཞུགས་པ། ཆེད་ལས་དགེ་རྒན་མི་ཉུང་བ་ཞིག་བོད་ལྗོངས་སློབ་ཆེན་དང་ལྷ་ས་དགེ་འོས་སློབ་གྲྭ་སོགས་སུ་ལས་སྒྱུར་གནང་བ་དང་། ཡང་སྒོས་སུ་རྩོམ་རིག་གསར་རྩོམ་གྱི་གཙོ་ཤུགས་དམག་གི་ནུས་པ་འདོན་མཁན་དགེ་རྒན་རྣམས་ལ་རང་འགན་སློབ་གསོ་སློབ་ཁྲིད་ལས་ཀར་བློ་རྩེ་གཅིག་སྒྲིམ་དེ་ཙམ་མ་ཡིན་པར་ལྟོ་ནང་དུ་ཟོས་ཀྱང་སྒོ་ང་ཕྱི་རུ་གཏོང་ཚུལ་གྱི་ཞྭ་མོ་ཆེན་པོ་ཞིག་ཀྱང་ཉེ་བར་འཁོར་བ་དེས། གཞིས་ཀ་རྩེའི་རྩོམ་རིག་གསར་རྩོམ་གྱི་དཔུང་ཁག་སྟོབས་ཆེར་འགྲོ་མ་ཐུབ་པར། རིམ་པས་སྐྱ་ཟད་སྔོ་རྡུགས་ལྟ་བུའི་རྣམ་པ་མངོན་ལ། རྩོམ་རིག་འཕེལ་རྒྱས་ཀྱི་གོམ་སྟབས་ཀྱང་རུས་སྦལ་གྱི་གོམ་བགྲོད་ལྟ་བུར་གནས།
ཉིན་དེར། ངས་སྦངས་ཇ་འཐུང་གིན། གཞིས་རྩེའི་ཉི་འོད་འོག ཆོས་འབྲོག་ཉི་མ་དོན་ལགས་དང་མིག་དམར་ཚེ་རིང་ལགས་ནས་གསུངས་པའི་གཞིས་རྩེའི་ལོ་རབས་བརྒྱད་ཅུ་དགུ་བཅུའི་གནས་ཚུལ་ལ་ཉན་བཞིན་བསྡད། ཚང་རྩིས་བརྒྱབ་ན་ལོ་སུམ་ཅུ་ལྷག་འདས་ཟིན་ཞིང་། སྔོན་ཆད་གཞོན་པའི་དུས་སུ་སྐྲ་ལོ་རིང་པོ་འཇོག་ལ། གོས་ཐུང་དུང་ཆེན་ཁ་གྱོན་ནས་རྩོམ་རིག་ལ་ཤི་འཐམ་རོ་འཐམ་གནང་མཁན་ཁོང་གཉིས་ཀྱང་ལས་འཁྱུར་ངལ་གསོ་གནང་ནས་བཞུགས་ཡོད་ཅིང་། གཉིས་ཀའི་ཡ་ཁུང་དཀར་པོར་གྱུར་ཞིང་། དབུ་སྐྲ་སྐྱ་སིང་ངེ་བ། དཔྲལ་བར་གཉེར་མའི་གྲོག་ཤུར་འཁྲིགས་དུས། ལོ་ཟླ་ནི་སྙིང་རྗེ་མེད་པའི་ཤན་པ་ཞིག་དང་མཚུངས་ཨང་སྙམ་བྱུང་།
བརྗེད་མི་སྲིད་པ་དེ་གོ་སྐབས་དམ་འཛིན་དང་འབད་འབུངས་ཡིན།
དེའང་ཐོག་མར《ཇོ་མོ་གླང་མ》དུས་དེབ་བསྐྱར་དུ་བཏོན་པའི་བྱ་བ་ནས་གླེང་དགོས་ཏེ། ལོ་རབས་བརྒྱད་ཅུའི་ནང《ཇོ་མོ་གླང་མས》མཐའ་ཡས་རིག་པའི་སྒོ་འབྱེད་ལྡེ་མིག་དང་། །ཀུན་དགའ་སྐྱེད་པའི་བྱེད་པོ་ང་ཡིན་ཞེས། །བོད་ལྗོངས་རྩོམ་རིག་སྒྱུ་རྩལ་སྙེམས་མི་འཚལ། །བལྟ་དེབ་འདི་ཡང་ཁྱོད་ཀྱི་དཔེ་ཟླར་འོས། །ཞེས་བློ་སྤོབས་དང་བཅས་གདམས་ཤིང་། བུ་སྐྱེས་ནས་མིང་མ་བཏགས་གོང་འགལ་རྐྱེན་དབང་གིས་བོད་ཡིག་དེབ་གཉིས་དང་རྒྱ་ཡིག་དེབ་གཅིག་བཏོན་རྗེས་ལྟག་ཆུ་ཆད་པ་བཞིན་མཚམས་ཆད།
