སློབ་གསོ་ནི་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྒུལ་ཤུགས་གཙོ་བོ་ཞིག་ཡིན་པས། སློབ་གསོའི་རྗེས་ལུས་ནི་དཔལ་འབྱོར་གྱི་རྗེས་ལུས་ཡིན་ལ། ཆབ་སྲིད་དང་རིག་གནས་ཀྱི་རྗེས་ལུས་ཀྱང་ཡིན་པར་མ་ཟད། རྒྱལ་ཁབ་བམ་མི་རིགས་གང་དེའི་སྤྱི་ཚོགས་ཧྲིལ་པོའི་རྗེས་ལུས་ཤིག་ཀྱང་རེད།
དེ་ཡང་ཆིང་ཧྭ་སློབ་ཆེན་གྱི་མཁས་དབང་ཆེན་མོ་སུའུ་ཧྲེ་མིན་གྱི་ཞིབ་འཇུག་ལས་གཞིའི་གོ་འཛུགས་མཛད་སྒོར། སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་བཏང་བའི་ཤིས་ཚིག་ནང་། སློབ་གསོས་མིའི་རིགས་ཀྱི་ད་ལྟའི་གནས་བབ་གཏན་འཁེལ་བྱས་ཡོད་ལ། མ་འོངས་པའི་གནས་བབ་ཀྱང་གཏན་འཁེལ་བྱེད་ཐུབ་ཅེས་གསུངས་པ་ལྟར། བོད་ཀྱི་སྤྱི་ཚོགས་ཀྱི་མ་འོངས་འཕེལ་རྒྱས་དེ་ཡང་བོད་ཀྱི་སློབ་གསོ་ཁོ་ནར་རག་ལས་ཡོད། བོད་དུ་ཞི་བའི་བཅིངས་འགྲོལ་ཐོབ་པ་དང་དུས་མཚུངས་སུ་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་སློབ་གསོ་གསར་པའི་འཕེལ་རྒྱས་ལ་བརྟེན་ནས་བོད་ཀྱི་སྤྱི་ཚོགས་ཀྱི་ད་ལྟའི་གཟི་བརྗིད་ཆེ་བའི་གྲུབ་འབྲས་བླངས་ཡོད་ལ། དེས་བོད་ཀྱི་མ་འོངས་པའི་འཕེལ་རྒྱས་ལ་ཡང་འཛད་མཐའ་མེད་པའི་སྒུལ་ཤུགས་ཤིག་བསྩལ་ཡོད།
བོད་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་སློབ་གསོ་གསར་པའི་འཕེལ་རྒྱས་ཀྱི་ལོ་ཟླའི་ཞབས་རྗེས་སུ་འཚེར་བའི་མེ་ཏོག་བཀྲག་མདངས་ཆེ་ལ། སྐར་ཚོགས་བཞིན་འོད་དུ་འཚེར་བའི་སློབ་གྲྭ་ཞིག་ཡོད་པ་དེ་ནི། བོད་རང་སྐྱོང་ལྗོངས་ལྷ་ས་སློབ་འབྲིང་རེད། དེ་ཡང་སྤྱི་ལོ1956ལོར། སློབ་འབྲིང་ཐོག་མར་དབུ་བརྙེས་ནས་ད་ལྟའི་བར། བོད་རང་སྐྱོང་ལྗོངས་ལྷ་ས་སློབ་འབྲིང་གིས་མཚར་སྡུག་འོད་སྟོང་འབར་བའི་ལོ་ངོ་ལྔ་བཅུ་ལྷག་གི་དཀའ་ཚེགས་ཀྱི་འགྲུལ་བཞུད་བྱས། དེའི་རིང་སློབ་གསོའི་འཕེལ་རྒྱས་ཀྱི་གཟི་བརྗིད་ལྡན་པའི་གྲུབ་འབྲས་བཏོད་ཡོད་པ་དེ་ནི། གཅིག་ནས་སློབ་གྲྭ་གཉེར་སྐྱོང་བྱ་གཞག་དང་དེའི་གྲུབ་འབྲས་ཡིན་ལ། གཉིས་ནས་དེ་ནི་རང་རེའི་ཏང་དང་སྲིད་གཞུང་གིས་མི་རིགས་སློབ་གསོ་འཕེལ་རྒྱས་ཤུགས་ཆེན་བཏང་བའི་རླབས་ཆེ་བའི་གྲུབ་འབྲས་ཀྱི་གྲས་ཤིག་ཡིན་པར་མ་ཟད། ལྗོངས་ཡོངས་ཀྱི་རྨང་གཞིའི་སློབ་གསོའི་འཕེལ་རྒྱས་ཀྱི་དཔེ་མཚོན་འོས་པའི་མངོན་ཚུལ་ཞིག་ཀྱང་ཡིན།
གཅིག དྲག་ཆར་རླུང་འཚུབ་བརྒྱུད་ནས་འཕེལ་རྒྱས་ཀྱི་ལམ་བུ་འཚོལ་བ།
1956ལོའི་ཟླ7ཚེས27ཉིན། བོད་རང་སྐྱོང་ལྗོངས་གྲ་སྒྲིག་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཚོགས་འདུ་ཐེངས་བརྒྱད་པའི་ཐོག་སྐབས་དེའི་བོད་ཀྱི་དོན་དངོས་འཕེལ་རྒྱས་ཀྱི་དགོས་མཁོ་ལྟར 《བོད་རང་སྐྱོང་ལྗོངས་གྲ་སྒྲིག་ཨུ་ཡོན་ལྷན་ཁང་གི་ལྷ་ས་སློབ་འབྲིང་འཛུགས་རྒྱུའི་ཐད་ཀྱི་གྲོས་ཆོད》ཅེས་པར་གྲོས་འཆམ་བྱུང་། དེ་ནི་ཀྲུང་གོ་གུང་ཁྲན་ཏང་གིས་བོད་ལ་ཞི་བའི་བཅིངས་འགྲོལ་བཏང་ཚུན། སློབ་ཆུང་སློབ་གསོའི་རྨང་གཞིའི་ཐོག་མུ་མཐུད་ནས་མི་རིགས་ཀྱི་སློབ་གསོའི་ཆུ་ཚད་མཐོར་འདེགས་གཏོང་བའི་ཐད་ཀྱི་གལ་ཆེའི་བྱེད་ཐབས་ཤིག་ཡིན་པར་མ་ཟད། རང་ལྗོངས་ཀྱི་འབྲིང་རིམ་སློབ་གསོའི་འཕེལ་རྒྱས་ཀྱི་ལམ་ཚད་?་རིང་ཞིག་ཀྱང་རེད། 1956ལོའི་ཟླ9ཚེས21ཉིན། ཏང་དང་སྲིད་གཞུང་གིས་བོད་དུ་གསར་འཛུགས་བྱས་པའི་སློབ་འབྲིང་ཨང་དང་པོ་སྟེ། ལྷ་ས་སློབ་འབྲིང་འདི་ཉིད་ཕོ་བྲང་པོ་ཏ་ལའི་ནུབ་མཚམས་སུ﹙ད་ལྟའི་སློབ་གྲྭ་གནས་ཡུལ﹚དངོས་སུ་སློབ་འགོ་ཚུགས་པ་རེད། སློབ་གྲྭ་ཚུགས་པའི་ཐོག་མའི་དུས་སྐབས་སུ་ཆ་རྐྱེན་ཞན་པས་ལྕགས་ཤོག་ཁང་པ་ཐོག་གཅིག་མ་ཁ་ཤས་སློབ་ཕྲུག་ཚོར་སྤྲད་པ་དང་། དགེ་རྒན་དང་ལས་བཟོ་བ་རྣམས་གུར་ཕུབ་ནས་སྡོད་དགོས་བྱུང་ཤིང་། ཚ་གྲང་གི་དཀའ་སྡུག་ཁྱད་གསོད་བྱེད་ཞོར། བསླབ་གཞི་སོ་སོས་རྩོམ་སྒྲིག་བྱེད་དགོས་པར་མ་ཟད། སྒྲོག་ཙེ་རྐུབ་སྟེགས་ལ་སོགས་པའི་སློབ་ཆས་མང་པོ་ཞིག་ཀྱང་རང་གིས་བཟོས་ནས་བོད་ཀྱི་རྨང་གཞིའི་སློབ་གསོའི་ནམ་མཁའ་ཡངས་མོ་ཞིག་བཏོད་ཡོད། 1959ལོར། བོད་ཀྱི་མཐོ་རིམ་ངོ་ལོག་མི་སྣས་མེས་རྒྱལ་ཁ་ཕྲལ་གཏོང་བའི་དྲག་ཤུགས་ཟིང་འཁྲུག་གི་ངན་ཇུས་སྤེལ་སྐབས། ལྷ་ས་སློབ་འབྲིང་གི་དགེ་སློབ་ཚོས་མེས་རྒྱལ་དང་སྤྱི་ཚོགས་རིང་ལུགས་ལ་བཅངས་པའི་ལྷག་བསམ་དཀར་པོས། ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་ལངས་ཤིང་། ཟིང་འཁྲུག་ཞོད་འཇགས་གཏོང་བའི་འཐབ་རྩོད་ཁྲོད་དུ་ཞུགས་པར་མ་ཟད། དགེ་སློབ་བརྒྱ་ལ་ཉེ་བ་སྒྲིག་འཛུགས་བྱས་ནས་ཡར་ལངས་ཞིང་བྲན་ཁྲི་ཚོ་བརྒྱ་རང་དབང་རང་བདག་བྱེད་པའི་དམངས་གཙོ་བཅོས་བསྒྱུར་ལས་འགུལ་ཁྲོད་དུ་ཐེངས་གཉིས་ཞུགས། དམངས་གཙོ་བཅོས་བསྒྱུར་གྱི་རྗེས་སུ། ལྷ་ས་སློབ་འབྲིང་གིས་སྐབས་དེའི་དངོས་ཡོད་ལ་གཞིགས་ཏེ། བསམ་བློ་ཆབ་སྲིད་ཀྱི་སློབ་གསོ་ནས་རིམ་བཞིན་རིག་གནས་སློབ་གསོ་དང་། དེ་བཞིན་སློབ་གསོའི་ལམ་ལུགས་གསར་འཛུགས། སློབ་ཕྲུག་གི་དོ་དམ་སོགས་ཀྱི་ཐད་ལ་བསྒྱུར་བཅོས་ཐེངས་མང་བྱས་ནས། ཁྱད་ཆོས་ལྡན་པའི་མི་རིགས་སློབ་གསོའི་སློབ་གྲྭ་གཉེར་བའི་ལམ་བུ་ཞིག་བཏོད།