ང་རང་གཞིས་ཀ་རྩེ་རིག་རྩལ་ལྷན་ཚོགས་སུ་སླེབས་རྗེས། སྐབས་ཤིག་རིང་ཡིག་ཆ་ལེགས་སྒྲིག་གི་ལས་ཀ་བྱས་པས། 《ཇོ་མོ་གླང་མའི》སྐོར་གྱི་ཡིག་ཆ་མི་ཉུང་བ་ཞིག་མཐོང་བྱུང་། ཞིབ་པར་ལྟ་དུས། དེ་ནི2005ལོའི་ཟླ4པའི་ཚེས20ཉིན་གཞིས་རྩེ་ས་གནས་རིག་རྩལ་ལྷན་ཚོགས་ནས་གཞིས་རྩེ་ས་ཨུད་དྲིལ་བསྒྲགས་པུའུ་ཡིག་ཆའི་མིང་ཐོག་ནས་གཞིས་ཀ་རྩེ་ས་གནས་ཨུ་ཡོན་ལྷན་ཁང་ལ་ཕུལ་བའི《ཇོ་མོ་གླང་མ》བསྐྱར་སྤེལ་གྱི་སྙན་ཞུ་ཞིག་དང་། 2006ལོའི་ཟླ4པའི་ཚེས25ཉིན་གཞིས་ཀ་རྩེ་རིག་རྩལ་ལྷན་ཚོགས་ནས་རང་སྐྱོང་ལྗོངས་གསར་འགྱུར་དཔེ་སྐྲུན་ཅུད་ལ་རྒྱུན་མཐུད་རང་བཞིན་གྱི་ནང་ཁུལ་འགྲེམ་སྤེལ་དེབ་རྟགས་དགོས་པའི་སྙན་ཞུ་ཞིག་ཡོད་པ་མཐོང་བས། ངའི་སེམས་ནང་དུ་གཞིས་རྩེའི་རྩོམ་པ་པོ་དང་རྩོམ་རིག་ལ་དགའ་བ་མང་པོ་ཞིག་གིས་གཞིས་རྩེ་རིག་རྩལ་ལྷན་ཚོགས་ཀྱིས་རྩོམ་རིག་ལ་ཁ་ཡ་བྱེད་ཀྱི་མི་འདུག པར་རིས་དང་གཞས་ཞབས་བྲོ་ཁོ་ནར་མགོ་འཁོར་ནས་སྡོད་ཀྱི་འདུག་ཅེས་བརྟག་དཔྱད་མེད་པའི་སྐད་ཆ་དེ་ཐལ་འདུག་སྙམ་པའི་ཚོར་སྣང་ཞིག་བྱུང་། སྐབས་དེ་དུས་གཞིས་ཀ་རྩེ་རིག་རྩལ་ལྷན་ཚོགས་ཀྱི་འགན་འཛིན་པ་བཀྲ་ཤིས་དོན་གྲུབ་ལགས་དང་ལྷག་པ་ཚེ་རིང་ལགས་གཉིས་ནས2005ལོའི་ཟླ4པའི་ཚེས10ཉིན་རྩོམ་བསྡུའི་གསལ་བརྡ་ཞིག་བཏང་འདུག་ལ། གལ་ཆེའི་རྩོམ་པ་པོ་མི་ཉི་ཤུར་རྩོམ་ཡིག་འབྲི་རྒྱུའི་ཁ་ཆད་གནང་བའི་མིང་ཐོའང་འདུག དེ་བས2005ལོའི་ཟླ12པའི་ཚེས23ཉིན་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོ་མཆོག་ནས"ཇོ་མོ་གླང་མ"ཞེས་པའི་དུས་དེབ་ཀྱི་མཚན་བྱང་ཞིག་ཀྱང་གནང་འདུག་ལ། བོད་ཀྱི་རིག་གཞུང་མཁས་དབང་ཆབ་སྤེལ་ཚེ་བརྟན་ཕུན་ཚོགས་ལགས་ནས་ཀྱང་ཤིས་ཚིག་ཅིག་གནང་འདུག འོན་ཀྱང་འགལ་རྐྱེན་གང་རུང་དབང་གིས། བྱ་བ་དེ་ལམ་ལྷོངས་བྱུང་མི་འདུག