1978ལོར། བསྒྱུར་བཅོས་སྒོ་དབྱེའི་བསྐལ་བཟང་གི་ཉི་མ་རྒྱལ་ཡོངས་སུ་འཕྲོས་པའི་དུས་བཟང་དེར། ལྷ་ས་སློབ་འབྲིང་ཡང་ལས་རིགས་གཞན་དང་འདྲ་བར། ཏང་ཀྲུང་དབྱང་གི་བྱམས་བརྩེའི་ཐུགས་ཁུར་དང་རྒྱལ་ཡོངས་མི་དམངས་ཀྱི་ཤུགས་ཆེའི་རྒྱབ་སྐྱོར་འོག ལྗོངས་ཏང་ཨུད་དང་ལྗོངས་སློབ་གསོ་བཟོ་ཚོགས། སློབ་གསོ་ཐིང་བཅས་ཀྱི་ཡང་དག་པའི་འགོ་ཁྲིད་འོག རིམ་བཞིན་ཕྱོགས་ཡོངས་ནས་འཕེལ་རྒྱས་གཏོང་བའི་མྱུར་ལམ་དུ་བསྐྱོད་འགོ་ཚུགས་ཤིང་། འཕེལ་རྒྱས་ཡག་ཤོས་དང་། མྱུར་ཤོས་ཀྱི་ལོ་རྒྱུས་ཀྱི་དུས་བབ་གསར་པར་སླེབས་ཐུབ་པ་བྱུང་ཡོད། 1997ལོར། ལྷ་ས་སློབ་འབྲིང་འདི་ཉིད་དམའ་འབྲིང་དང་མཐོ་འབྲིང་སློབ་རིམ་སོ་སོར་དབྱེ་བ་ནས། བོད་ཀྱི་ཆེས་ཐོག་མའི་ལྗོངས་སློབ་གསོ་ཐིང་ཐད་གཏོགས་ཀྱི་ལྗོངས་རིམ་པའི་གཙོ་གནད་མཐོ་རིམ་སློབ་འབྲིང་དུ་གྱུར་ཅིང་། 2005ལོར། ལྗོངས་ཡོངས་ཀྱི་སྐབས་དང་པོའི་གཞུང་གཉེར་ལས་ཁུངས་ཀྱི་མི་དོན་ལམ་ལུགས་བསྒྱུར་བཅོས་བྱེད་པའི་ཚོད་ལྟའི་ལས་ཁུངས་སུ་གཏན་འཁེལ་བྱུང་། དུས་སྐབས་དེའི་རིང་། སློབ་གྲྭས"ཁ་ཕྱོགས་གསུམ"སློབ་གཉེར་ལམ་ཕྱོགས་སུ་གཏན་འཁེལ་བྱས་ཤིང་། སློབ་གསོའི་དགོངས་གཞི་དང་། སློབ་གཉེར་བསམ་བློ། དགེ་རྒན་དཔུང་ཁག་འཛུགས་སྐྲུན། སློབ་གསོ་སློབ་ཁྲིད་ཀྱི་ཞིབ་འཇུག་སོགས་ཀྱི་ཐད་ནས་བསྒྱུར་བཅོས་རབ་དང་རིམ་པར་བྱས་སྟབས། སྔོན་ཆད་བྱུང་མ་མྱོང་བའི་སློབ་གསོ་སློབ་ཁྲིད་ཀྱི་གཡུར་ཟའི་གྲུབ་འབྲས་ཐོབ་པ་རེད།
ལོ་ངོ་ལྔ་བཅུ་ལྷག་གི་འཕེལ་རྒྱས་ཀྱི་མདུན་ལམ་འཚོལ་ཞིབ་བྱེད་པའི་དཀའ་ཚེགས་ཀྱི་ལོ་ཟླ་བརྒྱུད་མཐར། དུས་རབས་གསར་པར་སླེབས་པའི་མིག་སྔའི་ལྷ་ས་སློབ་འབྲིང་འདི་ནི། ས་ཁྱོན་ལ་མུའུ278དང་། སྒྲིག་བཀོད་ཆ་ཚང་དང་འོས་འཚམ། ཁོར་ཡུག་མཛེས་པ། རིག་གནས་ཀྱི་ཁ་དབུགས་སྟུག་པའི་སློབ་གྲྭ་ཞིག་ཏུ་འཕེལ་རྒྱས་བྱུང་ཡོད། ལྷ་ས་སློབ་འབྲིང་གིས། "རྒྱལ་གཅེས། མཐུན་སྒྲིལ། གསར་གཏོད། ལེགས་སྐྱེས"ཀྱི་སློབ་གྲྭའི་སྙིང་སྟོབས་རྒྱུད་འཛིན་དང་དར་སྤེལ་གྱིས། "དགེ་སློབ་འཆམ་མཐུན་དང་། བསླབ་སྦྱངས་ཟུང་འབྲེལ། འཕེལ་རྒྱས་རྩེར་སོན།"བཅས་ཀྱི་སློབ་གྲྭ་གཉེར་བའི་བསམ་བློའི་ཐོག་ཕུལ་བྱུང་བརྩོན་ལེན་གྱིས། གྲུབ་འབྲས་གཡུར་ཟ་ལེན་པའི་སློབ་གྲྭའི་ཆོད་ཡིག་གྲུབ་ཡོད། ནུས་ལྡན་གྱི་སྒོ་ནས་སློབ་གྲྭ་གཉེར་ཕྱོགས་ཀྱི་ཆ་རྐྱེན་བེད་སྤྱོད་ཀྱིས་ཉམས་མྱོང་ཕྱོགས་བསྡོམས་བྱས་པ་བརྒྱུད། ད་ཆར་ཞིབ་འཇུག་རང་བཞིན། ཚོད་ལྟའི་རང་བཞིན། ཁྱད་ཆོས་རང་བཞིན། དཔེ་མཚོན་རང་བཞིན་བཅས་ཀྱི་ཁྱད་ཆོས་ལྡན་པའི་སློབ་སྲོལ་ཞིག་གྲུབ་ཡོད་ཅིང་། རྒྱལ་གཅེས། ཤེས་དཔལ། བདེ་ཐང་། ཡར་བརྩོན་བཅས་ལྡན་པའི་བོད་ལྗོངས་ཀྱི་ཤེས་ལྡན་འཛུགས་སྐྲུན་མི་སྣ་འབོར་ཆེན་ཞིག་གསོ་སྐྱོང་བྱས།
གཉིས། དུས་བསྟུན་འཕེལ་རྒྱས་ཀྱིས་སྙིང་སྟོབས་ལྷག་པར་རྒྱས།
ལོ་རྒྱུས་ལ་ཕྱིར་དྲན་བྱེད་དུས། ལྷ་ས་སློབ་འབྲིང་འདི་ཉིད་སྔར་མེད་པ་ནས་དབུ་བརྙེས་པའི་བར་གྱི་ལམ་བུའི་ཁྲོད། དཀའ་སྤྱད་འབད་འཐབ་ཀྱིས་བྱ་གཞག་གསར་གཏོད་བརྒྱུད་རིམ་ནང་འཚར་ལོངས་དང་འཕེལ་རྒྱས། རྩེར་སོན་བཅས་ཀྱི་གྲུབ་འབྲས་ཐོབ་པ་ནི་ལོ་ངོ་ལྔ་བཅུ་ལྷག་གི་རྒྱལ་གཅེས་དང་མཐུན་སྒྲིལ། ལེགས་སྐྱེས་ཀྱི་ལྷ་ས་སློབ་འབྲིང་གི་བསམ་པའི་སྙིང་སྟོབས་ཀྱི་ཞུན་བརྡར་དང་ཁ་འབྲལ་དུ་མེད།
ལྷ་ས་སློབ་འབྲིང་གསར་འཛུགས་བྱས་པ་ནས་ད་བར་སྔ་བར་ཕྱི་གསུམ་དུ་ཏང་དང་མི་དམངས་སྲིད་གཞུང་གི་གོང་རིམ་དབུ་ཁྲིད་རྣམ་པའི་ཐུགས་རྗེའི་གཟིགས་སྐྱོང་དང་དོ་ཁུར་ཚད་མེད་ཐོབ་ཡོད་པ་སྟེ། 1960ལོའི་ཟླ8པར་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་ཨུ་ཡོན་ཀྲང་སྐུ་གཞོན་པཎ་ཆེན་ཨེར་ཏི་ཎི་ཆོས་ཀྱི་རྒྱལ་མཚན་མཆོག་དང་། བོད་རང་སྐྱོང་ལྗོངས་ཀྱི་དབུ་ཁྲིད་རྣམ་པས་ལྷ་ས་སློབ་འབྲིང་གི་དགེ་འོས་སྦྱོང་བརྡར་འཛིན་གྲྭའི་དགེ་སློབ་ཡོངས་ལ་བྱམས་བརྩེའི་འཚམས་འདྲི་གནང་བར་མ་ཟད་མཉམ་དུ་དྲན་རྟེན་སྐུ་པར་ཡང་བསྐྱོན། 1963ལོའི་ཟླ8པར་ཀྲུང་དབྱང་སྐུ་ཚབ་ཚོགས་པའི་བློ་མཐུན་ཀྲང་ཅིང་ཝུའུ་ལྷ་ས་སློབ་འབྲིང་གི་སྐབས་དང་པོའི་མཐོ་འབྲིང་སློབ་ཐོན་སློབ་མའི་སློབ་ཐོན་མཛད་སྒོར་ཞུགས་ནས་གལ་ཆེའི་གསུང་བཤད་གནང་། 