2009ལོར་སྐབས་དེའི་སྟོང་སྐུད་དྲ་བའི་རྩོམ་རིག་ཚོགས་པའི་ཁོངས་མི་འབྲོག་བུ་ཡོན་ཏན་དང་། འདྲུ་བཀྲ་ཤིས་རྒྱལ་གཉིས་ཀྱིས་གཙོ་བྱས་ཏེ། 《ཇོ་མོ་གླང་མ》དུས་དེབ་འདོན་འགོ་ཚུགས་ཤིང་། འགྲོ་གྲོན་འཚོལ་བ་དང་། རྩོམ་ཡིག་འབྲི་མཁན་རྣམས་སྐུལ་སློང་བྱས་ཏེ2013ལོ་བར་དཀའ་ངལ་ཁྱད་དུ་བསད་ནས་ཁྱོན་དུས་དེབ་གསུམ་བཏོན་རྗེས། གཅིག་ནས་མ་དངུལ་གྱི་དཀའ་ངལ་འཕྲད་པ་དང་། གཉིས་ནས་རྩོམ་ཡོན་སྤྲོད་རྒྱུ་མེད་པས་རྩོམ་ཁུངས་དཀོན་པ། གསུམ་ནས་དུས་དེབ་དེ་ལས་ཁུངས་ཤིག་གི་ཁྱབ་ཁོངས་ལས་ཀ་མིན་པར་རྩོམ་རིག་ལ་དགའ་བ་ཁག་ཅིག་གིས་གཉེར་བ་ཡིན་པས་གང་ཅིར་དཀའ་ཁག་ཕྲད་དེ་མཚམས་འཇོག་བྱེད་དགོས་བྱུང་།
2014ལོ་ང་ཚོས་བརྗེད་མི་སྲིད། ལོ་དེའི་ཟླ10པའི་ཚེས14ཉིན་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་པེ་ཅིན་དུ་རྒྱལ་ཡོངས་ཀྱི་རིག་རྩལ་བཞུགས་མོལ་ཚོགས་འདུ་འཚོགས་པ་དང་། རྒྱལ་ཡོངས་ཁྱོན་ལ་རིག་རྩལ་འཕེལ་རྒྱས་ཀྱི་ཚ་རླབས་གསར་པ་ཞིག་འཕྱུར། ལོ་མཇུག་ཏུ་གཞིས་ཀ་རྩེ་རིག་རྩལ་ལྷན་ཚོགས་ནས་ཀྱང་དགོངས་དོན་སློབ་སྦྱོང་གི་ཚོགས་འདུ་ཞིག་འཚོགས་པའི་ཐོག་དྲིལ་བསྒྲགས་པུའི་པུའུ་ཀྲང་རུང་ཤིན་ལུང་ཕེབས་པ་དང་། སླད་ཕྱིན་རིག་རྩལ་ལས་དོན་ལ་རྒྱབ་སྐྱོར་མཐའ་གཅིག་ཏུ་གནང་རྒྱུའི་ཞལ་བཞེས་གནང་། སྐབས་དེར་རྩོམ་རིག་ལ་དགའ་ཞེན་གནང་མཁན་གྱི་རྒན་དར་གཞོན་གསུམ་ཚང་མས《ཇོ་མོ་གླང་མ》དེ་སླར་གསོ་ཡོང་བའི་རེ་བ་ཆེན་པོ་བཅངས། ལོ་དེར་ངས་ཀྱང་རང་ཉིད་རིག་རྩལ་ལྷན་ཚོགས་ཀྱི་ལས་ཀ་བྱེད་མཁན་ཞིག་དང་རྩོམ་རིག་ལ་དགའ་ཞེན་ཡོད་མཁན་ཞིག་ཡིན་པའི་ངོས་ནས། དུས་དེབ་སླར་གསོའི་སྐོར་ལ་ས་གནས་གཞན་པའི་རིག་རྩལ་ལྷན་ཚོགས་ནས་གཉེར་བའི་དུས་དེབ་རྩོམ་སྒྲིག་ཁང་ལ་བཀའ་འདྲི་ཞུ་བ་དང་། སྙན་ཞུའི་ཡིག་ཆ་གྲ་སྒྲིག་བྱེད་པ། དུས་དེབ་གཉེར་ཕྱོགས་སྐོར་ལ་བསམ་གཞིགས་ཡང་ཡང་བྱས་ཏེ《ཇོ་མོ་གླང་མ》དུས་དེབ་སླར་གསོའི་གྲ་སྒྲིག་གྲུབ་པར་བྱས།
2014ལོའི་ལོ་མཇུག་ཏུ་གཞིས་ཀ་རྩེ་ས་གནས་དེ་གཞིས་ཀ་རྩེ་གྲོང་ཁྱེར་དུ་མིང་བསྒྱུར་བྱས་ཤིང་། རིང་པོ་མ་སོང་བར་གྲོང་ཁྱེར་གྱི་ཏང་གི་འཐུས་ཚོགས་དང་མི་དམངས་འཐུས་ཚོགས། སྲིད་གྲོས་ཨུ་ཡོན་ཚོགས་འདུ་རིམ་པར་འཚོགས། གྲོང་ཁྱེར་ཏང་གི་འཐུས་ཚོགས་ཐོག་གྲོང་ཁྱེར་ཚགས་པར་ཁང་གི་འགོ་འཛིན་རྒན་མིག་དམར་ཚེ་རིང་ལགས་ནས《ཇོ་མོ་གླང་མ》དུས་དེབ་སླར་གསོའི་གྲོས་འགོ་བཏོན་གནང་བ་དང་། སྲིད་གྲོས་ཚོགས་འདུའི་ཐོག་ས་བླ་ཉི་མ་?་རྗེ་ལགས་ནས《ཇོ་མོ་གླང་མ》དུས་དེབ་སླར་གསོའི་གྲོས་འགོ་བཏོན་ཞིང་། དེ་ནི་ཤིན་ཏུ་དཀོན་པའི་གོ་སྐབས་ལེགས་པོ་ཞིག་ཡིན་ཏེ། འཐུས་མི་དང་ཨུ་ཡོན་གྱི་གྲོས་འགོ་དེ་དག་ངེས་པར་དུ་འབྲེལ་ཡོད་ཚན་པས་ཐག་གཅོད་དོན་འཁྱོལ་བྱེད་དགོས་པས། ང་ཚོ་རིག་རྩལ་ལྷན་ཚོགས་ནས2015ལོའི་ཟླ3པའི་ཚེས15ཉིན་འཕྲལ་མར་གྲོང་ཨུད་ལ་སྙན་ཞུ་ཕུལ་བས། 2015ལོའི་ཟླ4པའི་ཚེས10ཉིན་ཆོག་མཆན་ཐོབ། 2015ལོའི་ཟླ7པའི་ཚེས་2ཉིན་གྲོང་ཁྱེར་ནོར་སྲིད་ཅུས་ནས་དུས་དེབ་གཉེར་བའི་མ་དངུལ་དེ་ལོ་རེའི་སྔོན་རྩིས་ནང་བཅུག 2015ལོའི་ཟླ་11པའི་ཚེས་10ཉིན་རང་སྐྱོང་ལྗོངས་གསར་འགྱུར་དཔེ་སྐྲུན་བརྙན་འཕྲིན་གློག་འཕྲིན་ཅུས་ནས་དཔར་སྐྲུན་ཆོག་མཆན་ཐོབ། ལོ་རེར་དེབ་གཉིས་རེ་བྱས་ཏེ་དཔར་བཞིན་ཡོད་ཅིང་། དུས་དེབ་ལེ་ཚན་ཐད་རྒྱུན་གཏན་རང་བཞིན་གྱི་ནང་དོན་ཕུད་སྔ་ཕྱིར་གཞིས་རྩེའི་རྩོམ་པ་པོའི་བརྩམས་ཆོས་ཆེད་སྒྲིག་དང་གཞིས་རྩེའི་བུད་མེད་རྩོམ་པ་པོའི་བརྩམས་ཆོས་ཆེད་སྒྲིག