1965ལོའི་ཟླ9པར་ཀྲུང་དབྱང་སྐུ་ཚབ་ཚོགས་པས་ལྷ་ས་སློབ་འབྲིང་དུ་ལས་དོན་གཟིགས་ཞིབ་གནང་། དུས་རབས་ཕྱེད་ཀ་ལྷག་གི་རིང་། རྒྱལ་ཁབ་སློབ་གསོ་པུའུ་དང་རིག་གནས་པུའུ། ཀྲུང་དབྱང་སྐུ་ཚབ་ཚོགས་པ། དེ་བཞིན་རང་སྐྱོང་ལྗོངས་སོགས་ཀྱི་དབུ་ཁྲིད་ཐེངས་བརྒྱ་གྲངས་རང་སློབ་གྲྭར་ཕེབས་ཏེ་ལས་དོན་གཟིགས་ཞིབ་དང་གལ་ཆེའི་མཛུབ་ཁྲིད་གནང་ཡོད། 2009ལོའི་ཟླ8པར་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཨུ་ཡོན་བློ་མཐུན་ལིའུ་ཡན་ཏུང་རང་སློབ་གྲྭར་ལས་དོན་གཟིགས་ཞིབ་གནང་ནས་གལ་ཆེའི་གསུང་བཤད་གནང་། གོང་རིམ་དབུ་ཁྲིད་ཀྱི་བྱམས་བརྩེའི་ཐུགས་ཁུར་ནི་དཔྱིད་རླུང་འཇམ་པོས་བསུས་པའི་སྦྲང་ཆར་བཞིན་ལྷ་ས་སློབ་འབྲིང་གི་མི་རབས་ནས་མི་རབས་བར་གྱི་སེམས་ཀྱི་ཞིང་སར་སྨིན་ནས་སྙིང་སྟོབས་དགུ་འགྱུར་གྱིས་མདུན་དུ་བསྐྱོད་བཞིན་ཡོད།
དུས་རབས་ཕྱེད་ཀ་ལྷག་གི་རིང་། ལྷ་ས་སློབ་འབྲིང་གིས་ཐོག་མཐའ་བར་གསུམ་དུ་སྤྱི་ཚོགས་རིང་ལུགས་ཀྱི་སློབ་གཉེར་ཁ་ཕྱོགས་རྒྱུན་འཁྱོངས་དང་། ཀྲུང་གོ་གུང་ཁྲན་ཏང་གི་དབུ་ཁྲིད་རྒྱུན་འཁྱོངས་འོག་དམ་ཚིག་གཡོ་བ་མེད་པར་ཏང་གི་སློབ་གསོའི་ཐབས་ཇུས་ལག་བསྟར་དོན་འཁྱོལ་བྱེད་བཞིན་ཡོད། སློབ་གྲྭ་གསར་འཛུགས་བྱས་ཚུན་རང་སློབ་ཀྱིས་ཏང་ཀྲི་པུའུ་བཙུགས་ནས་ཐད་ཀར་ཀྲུང་གུང་བོད་ལྗོངས་བཟོ་ཨུད་ཀྱིས་ཐེ་ཇུས་དབུ་ཁྲིད་གནང་བཞིན་ཡོད། དེང་གི་ཆར། ལྷ་ས་སློབ་འབྲིང་གི་སྤྱི་ཁྱབ་ཏང་ཀྲི་པུའུ་གཤམ་འོག་ལ་ཀྲི་པུའུ5བཙུགས་ཡོད་པ་དང་། ཏང་ཡོན་ཁྱོན་མི་གྲངས120ཙམ་ཡོད་པར་མ་ཟད། ལྗོངས་ཡོངས་ནང་ཁུལ་དུ་ཐོག་མར་མཐོ་འབྲིང་སློབ་མའི་སློབ་ཕྱིའི་ཏང་གི་སློབ་གྲྭ་གསར་པ་ཡང་བཙུགས། ཏང་གི་དབུ་ཁྲིད་ཀྱི་ཤུགས་ཆེའི་རྒྱབ་སྐྱོར་གྱིས་ལྷ་ས་སློབ་འབྲིང་གི་ཡར་ཐོན་བསམ་བློའི་བླ་སྲོག་བརྟན་པར་བྱས་ཡོད་ལ། ཏང་གི་ཡང་དག་དབུ་ཁྲིད་འོག་ལྷ་ས་སློབ་འབྲིང་གི་སྐབས་སོ་སོའི་འགོ་ཁྲིད་དཔུང་ཁག་གིས་མེས་རྒྱལ་ལ་ལྷག་བསམ་རྣམ་དག་དང་། ཏང་གི་མི་རིགས་སློབ་གསོའི་བྱ་གཞག་ལ་བློ་གཅིག་སེམས་གཅིག་གིས་ཞབས་འདེགས་ཞུ་བའི་ཐབས་ཇུས་རབ་དང་རིམ་པ་སྔོག་སྤེལ་གང་ལེགས་བྱེད་བཞིན་ཡོད། དེ་བཞིན་རྒྱ་ཆེའི་དགེ་རྒན་རྣམ་པས་དགེ་རྒན་གྱི་ཀུན་སྤྱོད་མཐོར་འདེགས་དང་རྩེར་སོན་སློབ་ཁྲིད་ཆུ་ཚད་ཀྱིས་ནུས་ཤུགས་ཡོད་རྒུས་སློབ་གྲྭའི་འཕེལ་རྒྱས་ཐད་རྨང་གཞི་སྲ་བརྟན་ཞིག་འཛུགས་སྐྱོང་བྱས་ཡོད་པས། ད་ལྟ་ས་ཁུལ་དང་མི་རིགས་མི་འདྲ་བའི་དགེ་རྒན་མང་དག་ཅིག་རང་སློབ་གྲྭར་ཚོགས་ཞུགས་གནང་སྟེ་ཕན་ཚུན་སློབ་སྦྱོང་དང་བསམ་འཆར་བརྗེ་རེས་ཀྱིས་མཉམ་དུ་མི་རིགས་སློབ་གསོ་དོན་དུ་གཉེར་བའི་རིག་པའི་སྟེགས་བུ་ཞིག་ཆགས་ཡོད།
དུས་རབས་ཕྱེད་ཀ་ལྷག་གི་རིང་། ལྷ་ས་སློབ་འབྲིང་གིས་ཆད་མེད་བློ་ཁོག་ཡངས་པོའི་འཚོལ་དཔྱོད་ལམ་བུ་བརྒྱུད་སློབ་གྲྭའི་དོ་དམ་གྱི་གནད་ལ་ཚན་རིག་རང་བཞིན་དང་ཚད་ལྡན་རང་བཞིན། དམངས་གཙོ་ཅན། ཁྲིམས་ལུགས་ཅན་བཅས་སུ་རིམ་བཞིན་མངོན་འགྱུར་ཐུབ་ཡོད། རང་སློབ་གྲྭས་མི་གཞི་གཙོར་བཟུང་དང་། ཁྲིམས་མཐུན་སློབ་སྐྱོང་གི་ཆོད་སེམས་རྒྱུན་འཁྱོངས་བཅས་བྱས་ཡོད་ལ། མི་ཆོས་དོ་དམ་དང་མི་གཤིས་དོ་ཁུར། སྒྲིག་སྲོལ་སྐུལ་ལྕག་དང་འཕེལ་རྒྱས་བླར་བཞག་གི་དོ་དམ་ལྟ་བ་ལག་བསྟར་རྒྱུན་འཁྱོངས་བྱས་ཡོད། གསར་གཏོད་རང་བཞིན་གྱིས་དགེ་རྒན་ལས་གནས་གདན་ཞུའི་ལམ་ལུགས་དང་ཚད་འབེབས་དཔྱད་ཞིབ་ལམ་ལུགས། འཛོམ་གསུམ་གསོ་སྐྱོང་དཔེ་རྣམ་དང་། ཀུན་སྤྱོད་སློབ་གསོ་སློབ་སྟོན་པའི་ལམ་ལུགས་སོགས་ཀྱི་སྣ་ཚོགས་དོ་དམ་རྣམ་པ་ལག་ལེན་ཐུབ་པ་བྱུང་ཡོད་པར་མ་ཟད་གྲུབ་འབྲས་ཀྱང་མངོན་གསལ་དོད་པོ་ཐོབ་ཡོད། སློབ་གྲྭའི་བཟོ་ཚོགས་སྒྲིག་འཛུགས་དབུ་བརྙེས་ཚུན་མཐའ་གཅིག་ཏུ་ལྷ་ས་སློབ་འབྲིང་བཟོ་ཚོགས་སྲོལ་ཡིག་གཞིར་བཟུང་ནས་ཐུན་མོང་གི་བྱེད་སྒོ་དག་སྤེལ་བཞིན་ཡོད། གཞན་ཡང2002ལོར་ལྷ་ས་སློབ་འབྲིང་ལས་བཟོའི་འཐུས་ཚོགས་གསར་འཛུགས་བྱས་ནས་མུ་མཐུད་སློབ་གྲྭའི་དོ་དམ་དམངས་གཙོ་ཅན་གྱི་ཕྱོགས་སུ་འཛུགས་སྐྲུན་བྱས་ཡོད།
དུས་རབས་ཕྱེད་ཀ་ལྷག་གི་རིང་། ལྷ་ས་སློབ་འབྲིང་གིས་སྔ་བར་ཕྱི་གསུམ་དུ་སློབ་ཕྲུག་མི་རེ་ངོ་རེའི་འཕེལ་རྒྱས་དང་འཚར་ལོངས་ཐད་ལ་སེམས་ཁུར་ཟབ་རྒྱས་ཀྱིས་སློབ་གསོའི་འགན་འཁྲི་ཏན་ཏིག་ངང་བསྒྲུབས་ཡོད་ལ། "ཁྲིམས་མཐུན་སློབ་སྐྱོང"གི་ཆོད་སེམས་རྒྱུན་འཁྱོངས་བྱས་ཤིང་། སློབ་གྲྭ་དབུ་བརྙེས་ནས་དུས་ཡུན་རིང་པོ་ཞིག་གི་ནང་སློབ་གྲྭས་རྒྱ་ཆེའི་སློབ་ཕྲུག་ཚོར་རིན་མེད་གཉིས་ཀྱི་སྲིད་ཇུས་དོན་འཁྱོལ་བྱས་ཡོད། 1997ལོར་དམའ་འབྲིང་དང་མཐོ་འབྲིང་དབྱེ་ཟིན་རྗེས་ལྗོངས་ཡོངས་ལ་ཁ་ཕྱོགས་ཏེ་སློབ་ཕྲུག་བསྡུས་ཡོད་པ་དང་། དཀའ་ངལ་ཆེ་བའི་སློབ་ཞུགས་སློབ་མའི་དོན་དངོས་འཚོ་བར་གཞིགས་ནས་རོགས་དངུལ་ཐབས་ཤེས་གང་ཐུབ་བཏང་སྟེ། ཏང་གི་དྲོ་སྐྱིད་དང་མི་དམངས་ཀྱི་ཐུགས་ཁུར་དག་བྲག་བརྐོས་རི་མོ་བཞིན་སེམས་ཀྱི་ངོས་སུ་གསལ་བར་བྱས་ཡོད། 2004ལོར་རང་སློབ་གྲྭས་རང་སྐྱོང་ལྗོངས་སློབ་གསོ་ཐིང་ནས་གནང་བའི་སློབ་ཁྲིད་སྤུས་ཚད་ཕུལ་བྱུང་གི་གཟེངས་དངུལ་སྒོར་ཁྲི10དེས། དབུལ་སྐྱོར་ཐེབས་རྩ་ཞིག་བཙུགས། དེ་རྗེས་སླར་ཡང་འབྲེལ་ཡོད་ཐབས་ལམ་བརྒྱུད་སྔ་ཕྱིར་ཅིན་ལུང་ཡུའི་ནུབ་རྒྱུད་རོགས་དངུལ་དང་ཐེའེ་གོ་ཧྲེ་ལིང་ཐུང་སྲས་མོའི་མ་དངུལ། བོད་ལྗོངས་འཛུགས་སྐྲུན་དངུལ་ཁང་ཀྲུང་གོ་དངུལ་ཁང་འཛུགས་སྐྲུན་མ་འཇོག་ཀུང་སིའི་རོགས་དངུལ་དང་ལུས་རྩལ་བྱ་དགའི་འཛིན་ཤོག་གི་དམངས་ཕན་རོགས་དངུལ། རང་སྐྱོང་ལྗོངས་བོད་སྨན་བཟོ་གྲྭའི་རོགས་དངུལ་སོགས་ཁྱོན་རྣམ་གྲངས10ལྷག་ཙམ་བརྩོན་ལེན་བྱས་ཡོད། དེ་དང་ཆབས་ཅིག་ངེད་སློབ་གྲྭས་སློབ་ཡོན་ཆག་ཡང་སྲིད་ཇུས་ལག་བསྟར་དང་དཀའ་ངལ་ཡོད་པའི་སློབ་ཕྲུག་གི་སློབ་ཡོན་དང་སྡོད་ཁང་རིན་པ་བསྡུ་མི་དགོས་པ་བཅས། མདོར་ན་རིན་བསྡུ་ཆག་ཡང་བཏང་བའི་སློབ་མའི་གྲངས་དེ་འཆར་གཞིའི་ནང་གི་སློབ་མའི25﹪ཟིན་ཡོད། 2011ལོའི་ཟླ9ནས་འགོ་ཚུགས་ཏེ་སློབ་གྲྭས་བོད་ནོར་སློབ〔2011〕ཡིག་ཨང69དང་ཡིག་ཨང71གི་ཡིག་ཆའི་དགོངས་དོན་གཞིར་བཞག་གིས་རྒྱ་ཆེའི་ཞིང་འབྲོག་མི་དམངས་ཀྱི་བུ་ཕྲུག་ཚོར"སྡེབ་ལེན་གསུམ"གྱི་སྲིད་ཇུས་དང་མཐོ་འབྲིང་སློབ་གསོ་རིན་མེད་མྱོང་བའི་ལྷུག་གཏོང་སྲིད་ཇུས་ལག་བསྟར་དོན་འཁྱོལ་བྱེད་བཞིན་ཡོད། དེ་འདྲའི་ཐབས་ཇུས་དེ་དག་གིས་སློབ་མའི་སློབ་ཞུགས་དང་འཚོ་བ། སྨན་བཅོས་སོགས་ཐད་ཀྱི་དོན་དངོས་དཀའ་ངལ་དག་སེལ་ཐུབ་པ་བྱུང་ཡོད་ལ་སློབ་མ་མི་རེ་ངོ་རེ་སློབ་མཐར་བསྐྱོད་ཐུབ་པའི་འགན་ལེན་གཙང་དག་ཐུབ་པ་བྱུང་ཡོད།
དུས་རབས་ཕྱེད་ཀ་ལྷག་གི་རིང་། ལྷ་ས་སློབ་འབྲིང་གི་སློབ་ཐོན་སློབ་མ་ངང་ཁྱུ་སྦྲེལ་བ་བཞིན་གནས་འདི་ནས་ཕུགས་བསམ་གྱི་གོ་ཆ་བརྟན་པོར་བཟུང་སྟེ་རང་གི་ལས་གནས་འཛུགས་སྐྲུན་ཕྱིར་མཐོ་རིམ་སློབ་གྲྭ་ཆེན་མོའི་སྒོ་མོ་འགྲིམས་ཡོད། ཁོ་ཚོ་ནི་ཏང་དང་རྒྱལ་ཁབ་ལ་དགའ་ཞེན་ཆེ་བ་དང་རང་འཁྲིའི་སློབ་ལ་བརྩོན་པ། ཀུན་སྤྱོད་བྱང་ཚད་འབུར་དུ་ཐོན་པ་ཤ་སྟག་ཡིན་པས། ད་ལྟ་བོད་ལྗོངས་འཛུགས་སྐྲུན་ཆེད་འཐབ་ཕྱོགས་ཁག་གི་རྐང་འཛིན་སྟོབས་ཤུགས་སུ་འགྱུར་བཞིན་ཡོད། །
གསུམ་པ། སྔར་མེད་གསར་གཏོད་ཀྱི་སྒོ་ནས་དོ་དམ་དམ་འཛིན་བྱེད།
བགྲང་བྱ་ལྔ་བཅུ་ལྷག་གི་ནང་ཚུན་ལ། ལྷ་ས་སློབ་འབྲིང་གི་ལས་མི་རྣམས་ཀྱིས་དཀའ་ཐུབ་ཁྲོད་ནས་བརྩོན་ལེན་དང་། ལག་ལེན་ནང་ནས་འཚོལ་ཞིབ། དེ་བཞིན་སློབ་གསོའི་འདུ་ཤེས་རྒྱུན་ཆད་མེད་པར་གསར་བརྗེ་དང་། དོ་དམ་གྱི་ཆུ་ཚད་བར་མེད་དུ་གོང་མཐོར་སོང་།
1. ཡིག་རྨོངས་སེལ་བའི་སློབ་གསོ་ནས་བྱང་ཚད་སློབ་གསོའི་ཐད། ལྷ་ས་སློབ་འབྲིང་གི་སློབ་གསོའི་འདུ་ཤེས་ལ་གཏིང་ཟབ་ཀྱི་འགྱུར་ལྡོག་ཕྱིན་པ་དེས་མངོན་གསལ་དོད་པའི་ལོ་རྒྱུས་ཀྱི་ཁྱད་ཆོས་ཤིག་མཚོན་ཡོད། སློབ་གྲྭ་འཛུགས་མ་ཐག་པའི་ཡིག་རྨོངས་སློབ་གསོ་ནས་ཚན་རིག་རིག་གནས་ཤེས་བྱ་ཁྱབ་གདལ་བཏང་བའི་བར་དང་། སླར་ཡང་དུས་ཕྱིས་ཀྱི་བྱང་ཚད་སློབ་གསོའི་ཁྲོད་ལྷ་ས་སློབ་འབྲིང་གི་མི་ཚོས་དུས་རབས་ཀྱི་འགྲོས་དང་མཐུན་པ་དང་། དངོས་ཐོག་བདེན་འཚོལ་བཅས་ཀྱི་ཐོག་ནས་ལོ་རྒྱུས་ཀྱི་གོམ་སྟབས་དང་བསྟུན་ནས་སྔ་བར་ཕྱི་གསུམ་དུ་མདུན་ཕྱོགས་སུ་བསྐྱོད་ཡོད།
2. ཡིག་སྐད་ཕལ་པ་ནས་རྩིས་འཁོར་སྐད་ཡིག་ཐད། རྒྱུན་ཆད་མེད་པར་བསླབ་ཚན་བཀོད་སྒྲིག་ཐད་ལེགས་བཅོས་བྱས་པ་དང་། སློབ་གྲྭ་བཙུགས་མ་ཐག་པའི་སྐབས་དེར་སློབ་གྲྭས་རྒྱ་ཡིག་དང་བོད་ཡིག རྩིས་རིག་སོགས་བསླབ་ཚན་ཉུང་ཤས་ཤིག་བཙུགས་ཡོད། གོམ་གང་མདུན་སྤོས་ཀྱིས་སློབ་གྲྭ་འཕེལ་རྒྱས་འགྲོ་བ་དང་བསྟུན་ནས་སློབ་ཚན་གྱི་རྣམ་གྲངས་ཀྱང་རིམ་བཞིན་ཚད་ལྡན་ཅན་དུ་གྱུར། བསྒྱུར་བཅོས་སྒོ་དབྱེའི་རྗེས་སུ་སློབ་གྲྭས་རྒྱལ་ཁབ་ཀྱིས་ཁྱབ་བསྒྲགས་བྱས་པའི་སློབ་ཁྲིད་རྩ་འཛིན་གཞིར་བཟུང་ནས་སློབ་ཚན་ཡོངས་རྫོགས་འདང་ངེས་བཞིན་བཙུགས་ཡོད་ལ་ཆབ་ཅིག་ཏུ་བོད་ཡིག་འཛིན་གྲྭར་བོད་སྐད་ཡིག་དང་རྒྱའི་སྐད་ཡིག་དེ་བཞིན་དབྱིན་ཇིའི་སྐད་ཡིག་བཅས་བཙུགས་ཡོད། མིག་སྔར། སློབ་གྲྭས་བསླབ་གཞི་གསར་པའི་བསྒྱུར་བཅོས་དང་དེང་རབས་སློབ་གསོའི་ལག་རྩལ་བེད་སྤྱོད་བྱེད་སྟངས་སོགས་ཀྱི་ཐད་ཧུར་བརྩོན་གྱི་གསར་འབྱེད་དང་ཕུལ་བྱུང་ཡོང་བར་བརྩོན་ལེན་བྱས་པས་ལྗོངས་ནང་ཁུལ་གྱི་མདུན་གྲལ་དུ་སྐྱོད་བཞིན་ཡོད།