དེ་བཞིན་སློབ་མའི་སྦྱངས་རྩོམ་ཆེད་སྒྲིག་སོགས་བཀོད་ནས་རྩོམ་རིག་ལ་དགའ་ཞེན་ཡོད་པ་གསོ་སྐྱོང་བྱ་རྒྱུ་དེ་དམིགས་ཡུལ་གལ་ཆེན་ཞིག་ཏུ་བཟུང་ནས་གཉེར་བཞིན་ཡོད།
2011ལོར་ན་གཞོན་རྩོམ་པ་པོ་གཙང་སྡིངས་དར་རྒྱས་དང་སྐལ་བཟང་དགྲ་འདུལ་སོགས་ནས"ཇོ་རིའི་སྨྱུག་ཚོགས"གཉེར་འགོ་ཚུགས་ཤིང་། 2011ལོའི་ཟླ1པོར་སྐབས་དང་པོ་དང་2012ལོའི་ཟླ་2པར་སྐབས་གཉིས་པ་སྤེལ་རྗེས་འགལ་རྐྱེན་མང་པོའི་དབང་གིས་གཉེར་མཚམས་ཆད། 2015ལོར་རིག་རྩལ་ལྷན་ཚོགས་ནས"ཇོ་རིའི་སྨྱུག་ཚོགས"སླར་གསོ་བྱས་ཏེ་ལོ་རེར་ཐེངས་རེ་གཉེར་ཞིང་། ཚོགས་ཐོག་ཏུ་ལོ་དེའི་རྩོམ་རིག་གྲུབ་འབྲས་ལ་ཕྱོགས་སྡོམ་དང་ལོ་ཕྱི་མའི་འཆར་གཞིར་གྲོས་སྡུར་བྱེད་པ། བྱེ་བྲག་ཏུ་ལོ་དེའི་ནང་གསར་དུ་དཔར་སྐྲུན་འགྲེམ་སྤེལ་དང་དུས་དེབ་ཐོག་འཁོད་པའི་བག་ཆགས་ཆེ་བའི་རྩོམ་ཡིག་ལ་དབྱེ་ཞིབ་བྱེད་པ། ལྗོངས་ཕྱི་ནང་གི་རྩོམ་པ་པོ་གྲགས་ཅན་གདན་དྲངས་ནས་འཆད་ཁྲིད་གནང་བ་སོགས་ནང་དོན་ཕུན་སུམ་ཚོགས་པོའི་སྒོ་ནས་གཉེར་བཞིན་ཡོད།
2014ལོར་ཀྲུང་དབྱང་དྲིལ་བསྒྲགས་པུའུ་ནས"ཀྲུང་གོའི་ཕུགས་འདུན"བརྗོད་བྱར་བྱས་པའི་རིག་རྩལ་གསར་རྩོམ་བྱེད་སྒོ་སྤེལ་དགོས་པའི་གལ་ཆེའི་ཡིག་ཆ་གསལ་བསྒྲགས་གནང་བ་དང་། རང་སྐྱོང་ལྗོངས་ནས་ཀྱང་དེ་འབྲེལ་གྱི་ཡིག་ཆ་བཏང་ཞིང་། འབྲེལ་ཡོད་ཏང་སྲིད་ཚན་པས་དེ་དོན་ལ་མ་དངུལ་སོགས་གང་ཅིར་རྒྱབ་སྐྱོར་བྱེད་དགོས་པའི་བླང་བྱ་གནང་བས། གཞིས་རྩེ་གྲོང་ཁྱེར་རིག་རྩལ་ལྷན་ཚོགས་ནས་དེ་འབྲེལ་གྱི་མ་དངུལ་སྙན་ཞུ་ཕུལ་བར་མཐོང་ཆེན་གནང་སྟེ། གསར་རྩོམ་མ་དངུལ་སྒོར་ཁྲི50ཡི་ཆོག་མཆན་ཐོབ། མ་དངུལ་དེ་བེད་སྤྱོད་ཡག་པོ་གཏོང་ཆེད། ང་ཚོས་གཅིག་ནས་རྩོམ་པ་པོ་རྣམས་ལ་གསར་རྩོམ་གྱི་བྱེད་སྒོ་སྤེལ་བ་དང་གཉིས་ནས་ལོ་རབས་བརྒྱད་ཅུ་ནས་ད་བར་གྱི་ཕུལ་བྱུང་རྩོམ་རིག་ལེགས་སྒྲིག་བྱེད་འགོ་ཚུགས། དུས་ཡུན་ལོ་གསུམ་དཀའ་བ་སྤྱད་པ་བརྒྱུད། 