3. ས་སྨྱུག་དང་ནག་པང་ཐོག་གི་སློབ་ཁྲིད་ནས་སྨྱན་མང་སློབ་ཁྲིད་བྱེད་པའི་ཐད། སློབ་འཛུགས་ཐོག་མར་དགེ་རྒན་རྣམ་པས་རང་ཉིད་ཀྱི་འཆར་འགོད་བྱས་ཏེ་བཟོས་པའི་ཁྲིད་ཆས་དང་། ཚོད་ལྟའི་ཡོ་ཆས། དེ་བཞིན་ལུས་རྩལ་གྱི་མཁོ་ཆས། ས་སྨྱུག སྣག་ཚ། ཤོག་ལྷེ་བཅས་དངོས་པོའི་ཆ་རྐྱེན་ཧ་ཅང་ཞན་པའི་རྨང་གཞིའི་འོག་ནམ་རྒྱུན་བཞིན་སློབ་ཁྲིད་གནང་བའི་འགན་ལེན་ཐུབ་ཡོད། བོད་ཀྱི་དཔལ་འབྱོར་འཕེལ་རྒྱས་ཕྱིན་པའི་དབང་གིས་སློབ་གྲྭ་བཙུགས་པའི་ཆ་རྐྱེན་ལའང་ཉིན་བཞིན་ལེགས་བཅོས་ཕྱིན་ཡོད་པས་ད་ལྟའི་ལྷ་ས་སློབ་འབྲིང་ལ་ཆ་མཚོན་ན། རྩིས་འཁོར་གྱི་སློབ་ཁང་། སྒྲ་གདངས་ཁང་། བརྙན་འཕྲིན་འཁྲབ་གཏོང་ཁང་། གློག་རྡུལ་སློབ་ཞིབ་ཁང་སོགས་སློབ་ཁྲིད་ཀྱི་སྒྲིག་ཆས་ཡོད། སྤྱི་ལོ2001ལོར་དེང་རབས་སློབ་གསོ་ལག་རྩལ་ལྟེ་གནས་དབུ་བརྙེས་ཏེ་ཆེད་མངགས་དེང་རབས་སློབ་གསོའི་དོ་དམ་ལས་ཀར་འགན་འཁུར་གྱི་ཡོད། སྤྱི་ལོ2010ལོར་སློབ་གྲྭས་མ་དངུལ་སྒོར་ཁྲི500ལྷག་ཙམ་བསྐྱིས་ནས་སློབ་གྲྭའི་སྨྱན་མང་མ་ལག་སྟེ། སྨྱན་མང་སློབ་ཁྲིད་། ལྟ་སྐུལ་ཚོད་འཛིན་མ་ལག ཨང་ཀིའི་རྒྱང་གྲགས་མ་ལག ཨང་ཀིའི་བརྙན་འཕྲིན་མ་ལག་བཅས་ཚགས་ཚུད་པར་བཙུགས་པ་དང་སློབ་ཁང62བཅས་བརྒྱབ་ཡོད། སྤྱི་ལོ2011ལོར་སློབ་གྲྭས་སླར་ཡང་མ་དངུལ་སྒོར་ཁྲི10བཏང་ནས་གཞུང་ལས་རང་འགུལ་ཅན་གྱི་མཉེན་ཆས་མ་ལག་དང་སློབ་ཁྲིད་ཐོན་ཁུངས་མཉམ་མྱོང་ལས་སྟེགས་ཤིག་གསར་འབྱེད་བྱས་ཡོད་པས་གཞུང་ལས་རང་འགུལ་ཅན་དང་གྲངས་གཞི་ཅན་དུ་ཐོག་མར་ལེགས་གྲུབ་བྱུང་ཡོད། མིག་སྔར། ལྷ་ས་སློབ་འབྲིང་ནི་ཐོག་མའི་ཆ་ནས་ལྗོངས་ནང་ཁུལ་དུ་སྔོན་ཐོན་གྱི་གྲངས་གཞི་ཅན་དང་ཆ་འཕྲིན་ཅན་གྱི་སློབ་གྲྭ་ཞིག་འཛུགས་ཐུབ་པ་བྱུང་ཡོད།
4. དགེ་རྒན་དཔུང་ཁག་འཛུགས་སྐྱོང་ཐད། སློབ་གྲྭ་ཐོག་མར་འཛུགས་སྐབས་སུ་དགེ་རྒན་དང་ལས་བཟོ་མི58ཡོད། དགེ་རྒན་སྟོབས་ཤུགས་ལ་ཤུགས་སྣོན་རྒྱག་ཕྱིར། ཧྲང་ཧའེ་དང་པེ་ཅིང་སོགས་ནང་སའི་ཞིང་ཆེན་དང་གྲོང་ཁྱེར་ཁག་གིས་སྔ་ཕྱིར་ཚོ་པ10དང་མི་གྲངས200ལྷག་ཙམ་ཞིག་དུས་ཐུང་གི་བོད་སྐྱོར་དགེ་རྒན་དུ་མངགས་ལ་ཁོང་ཚོས་སྔ་དུས་ཀྱི་ལྷ་ས་སློབ་འབྲིང་གི་འཕེལ་རྒྱས་ལ་གལ་ཆེའི་ལེགས་སྐྱེས་ཕུལ་ཡོད། སྤྱི་ལོ1988ལོ་ནས་བཟུང་སློབ་གྲྭས་ཕན་ཡོད་ཀྱི་བྱ་ཐབས་སྣ་ཚོགས་སྤྱད་དེ་དགེ་རྒན་དཔུང་ཁག་འཛུགས་སྐྱོང་གི་ནུས་ཤུགས་ལ་ཤུགས་སྣོན་བརྒྱབ་ཡོད། 1992ལོར་སློབ་གྲྭས་ལྗོངས་ནང་ཁུལ་དུ་ཆེས་ཐོག་མར་དྲངས་བསྐོའི་ལམ་ལུགས་ལག་བསྟར་བྱས་ཏེ་ཐོག་མའི་ཆ་ནས་དགེ་རྒན་གྱི་གྲུབ་ཆ་ལེགས་སུ་ཕྱིན་ཡོད།
སྤྱི་ལོ1997ལོར་སློབ་གྲྭ་འཛུགས་གཉེར་གྱི་གྲུབ་ཆར་འགྱུར་ལྡོག་བཏང་བ་དང་བསྟུན་ཏེ་སྤྱི་ལོ1999 ལོར་མི་དོན་ལམ་ལུགས་བསྒྱུར་བཅོས་ཀྱི་ཚོད་ལྟའི་འགོ་བཙུགས་དང་སྤྱི་ལོ2005ལོར་མི་དོན་ལམ་ལུགས་བསྒྱུར་བཅོས་ཀྱིས་ལག་བསྟར་དངོས་སུ་བྱས་སྟབས། ལྷ་ས་སློབ་འབྲིང་དགེ་རྒན་གྱི་སྟོབས་ཤུགས་ཇེ་ཆེར་སོང་བ་དང་དགེ་རྒན་སྒྲིག་བཀོད་ཀྱི་གྲུབ་ཆ་ལའང་རིམ་བཞིན་ལེགས་སུ་ཕྱིན་ཡོད་ཅིང་སློབ་གྲྭར་ད་ལྟ་དགེ་རྒན་དང་ལས་བཟོ་མི་གྲངས220ལྷག་དང་དེའི་ནང་དགེ་རྒན་གྱིས་བརྒྱ་ཆ92ཟིན་ཡོད་ལ་དེའི་ནང་ནས་མཐོ་རིམ་དགེ་རྒན་གྱིས་བརྒྱ་ཆ21དང་དམའ་རིམ་དགེ་རྒན་གྱིས་བརྒྱ་ཆ54བཅས་ཟིན་ཡོད། རང་སྐྱོང་ལྗོངས་རིམ་པའི་སློབ་ཁྲིད་འཇོན་ཐང་ཅན་དང་རང་སྐྱོང་ལྗོངས་ཀྱི་མིང་གྲགས་དགེ་རྒན། རང་སྐྱོང་ལྗོངས་ཀྱི་རྐང་འཛིན་དགེ་རྒན་བཅས40ལྷག་ཙམ་ཡོད། རྒྱལ་ཡོངས་ཀྱི་ལྔ་གཅིག་ངལ་རྩོལ་གཟེངས་བསྟོད་འཐོབ་མཁན་དང་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་གྱི་སྔོན་ཐོན་མི་སྒེར། རྒྱལ་ཡོངས་ཀུན་སྤྱོད་མིག་དཔེ། རྒྱལ་ཡོངས་གསུམ་བརྒྱད་དར་དམར་མ་སོགས་རྒྱལ་ཁབ་རིམ་པའི་མཚན་སྙན་གཟེངས་བསྟོད་འཐོབ་མཁན་ཁྱོན་བསྡོམས་མི13ཡོད། སློབ་གྲྭའི་དགེ་རྒན་སྒྲིག་བཀོད་ཀྱི་གྲུབ་ཆ་སྤྱིའི་ཆ་ནས་ཚན་རིག་དང་མཐུན་པ་ཞིག་ཡིན།
5. སློབ་གསོ་སློབ་ཁྲིད་ཀྱི་དོ་དམ་ཐད། སློབ་གྲྭས་རྒྱུན་གཏན་གྱི་སློབ་ཁྲིད་དོ་དམ་ལ་མཐོང་ཧ་ཅང་ཆེན་པོ་བྱས་ཏེ། རྒྱུན་གཏན་ནས་སྤུས་ཚད་འཚོལ་བའི་ཐབས་ལམ་རྒྱུན་མཐུད་བྱས་ནས་སློབ་ཁྲིད་རྒྱུན་གཏན་བཞིན་ཞིབ་བཤེར་དང་བར་སྐབས་སློབ་ཁྲིད་ཀྱི་ནུས་པའི་ཚོད་རྒྱུགས་གཏོང་བ། ལོ་རིམ་གསུམ་པའི་བསྐྱར་སྦྱོང་གི་སྒྲིག་འཛུགས་པ་སློབ་མའི་གློག་རྡུལ་སྐྱིད་སྡུག་འཛུགས་པ་སོགས་ཀྱི་ཐོག་ལ་ཚན་རིག་ཅན་དང་ཚད་ལྡན་ཅན་གྱི་དོ་དམ་བཅས་མངོན་འགྱུར་ཐུབ་པས་ཕུན་སུམ་ཚོགས་པའི་ཉམས་མྱོང་གསོག་འཇོག་ཐུབ་ལ། དེས་ལྷ་ས་སློབ་འབྲིང་གི་སློབ་གསོ་སློབ་ཁྲིད་ཀྱི་སྤུས་ཚད་བརྟན་ལྷིང་ངང་གོང་མཐོར་སོང་ཡོད། སྤྱི་ལོ2011ལོར་ལྗོངས་ནང་ཁུལ་དུ་སློབ་གྲྭས་ཐེངས་དང་པོའི་ལོ་རིམ་ཚོགས་ཆུང་གི་དོ་དམ་རྣམ་པ་དེ་ལག་བསྟར་བྱས་པས་དོ་དམ་གྱི་ལམ་ལུགས་ལ་འགངས་ཆེའི་འཕོ་འགྱུར་བྱུང་ཡོད།