2016ལོའི་ཟླ11པར་ཇོ་མོ་གླང་མའི་རྩོམ་རིག་དཔེ་ཚོགས་དེབ་ལྔ་ཡི་བདག་ཉིད་ཅན་དེ་དངོས་སུ་པར་སྐྲུན་འགྲེམ་སྤེལ་བྱེད་ཐུབ་པ་བྱུང་ལ། ལོ་ངོ30ལྷག་གི་གཞིས་རྩེའི་རྩོམ་རིག་ལ་ཕྱོགས་སྡོམ་ཞིག་ཀྱང་བྱེད་ཐུབ་པ་བྱུང་།
2016ལོར་གྲོང་ཁྱེར་རིག་རྩལ་ལྷན་ཚོགས་ནས་སྙན་ཞུ་ཕུལ་བ་བཞིན། གྲོང་ཨུད་དང་གྲོང་ཁྱེར་མི་དམངས་སྲིད་གཞུང་ནས་གཞིས་ཀ་རྩེ་གྲོང་ཁྱེར་གྱི་ཡར་ཆབ་གཙང་པོའི་རྩོམ་རིག་སྒྱུ་རྩལ་བྱ་དགའི་ཡིག་ཆར་ཆོག་མཆན་གནང་བས་གྲོང་ཁྱེར་ཡོངས་ཀྱི་རིག་རྩལ་ལས་དོན་པ་རྣམས་ལ་སྐུལ་ལྕག་ཤུགས་ཆེན་ཐེབས། དེ་བཞིན་དུ་བོད་ལྗོངས་རྩོམ་པ་པོ་མཐུན་ཚོགས་ནས་སྔ་ཕྱིར་ལུའུ་ཤུན་རྩོམ་རིག་སློབ་གླིང་དང་ཧྲན་ཏུན་ཞིང་ཆེན་རྩོམ་པ་པོ་མཐུན་ཚོགས་ཀྱིས་གཉེར་བའི་རྩོམ་རིག་སློབ་སྦྱོང་གི་མཐོ་རིམ་འཛིན་གྲྭ། བོད་ལྗོངས་རྩོམ་པ་པོ་མཐུན་ཚོགས་ཀྱི་ལོ་རེའི་སྨྱུག་ཚོགས་སོགས་ཟབ་སྦྱོང་འཛིན་གྲྭ་ཁག་ཏུ་མི60ལྷག་སློབ་སྦྱོང་ལ་མངགས་པ་དེས་གཞིས་རྩེའི་རྩོམ་རིག་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན་ཐེབས་ཡོད་ལ། རྩོམ་རིག་བརྩམས་ཆོས་ལའང་བརྩམས་སྒྲུང་རིང་གྲས《ཇག་པ་གཡང་སྐྱབས་དང་སྲས་མོ་མེ་ཏོག་ལྷ་མཛེས》དང《ཆུ་མིག་དགུ་སྒྲིལ》《འདས་པའི་ལོ་ཟླ》《ལོ་ཟླའི་རི་མོ》བརྩམས་སྒྲུང་ཐུང་འབྲིང་གྲས་ཕྱོགས་སྒྲིག《གྲོང་ཚོའི་གཏམ་རྒྱུད》དང《རི་གྲོང་གི་གཏམ་རྒྱུད》《གྲོང་ཁྱེར་གྱི་ཕྱི་ནང》《གཟུགས་འགྱུར་བའི་སྒོ་ང》《རྩྭ་ཐང་གི་བུ་མོ་དང་རྩྭ་ཐང་གི་གཏམ་རྒྱུད》ལྷུག་རྩོམ་དང་སྙན་ངག་ཕྱོགས་སྒྲིག《མེ་ཏོག་ལྟ་བུའི་ནམ་ཟླ》དང《ཨ་མའི་ཐགས་ཁྲི》《ལང་ཚོའི་གོམ་སྒྲ》《དགོན་འདབས་ཀྱི་སྤོས་དྲི》《རྐང་གླིང་གི་འགྱུར་ཁུགས》《བཅའ་སྡོད་གྲོང་ཚོ་ལ་བཅངས་པའི་བརྩེ་སེམས》བསྒྱུར་རྩོམ《ཁྱིམ་གཞིས》དང《ངག་རྒྱུན》སོགས་མང་པོ་ཞིག་པར་སྐྲུན་འགྲེམ་སྤེལ་བྱས་ཡོད། དེ་དག་ལས་བརྩམས་ཆོས་མི་ཉུང་བ་ཞིག་གི་གསར་རྩོམ་དང་དཔེ་སྐྲུན་འགྲེམ་སྤེལ་ཐད་ཀྲུང་གོའི་རྩོམ་པ་པོ་མཐུན་ཚོགས་ཀྱི་གྲངས་ཉུང་མི་རིགས་རྩོམ་རིག་གསར་རྩོམ་གྱི་གཙོ་གནད་ལས་གཞི་དང་། རང་སྐྱོང་ལྗོངས་ཀྱི་རིག་རྩལ་རོགས་སྐྱོར་རྣམ་གྲངས་བཅས་སུ་ཚུད་ཡོད།
རྒྱང་རིང་གི་ལམ་བུ།
ད་བར་གྱི་གཞིས་ཀ་རྩེའི་རྩོམ་རིག་ལ་འཐོབ་བཞིན་པའི་གྲུབ་འབྲས་འདི་དག་ནི་ཀུན་གྱིས་ཕྱར་བ་གྲུ་འདེགས་བྱས་པ་ལས་བྱུང་ཞིང་། དེ་ནི་གོ་སྐབས་དམ་འཛིན་དང་རྩོམ་རིག་ལ་འཛིན་པའི་དགའ་ཞེན་ལས་བྱུང་བ་ཞིག་ཡིན། ང་རང་གི་ཚོར་སྣང་ལ་གཞིས་ཀ་རྩེ་ཞེས་པའི་ས་རྒྱ་ཆེན་པོ་འདིའི་ཐོག་ཞིང་པ་དང་འབྲོག་པ། རོང་པ་བཅས་འཚོ་ཞིང་ཡོད་ཅིང་། སོ་ནམ་རིག་གནས་དང་། བྱང་ཐང་འབྲོག་ལས་རིག་གནས། ནགས་ཁུལ་རིག་གནས་ཕུན་སུམ་ཚོགས་པོ་འདི་དག་གིས་རྩོམ་རིག་ལ་དགོས་ངེས་ཀྱི་རྒྱུ་ཆ་མཁོ་འདོན་བྱེད་བཞིན་ཡོད་མོད། གཞིས་ཀ་རྩེར་ལྟོས་བཅས་ཀྱིས་བརྩམས་སྒྲུང་འབྲི་མཁན་ཅུང་མང་ཞིང་། ལྷུག་རྩོམ་དང་སྙན་རྩོམ། འཁྲབ་གཞུང་གསར་རྩོམ་ཐད་ནས་མི་གྲངས་ཉུང་ཉུང་ཡིན་འདུག་ལ། ཁྱབ་ཁོངས་ཐད་ནས་རྒྱ་ཡིག་གིས་འབྲི་མཁན་ཉུང་ཉུང་དང་བོད་ཡིག་འབྲི་མཁན་མང་པོ་ཡོད། ཕྱིར་མིག་ཅིག་བལྟས་ན་གྲུབ་འབྲས་ངེས་ཅན་ཞིག་ཐོབ་ཡོད་མོད། རྩོམ་པ་པོ་རྣམ་པའི་ལྟ་ཀློག་གི་ཁྱབ་ཁོངས་ཤིན་ཏུ་ཆུང་ཆུང་ཡིན་ཞིང་། ཕྱིའི་འཇིག་རྟེན་ལ་མིག་དབང་ཕྱོགས་པའི་བསམ་བློ་ཞན་པས། རྩོམ་རིག་གི་འཕེལ་རྒྱས་ཐད་ནས་གོམ་མཆོང་རྒྱག་ཐབས་བྲལ་ཞིང་རུས་སྦལ་འགྲོས