6. སློབ་གསོ་སློབ་ཁྲིད་ཀྱི་ཞིབ་འཇུག་ཐད། སྤྱི་ལོ1999ལོའི་སྤྱི་ཟླ་དང་པོར་ལྷ་ས་སློབ་འབྲིང་གིས་ལྗོངས་ནང་ཁུལ་ནས་ཆེས་སྔོན་མར་ཚན་རིག་སློབ་གསོ་ཞིབ་འཇུག་ཁང་ཞིག་བཙུགས་ཏེ་དེས་དགེ་རྒན་གྱི་ཟབ་སྦྱོང་དང་། སློབ་གསོ་སློབ་ཁྲིད་ཀྱི་ཞིབ་འཇུག དེ་བཞིན་སློབ་ཁྲིད་བསྒྱུར་བཅོས་སོགས་ཀྱི་ཞིབ་ཕྲའི་འགན་འཁུར་གྱི་ཡོད། སློབ་ཚན་ཁང་བཙུགས་པའི་རྗེས་སློབ་གསོ་སློབ་ཁྲིད་རིག་གཞུང་སློབ་སྦྱོང་དང་ཞིབ་བསྡུར། ཕུལ་བྱུང་སློབ་ཚན་འགྲན་བསྡུར། ན་གཞོན་དགེ་རྒན་གྱི་རྩ་བའི་འཇོན་ནུས་འགྲན་བསྡུར། དགེ་རྒན་གྱི་དཔྱད་རྩོམ་འདེམས་པ་སོགས་ཀྱི་བྱེད་སྒོ་སྤེལ་བས་རིམ་བཞིན་སློབ་གསོ་ཚན་ཞིབ་ལས་ཀ་ཚད་དང་ལྡན་པར་གྱུར། སྤྱི་ལོ2005ལོའི་སྤྱི་ཟླ7པའི་ནང་ཚུན་དུ་སློབ་གྲྭས་ཡང་ལྗོངས་ནང་ཁུལ་གྱི་སློབ་འབྲིང་ཀུན་སྤྱོད་ལས་ཀའི་གྲོས་ཞིབ་ཚོགས་འདུ་ཐེངས་མང་ཞིག་སྒྲིག་འཛུགས་ཁས་ལེན་བྱས་པས་ལྗོངས་ཕྱི་ནང་དུ་ཤུགས་རྐྱེན་ཆེ་ཙམ་བྱུང་ཡོད།
7. རྒྱབ་ཕྱོགས་འགན་སྲུང་དོ་དམ་ཐད། ལྷ་ས་སློབ་འབྲིང་གི་རྒྱབ་ཕྱོགས་དོ་དམ་ནི་ཚད་ལྡན་དང་ནུས་ཡོད་འགན་སྲུང་ཞིག་ཡིན། སློབ་གྲྭས་ཚད་ལྡན་གྱི་སློབ་གྲྭ་དང་སློབ་གྲྭའི་ཉལ་ཁང་དེ་བཞིན་སློབ་གྲྭའི་ཐོན་སྐྱེད་དོ་དམ་ལམ་ལུགས་གཏན་འབེབས་བྱས་ཏེ། རྒྱབ་ཕྱོགས་ལས་དོན་མི་སྣས་སེམས་རྩ་འཁོལ་པོས། སློབ་ཁྲིད་འཐབ་ས་མདུན་མར་དགེ་སློབ་རྣམས་ཀྱི་འཚོ་བར་ཞབས་འདེགས་ཞུ་ཡི་ཡོད། དགེ་སློབ་ཀྱི་ཟ་ཁང་ནང་དུ་འགྲན་རྩོད་ཀྱི་ལམ་ལུགས་ཤིག་འདྲེན་པར་བྱས་ཏེ་ཉིན་ལྟར་ཟས་རིགས་ཕུན་སུམ་ཚོགས་ཤིང་གཙང་སྦྲའི་འཕྲོད་བསྟེན་ཐད་ལའང་འགན་ལེན་བྱུང་ཡོད།
བཞི། མི་སྣ་གསོ་སྐྱོང་བྱ་རྒྱུ་རྩ་བར་བཟུང་ཐོག་ཁོར་ཡུག་གི་མཐུན་རྐྱེན་བསྐྲུན།
དུས་རབས་ཕྱེད་ཀ་ལྷག་གི་རིང་། ལྷ་ས་སློབ་འབྲིང་གི་སློབ་གསོ་སློབ་ཁྲིད་ཀྱི་ཁོར་ཡུག་དང་མཐུན་རྐྱེན་ཐད་གནམ་ས་བླ་འོག་གི་འཕེལ་རྒྱས་ཕྱིན་ཡོད་དེ། བདེ་འཁོད་ཀྱི་སློབ་ར། འཆམ་མཐུན་གྱི་སློབ་རས། སྤྱི་ཚོགས་ལ་མི་སྣ་གསོ་སྐྱོང་བྱེད་སའི་ཕུལ་བྱུང་གི་གནས་ཤིག་འཛུགས་སྐྱོང་དང་འདོན་སྤེལ་བྱས་ཡོད།
-སྔོན་ཐོན་གྱི་སློབ་ཁྲིད་ཡོ་བྱད་དང་འཐུས་ཚང་གི་འཛུགས་སྐྲུན་ཡོད་དེ། ད་ལྟའི་བར། སློབ་གྲྭའི་ནང་སློབ་ཁྲིད་ཁང་ཆེན་དང་ཕྱོགས་བསྡུས་ཁང་ཆེན། དེ་བཞིན་ཚོད་ལྟའི་ཁང་ཆེན། གཞུང་ལས་ཐོག་བརྩེགས་ཁང་། ལུས་རྩལ་ཁང་ཆེན་སོགས་དེང་དུས་ཀྱི་གཞི་རྒྱ་ཆེ་བའི་འཛུགས་སྐྲུན་ཁང་ཆེན་དག་དང་། ད་དུང་སློབ་ཁྲིད་ཁུལ། གཞུང་ལས་ཁུལ། སློབ་སྡོད་ཉལ་ཁང་ཁུལ། ལུས་རྩལ་ཁུལ། ལས་བཟོའི་སྡོད་ཁུལ་ལ་སོགས་པའི་ཁུལ་སོ་སོའི་དབྱེ་བ་དང་ཇུས་འགོད་འོས་ཤིང་འཚམ་པ་ཞིག་ཡོད། སློབ་གྲྭར་ད་དུང་གནམ་རིག་བརྟག་དཔྱད་ཁང་། གློག་རྡུལ་སློབ་དཔྱོད་ཁང་། དངོས་ཁམས་ཚོད་ལྟ་ཁང་། རྫས་འགྱུར་ཚོད་ལྟ་ཁང་། སྐྱེ་དངོས་ཚོད་ལྟ་ཁང་སོགས་ཀྱི་སྒྲིག་ཆས་དང་ཡོ་བྱད་དག་འཐུས་ཚང་དང་སྔོན་ཐོན་འབའ་ཞིག་ཡིན། གོང་གི་ཚོད་ལྟ་ཁང་དག་ཙུའུ་སོ་སོས་ཚོད་ལྟ་བྱེད་པའི་ཚད་དེ་བརྒྱ་ཆ98ཡན་ཟིན་གྱི་ཡོད། དཔེ་མཛོད་ཁང་ལ། ཚད་ལྡན་གྱི་རེ་བ་དང་དགོས་མཁོ་ལྟར། ལས་བཟོའི་དཔེ་གཟིགས་ཁང་དང་སློབ་མའི་དཔེ་གཟིགས་ཁང་དེ་བཞིན་དཔེ་དེབ་གཡར་ས་སོགས་ཀྱི་རིགས་དབྱེ་བྱས་ཡོད་ལ། ཁྱོན་བོད་ཡིག་དཔེ་དེབ་ཁྲི5ལྷག དུས་དེབ་མི་འདྲ་བ220ཡན། ཚགས་པར་གྱི་རིགས54ཙམ་ཡོད་ཅིང་ད་དུང་ལག་ཆའི་རང་བཞིན་གྱི་དཔེ་དེབ་རིགས་མི་འདྲ་བ539ཙམ་མཆིས།
-སྟབས་བདེ་ཞིང་ཆ་ཚང་བའི་འཚོ་བའི་སྒྲིག་ཆས་དང་མཐུན་རྐྱེན་ལེགས་ཏེ། མིག་སྔར་སློབ་གྲྭའི་ནང་ལས་བཟོའི་སྡོད་ཁང་ཁྱོན་སྟར་པ9དང་དེ་བཞིན་ལས་བཟོའི་བྱེད་སྒོ་ཁང1 སློབ་ཕྲུག་གི་ཉལ་ཁང་སྟར་པ6བཅས་ཡོད་ཅིང་ལས་བཟོའི་སྡོད་ཁང་ཚང་མའི་ནང་དུ་ཆུ་དང་གློག ཉི་འོད་ནུས་པར་བརྟེན་པའི་ཆུ་ཚ་པོ་བཟོ་ཆས། དེ་བཞིན་དྲ་སྦྲེལ་སྐུད་ལམ་སོགས་འཚོ་བའི་མཐུན་རྐྱེན་དག་ཧ་ཅང་སྟབས་བདེ་ལ་འཐུས་སྒོ་ཚང་བ་ཞིག་ཡོད། སློབ་མའི་ཉལ་ཁང་ལ་ཁྱོན་ཉལ་ཁྲི1064ཡོད་ཅིང་ཉལ་ཁང་ཐོག་བརྩེགས་སོ་སོར་གསང་སྤྱོད་དང་འཁྲུས་ཁང་རེ་ཡོད་ལ། ཉལ་ཁང་ནང་སྟབས་བདེའི་གོས་སྒྲོམ་སོགས་མདོར་ན་སློབ་མའི་ཉལ་ཁང་འདི་དག་ངོས་གཙང་ལ་རྒྱ་ཆེ་བ། སྟབས་བདེ་ཞིང་སྐྱིད་སྣང་ལྡན་པ་འབའ་ཞིག་ཡོད། ཁྱོན་རྨིད་གྲུ་བཞི་མ5726ལྷག་གི་སློབ་གྲྭའི་ཟ་ཁང་ཆེན་མོ་དེར། དགེ་སློབ2800ལྷག་ཙམ་གྱིས་དུས་གཅིག་ལ་བཟའ་བཏུང་ལ་རོལ་ཆོག སློབ་གྲྭའི་སྨན་ཁང་དུ་ཆེད་ལས་སྨན་ཞབས་མི་སྣ 2དང་། རྒྱུན་བཀོལ་སྨན་བཅོས་ལག་ཆ་དང་སྨན་རིགས་སོགས་སྣ་ཁ་འཛོམས་ལ་འཐུས་སྒོ་ཚང་བ་ཞིག་ཡོད། ཉེ་བའི་ལོ་གཉིས་ནང་སློབ་གྲྭས་སླར་ཡང་མ་དངུལ་ཕོན་ཆེན་བཏང་སྟེ། སློབ་གྲྭའི་ནང་སྐྱེད་ཚལ་གླིང་དང་སློབ་འཛུགས་དྲན་གསོ་ཁང་། དེ་བཞིན་ལས་བཟོའི་སྐྱིད་སྡུག་ཁང་ལ་སོགས་པ་གསར་སྐྲུན་བྱས་ཡོད། རྩི་ཤིང་རིགས་མི་འདྲ་བ52ཙམ་གསར་དུ་འདེབས་འཛུགས་བྱས་ཤིང་། ལོ་བརྒྱ་ཡན་གྱི་སྡོང་རྒན28ལྷག་སྲུང་སྐྱོབ་གང་ལེགས་བྱས་ཏེ་སྔར་བཞིན་སློབ་རའི་ནང་དུ་མཛེས་པའི་འདབ་རྒྱ་ལྷུག་པོར་གྲོལ་ཞིང་མཆིས། སྔོ་ལྗང་གིས་བཟུང་བའི་རྒྱ་ཁྱོན་དེས་སློབ་གྲྭའི་སྤྱིའི་རྒྱ་ཁྱོན་གྱི་བརྒྱ་ཆ52ཟིན་ཡོད། མདོར་ན། སློབ་རའི་གྲུ་ཟུར་ཡོངས་ནས་སྔོ་ལྗང་རྩི་ཤིང་དག་གི་ལོ་འདབ་རླུང་གིས་བསྐྱོད་ཅིང་། ཁོད་སྙོམས་?་གཅལ་འཇམ་ཞིང་ཡངས་པའི་ཐོག དཀར་ཆ་དོད་པའི་སློབ་ཁྲིད་ཁང་ཆེན་སོགས་མཛེས་སྡུག་ཁོར་ཡུག་གིས་དགེ་སློབ་རྣམས་ལ་སློབ་སྦྱོང་དང་། ལས་ཀ འཚོ་བ་བཅས་ལ་ཆ་རྐྱེན་གང་ལེགས་བསྐྲུན་ཡོད།