་ལ་འགྲན་པ་ལྟར་སྣང་། རྩོམ་རིག་ལ་དགའ་ཞེན་ཡོད་པ་ཀུན་པོས་རྒྱལ་ཕྱི་རྒྱལ་ནང་གི་གྲགས་རྩོམ་ལ་སློབ་སྦྱོང་བྱེད་པའི་འདུ་ཤེས་ཞན་པ་དང་། གསར་རྩོམ་ཐད་ནས་ཐོད་རྒལ་གྱི་བློ་སྤོབས་ཞན་པ། འཚོ་བའི་ཟབ་འཇུག་ཉུང་ཞིང་ཉམས་མྱོང་ལ་བློ་གཏད་བཅོལ་དྲགས་པ་སོགས་ཀྱི་དཀའ་ཁག་འཕྲད་བཞིན་མཆིས།
མདོར་ན་རྒྱང་རིང་ལ་གཟིགས་པར་ཞུ། འཚོ་བའི་ངོ་མཚར་ནི་བློས་དཔོག་པར་དཀའ་བས། རྩོམ་རིག་གི་བློས་བསླངས་ནི་ཡིད་དབང་འགུག་པ་དང་བློ་ཡུལ་ལས་འདས་པ་ཞིག་དགོས་ཨང་། མདོར་ན་དཔེ་དེབ་ལ་གཟིགས་པར་ཞུ། ཕྱིའི་འཇིག་རྟེན་གྱི་འཚོལ་ཞིབ་ལ་མཐའ་མེད་པས། རྩོམ་རིག་གི་འཇིག་རྟེན་ནི་མིག་གིས་མཐོང་མྱོང་མེད་ཀྱང་སྣང་བར་ཡོད་ཡོད་འདྲ་བ་ཞིག་དགོས་ཨང་། དེ་བས་འགྲོ་བ་མིའི་སེམས་གཏིང་གི་བྱམས་སེམས་ཀྱི་རྩ་བ་སྐམ་ནས་བསྡད་པ་ཞིག་མིན་པས། རྩོམ་རིག་གིས་དེའི་རྒྱུན་བསྔོགས་ནས་མིའི་ནང་སེམས་ནང་རིམ་པར་འཇགས་ཡོང་བའི་གནག་སེམས་ལ་ཚ་འདེད་ཐོངས་ཤིག གནོད་སེམས་ལ་མིག་ལོག་ལྟོས་ཤིག དེ་ལྟར་བྱས་ཚེ་ཇོ་མོ་གླང་མའི་མཐོ་ཚད་ནི་ས་ངོས་ལས་འཇལ་བ་ཙམ་མ་ཡིན་པར། ནང་སེམས་ཀྱི་ཤེས་རབ་ཀྱིས་འཇལ་བ་ལོས་ཡིན་ལ། དེ་ནི་གཞིས་ཀ་རྩེའི་རྩོམ་རིག་ལ་ཡོད་དགོས་པའི་མཐོ་ཚད་དང་གཏིང་ཚད་ཡིན། ཕྱོགས་གཞན་ཞིག་ནས་གླེང་ན་དེའང་འབད་འབུངས་བྱ་ཡུལ་ཞིག་ཡིན།
གསལ་བཤད། འདིར་གླེང་བ་ཡོད་ཚད་ནི་ང་རང་གིས་གོ་ཐོས་བྱུང་བ་དང་མིག་མཐོང་ལག་ཟིན་བྱུང་བའི་གཞིས་ཀ་རྩེའི་རྩོམ་རིག་གི་སྣང་ཚུལ་ཙམ་ཡིན་པ་ལས། ཁུངས་ཐུབ་ཀྱི་སྤོབས་པ་གང་ཡང་མེད། དེ་བས་གཞིས་ཀ་རྩེའི་རྩོམ་རིག་གི་ཕྱོགས་བཞི་མཚམས་བརྒྱད་མཚོན་ག་ལ་ཐུབ་པས། འགལ་འཁྲུལ་མཆིས་ཚེ་དགོངས་སུ་གསོལ།
2017ལོའི་ཟླ9པའི་ཚེས14ཉིན་མཇུག་རྫོགས་པར་བྲིས།
རྩོམ་སྒྲིག་འགན་འཁུར་བ། བསྟན་པ་ཡར་རྒྱས།