-ལུས་རྩལ་སྒྲིག་ཆས་ཕུན་སུམ་ཚོགས་ཤིང་དོ་དམ་རིམ་ཆགས་སུ་ཡོད་དེ། སློབ་གྲྭའི་ནང་རྒྱ་ཁྱོན་རྨིད་གྲུ་བཞི་མ5323ཡོད་པའི་ཕྱོགས་བསྡུས་རང་བཞིན་གྱི་ལུས་རྩལ་ཐོག་ཁང་ཞིག་གསར་སྐྲུན་བྱས་ཡོད་ཅིང་ནང་དུ་རྨིད60ཡི་འགྱིག་གདན་རྒྱུག་ལམ་བཟོས་ཡོད་ལ། ལག་རྩེད་སྤོ་ལོ་དང་། ཕའེ་ཆིའུ་སྤོ་ལོ། དེ་བཞིན་ཕིང་ཕང་སྤོ་ལོ་རྩེ་ས་སོགས་ཡོད། འཁྲབ་སྟོན་གར་སྟེགས་དང་དེ་འབྲེལ་གྱི་སྐད་སྦྲིག་དང་གློག་སྒྲོན་སོགས་ཀྱི་སྒྲིག་ཆས་ཀྱང་དེ་བས་འཐུས་སྒོ་ཚང་ཞིང་རྣམ་གྲངས་མང་། ཕྱོགས་བསྡུས་རང་བཞིན་གྱི་ལུས་རྩལ་ཁང་ཆེན་དེའི་ནང་དུས་གཅིག་ཏུ་ཁྱོན་མི3000ལྷག་གིས་མཉམ་དུ་སྒྱུ་རྩལ་འཁྲབ་སྟོན་དང་ལུས་རྩལ་འགྲན་བསྡུར་སོགས་ལ་དགྱེས་གཟིགས་བྱེད་ཐུབ། སློབ་རའི་ནང་འགྱིག་གདན་ཅན་གྱི་ལག་རྩེད་སྤོ་ལོའི་ཐང8དང་། རྨིད400ཅན་གྱི་འགྱིག་གདན་རྒྱུག་ལམ་གྱིས་བསྐོར་བའི་དཀྱིལ་དུ་རྒྱ་ཁྱོན་ལ་རྨིད་གྲུ་བཞི་མ7100ཡོད་པའི་མིས་བཟོས་རྩྭ་གདན་གྱི་རྐང་རྩེད་སྤོ་ལོའི་ཐང་ལྗང་ཐིང་ངེར་གནས། ཕིང་ཕང་སྤོ་ལོའི་སྒྲོམ་སྟེགས22དང་ལུས་སྦྱོང་སྒྲིག་ཆས་ཆ་ཚང8བཅས་ཡོད། སློབ་གྲྭས་ལྷ་ས་སློབ་འབྲིང་གི་ལུས་རྩལ་ལས་ཀའི་སྲོལ་ཡིག་གཏན་འཁེལ་བྱས་ཤིང་ལུས་རྩལ་སྒྲིག་ཆས་དང་ཡོ་བྱད་དག་ལ་དོ་དམ་དང་ཉམས་བཟོ་སོགས་ཆེད་དུ་འགན་འཁུར་མི་སྣ་བཀོད་སྒྲིག་བྱས་ཡོད་པས་དགེ་སློབ་ཚོར་ཚན་རིག་དང་མཐུན་པའི་མཛུབ་ཁྲིད་བྱས་རྐྱེན་ལུས་སྦྱོང་གི་བདེ་འཇགས་དང་སྒྲིག་ཆས་དོ་དམ་ཐད་འགན་ལེན་གྱི་ནུས་པ་ཆེན་པོ་ཐོན་བཞིན་ཡོད།
-སློབ་རའི་རིག་གནས་ཀྱི་བྱེད་སྒོ་ཁག་དེ་བས་ཕུན་སུམ་ཚོགས་སུ་བཏང་ནས་སློབ་གསེང་གི་འཚོ་བ་སྔར་བས་འཁྲུག་ཆ་དོད་པ་དང་རྒྱུན་ཆད་མེད་པའི་གསར་གཏོད་རང་བཞིན་ཞིག་མཆིས་ཏེ། སློབ་གྲྭའི་ནང་མཛེས་རྩལ་དང་། རོལ་དབྱངས། ཞབས་བྲོ་བཅས་ལ་སོ་སོར་སློབ་ཁང་རེ་ཡོད་ལ། སློབ་ཁང་སོ་སོར་ཆེད་སྤྱོད་སྒྲིག་ཆས་ཏེ་རོལ་ཆས་སྣ་ཚོགས་དང་རི་མོའི་མཁོ་ཆས་དག་རྒྱལ་ཁབ་ཀྱི་རིམ་པ་གཉིས་པའི་ཚད་གཞིར་སླེབས་ཡོད། ད་དུང་སློབ་རའི་ནང་རིག་གནས་གྱང་ངོས་དང་ཀུན་སྤྱོད་འགྲེམ་སྟོན་ཁང་། སློབ་མའི་ཚན་རྩལ་གསར་གཏོད་ཀྱི་གྲུབ་འབྲས་འགྲེམ་སྟོན་ཁང་། སློབ་གྲྭའི་ལོ་རྒྱུས་འགྲེམ་སྟོན་ཁང་ལ་སོགས་སློབ་གྲྭ་རང་གཉེར་གྱི་སློབ་གསོའི་རྟེན་གཞི་མང་པོ་ཡོད་ལ། སློབ་ཁང་དང་གཞུང་ལས་ཁང་སོགས་ཀྱི་བར་ཁྱམས་ལྡེབས་ངོས་སུ་སློབ་མའི་ཡིག་གཟུགས་དང་པར་རིས་སོགས་ཕུལ་བྱུང་གི་བརྩམས་ཆོས་མང་པོ་བཀལ་ཡོད་ལ། དེ་བཞིན་དུ་མཁས་པའི་ཞལ་གདམས་སྣ་ཚོགས་ཀྱང་སྦྱར་ཡོད་པ་འདི་དག་གིས་གཅིག་ནས་སློབ་རའི་རིག་གནས་ཀྱི་མཁའ་དབུགས་ཇེ་སྟུག་ཏུ་སོང་བ་དང་། གཉིས་ནས་སློབ་གྲྭའི་ཐུན་མིན་གྱི་ཁྱད་ཆོས་ཤིག་དང་བདེ་ཐང་ཡར་ཐོན་གྱི་ཁོར་ཡུག་ཞིག་དེ་བས་ཅི་ལ་མིན།
ལྔ། ཕུལ་བྱུང་གྲུབ་འབྲས་ཀྱིས་དེ་རིང་ལ་ལྟ་བ།
སློབ་གཉེར་གྱི་ཆུ་ཚད་ལ་སྤྱི་ཚོགས་ཀྱིས་ཚད་མཐོའི་བསྔགས་བརྗོད་ཐོབ་པ། ད་བར་ལྷ་ས་སློབ་འབྲིང་གིས་དམའ་འབྲིང་དང་མཐོ་འབྲིང་གི་སློབ་ཐོན་སློབ་མ་ཁྱོན་མི་གྲངས་ཁྲི༢ཙམ་གསོ་སྐྱོང་བྱས་ཡོད་པ་དང་། དེའི་ནང་ནས་རྒྱལ་ཡོངས་ཀྱི་སློབ་གྲྭ་ཆེ་ཁག་ལ་ཁྱོན་མི་གྲངས་ཁྲི11བསྐྱལ་ཡོད། ད་ལྟ། ངེད་སློབ་གྲྭ་ནས་ཐོན་པའི་སློབ་མ་བོད་ལྗོངས་ཁུལ་དང་ཐ་ན་རྒྱལ་ཡོངས་ཁུལ་ཚང་མར་ཁྱབ་ཡོད། དེ་དག་གི་ནང་ནས་འགའ་རེ་ནི་ཏང་སྲིད་ཀྱི་འགོ་ཁྲིད་དང་། ཁ་ཤས་ནི་རིགས་གཅིག་མཁས་དབང་། རེ་འགའ་ནི་ལས་རིགས་ཀྱི་ཕུལ་བྱུང་མི་སྣ་སོགས་ཆགས་ཡོད། མདོར་ན་ལྷ་ས་སློབ་འབྲིང་གི་སློབ་ཁྲིད་གྲུབ་འབྲས་ལ་གོང་རིམ་འགོ་ཁྲིད་ཀྱི་ཚད་མཐོའི་གདེང་འཇོག་དང་། སྤྱི་ཚོགས་ཁྱོན་ཡོངས་ཀྱི་ཚད་མཐོའི་བསྔགས་བརྗོད་ཐོབ་ཡོད། སློབ་གྲྭར་སྔ་རྗེས་སུ་ཀྲུང་དབྱང་འཐབ་ཕྱོགས་གཅིག་འགྱུར་པུའུ་དང་། མི་དོན་པུའུ་དང་། སློབ་གསོ་པུའུ། རིག་གནས་པུའུ་སོགས་ཀྲུང་དབྱང་ཚན་པས་རྒྱལ་ཡོངས་སློབ་གྲྭའི་སྒྱུ་རྩལ་སློབ་གསོའི་སྔོན་ཐོན་ཚན་པ་དང་། རྒྱལ་ཡོངས་ཀྱི་བསམ་པའི་དཔལ་ཡོན་དར་བའི་སྔོན་ཐོན་ཚན་པ། རྒྱལ་ཡོངས་སློབ་གསོའི་ཁོངས་གཏོགས་ཀྱི་སྔོན་ཐོན་ཚན་པ། རྒྱལ་ཡོངས་ཁྱིམ་ཚང་སློབ་གསོའི་སྔོན་ཐོན་ཚན་པ་སོགས་མཚན་བཟང་མང་པོ་ཐོབ་ཡོད་ལ། ལྗོངས་ཏང་ཨུད་སྲིད་གཞུང་དང་། སློབ་གསོ་ཐིང་ནས། ལྗོངས་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་སྔོན་ཐོན་ཚན་པ་དང་། བོད་རང་སྐྱོང་ལྗོངས་ཤེས་དཔལ་དར་བའི་ཚན་པ། སྔོན་ཐོན་གཞི་རིམ་གྱི་ཏང་རྩ་འཛུགས་སོགས་ཀྱི་བྱ་དགའ་ཐེངས་མང་ཐོབ་ཡོད། སློབ་གྲྭ་འདི་ནི་བོད་རང་སྐྱོང་ལྗོངས་རྒྱལ་སྲུང་སློབ་གསོའི་གནས་གཞི་དང་། ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་ཁྲེང་ཏུའུ་དམག་ཁུལ་རྒྱལ་སྲུང་སློབ་མའི་ཡོངས་ཁུངས་གནས་གཞི་དང་ཀྲུང་གོ་མི་དམངས་དྲག་ཆས་ཉེན་རྟོག་པུའུ་རྒྱལ་སྲུང་སློབ་མའི་ཡོངས་ཁུངས་གནས་གཞི་ཡིན། མ་ཟད་ལྗོངས་ཡོངས་ཀྱི་ནང་ནས2011ལོར་པེ་ཅིང་སློབ་གྲྭ་ཆེན་མོར་སློབ་འབྲིང་སློབ་མ་སློབ་སྤྱིས་མིང་འདོན་འོས་སྦྱོར་བྱེད་དབང་ཐོབ་པའི་མཐོ་རིམ་སློབ་འབྲིང་གཅིག་པུ་དེ་ཡིན།
-དགེ་རྒན་གྱི་བྱང་ཚད་མཐོ་ལ། སློབ་གྲྭའི་རང་སྤྱོད་བསླབ་གཞིའི་རྒྱུ་ཆ་ཕུན་སུམ་ཚོགས་པ། དགེ་རྒན་གྱི་བྱང་ཚད་མཐོར་འདེགས་ཡོང་ཆེད། སློབ་གྲྭས་དགེ་རྒན་ཡོངས་ལ། དྲ་སྦྲེལ་གྱི་འབྱུང་འགྱུར་དགེ་རྒན་དེང་རབས་སློབ་གསོའི་ལག་རྩལ་སྦྱོང་བརྡར་བྱས་ཡོད། ད་ལྟ་དགེ་རྒན་ཚང་མས་སློབ་ཁྲིད་མཉེན་ཆས་བཟོས་ཏེ་སློབ་ཚན་འཁྲིད་ཀྱི་ཡོད། མ་ཟད་སློབ་གྲྭས་རང་རྒྱུགས་དང་། འཕྲིན་རྒྱུད་སློབ་ཁྲིད། ལས་གཞག་སྦྱོང་བརྡར་སོགས་ལ་བརྟེན་ནས། དགེ་རྒན་ལས་བཟོའི་ལས་ཞོར་སྦྱོང་བརྡར་བྱེད་ནུས་གོང་མཐོར་བཏང་ཡོད། ད་ལྟ་ཞིབ་འཇུག་སློབ་མའི་སློབ་གནས་ཐོབ་པའི་དགེ་རྒན16ཡོད་པ་དང་། དགེ་རྒན100ལྷག་ཙམ་གྱིས་རྣམ་པ་མི་འདྲ་བའི་སྦྱོང་བརྡར་དང་ལེན་བྱས་ཡོད།
སློབ་གྲྭས་གཏིང་ཟབ་པའི་རིག་གནས་ཀྱི་རྨང་གཞི་བེད་སྤྱོད་གང་ལེགས་དང་། སློབ་གསོ་སློབ་ཁྲིད་ཀྱི་རྒྱུ་ཆ་གཉིས་ཟུང་འབྲེལ་བྱས་ནས། སློབ་གྲྭའི་རང་སྤྱོད་སློབ་ཚན་དང་། རང་སྤྱོད་བསླབ་གཞི། རང་སྤྱོད་ཞིབ་འཇུག་བྱ་གཞི། རང་སྤྱོད་དྲ་བའི་རྒྱུ་ཆ་བཅས་ལ་ཞིབ་འཇུག་དང་གསར་སྤེལ་བྱེད་ནུས་ཤུགས་ཆེར་བཏང་ཡོད་པས། གྲུབ་འབྲས་ཀྱང་ངེས་གཏན་ཞིག་ཐོབ་ཡོད། སློབ་གྲྭས་འདེམས་སྦྱོང་སློབ་ཚན་དང་། བྱེད་སྒོའི་སློབ་ཚན། ཞིབ་འཇུག་རང་བཞིན་གྱི་ཚོད་ལྟའི་སློབ་ཚན་བཅས་གཉེར་ཡོད་ལ། ལུས་རྩལ་ཚོགས་པ་དང་། ཞབས་བྲོའི་ཚོགས་པ། མཉམ་གཞས་ཚོགས་པ། རི་མོ་པར་ལེན་ཚོགས་པ་སོགས་སློབ་མའི་སློབ་ཞོར་ཚོགས་པ་མི་འདྲ་བ40 ཙམ་བཙུགས་ནས། རྒྱུན་དུ་འགྲན་སྡུར་སྣ་ཚོགས་སྤེལ་གྱི་ཡོད། ད་བར་སློབ་རའི་རིག་གནས་སྒྱུ་རྩལ་དུས་ཆེན་ཐེངས8སྤེལ་ཡོད། དེ་བཞིན་གནས་ཚད་མི་འདྲ་བར་གཞིགས་ཏེ་དབྱིན་ཡིག་སློབ་ཁྲིད་དང་། ཁ་སྐད་དབྱིན་ཡིག་སློབ་ཁྲིད་བཙུགས་ཡོད། བོད་ཡིག་ཚོགས་ཆུང་གི་དགེ་རྒན་རྣམ་པས་བོད་སྐད་ཡིག་རང་སྤྱོད་བསླབ་གཞི་དང་སློབ་ཁྲིད་དཔྱད་ཡིག་སྒྲིག་བཟོ་བྱས་ཡོད་པ་དང་། རྒྱ་ཡིག་ཚོགས་ཆུང་གི་དགེ་རྒན་རྣམ་པས《རྒྱའི་སྐད་ཡིག་གསབ་ཁྲིད་དཔྱད་ཡིག》སྒྲིག་བཟོ་བྱས་ཡོད། རྫས་འགྱུར་དང་སྐྱེ་དངོས་ཚོགས་ཆུང་གིས《སྔ་ལོའི་མཐོ་རྒྱུག་ལ་དབྱེ་ཞིབ་བྱས་པའི་སློབ་དེབ》སོགས་ཀྱི་རང་སྤྱོད་བསླབ་གཞི་མང་དག་ཅིག་སྒྲིག་བཟོ་བྱས་ཡོད། ད་དུང་མཐོ་རིམ་དགེ་རྒན་དང་ཕུལ་བྱུང་དགེ་རྒན་ཁག་གཅིག་གིས་གཙོ་སྐྱོང་བྱས་པའི་ཞིབ་འཇུག་ལས་གཞི་ཁག15ཙམ་སྤྱིའི་ཆ་ནས་ལེགས་གྲུབ་ཐུབ་ཡོད། དེང་རབས་སློབ་གསོའི་ལག་རྩལ་གྲུབ་འབྲས་ཕུན་སུམ་ཚོགས་པོ་ཡོད་དེ། ལོ་ལྟར་སློབ་ཆས250ཙམ་གསར་བཟོ་དང་། མཉེན་ཆས་རིགས20ཙམ་གསར་སྤེལ་བྱས་ཡོད། ད་ལྟ་བོད་ལྗོངས་ཁུལ་གྱི་སློབ་ཁྲིད་དོན་དངོས་དང་འཚམ་པའི་སློབ་ཁྲིད་རྒྱུ་ཆ་བཟོ་མུས་སུ་ཡོད།
-ཀུན་སྤྱོད་སློབ་གསོ་གཙོ་བོར་འཛིན་རྒྱུ་རྒྱུན་འཁྱོངས་བྱས་ཏེ། ཀུན་སྤྱོད་སློབ་གསོའི་ཁྱད་ཆོས་ཐོན་པར་བྱེད་པ།
སློབ་གྲྭས་སྔ་ཕྱི་བར་གསུམ་དུ་ཀུན་སྤྱོད་སློབ་གསོ་གཙོ་བོར་འཛིན་རྒྱུ་རྒྱུན་འཁྱོངས་བྱས་ཏེ། སློབ་སྤྱིས་གཙོ་བོ་དང་སྲིད་སློབ་ཁོའོ་ཀྲང་གིས་ཆེད་མངགས་འགན་འཁུར་བའི་ཀུན་སྤྱོད་སློབ་གསོའི་དོ་དམ་ཚན་པ་བཙུགས་ཤིང་། ལས་བཟོ་ཡོངས་ཀྱིས་ཀུན་སྤྱོད་སློབ་གསོ་སྤེལ་བ་དང་། བརྒྱུད་རིམ་ཚང་མར་ཀུན་སྤྱོད་སློབ་གསོ་སྤེལ་བ། ཕྱོགས་ཡོངས་ནས་ཀུན་སྤྱོད་སློབ་གསོ་སྤེལ་བ་བཅས་དང་། ཀུན་སྤྱོད་སློབ་གསོའི་མཛུབ་སྟོན་པའི་ལམ་ལུགས་བཙུགས་ཏེ། སྲིད་སློབ་ཁོའོ་དང་ལོ་རིམ་ཚོགས་ཆུང་། འཛིན་གྲྭའི་ཀྲུའུ་རེན། སློབ་ཁྲིད་དགེ་རྒན། ཁྱིམ་བདག སྤྱི་ཚོགས་ཀྱི་འབྲེལ་ཡོད་ཚན་པ། དེ་བཞིན་གུང་གཞོན་སྡེ་ཚོགས་དང་། སློབ་ཕྲུག་ཚོགས་པ། སློབ་ཕྲུག་སློབ་སྲུང་རུ་ཁག་སོགས་ཕན་ཚུན་གཞོགས་འདེགས་ཀྱི་ཀུན་སྤྱོད་སློབ་གསོའི་ལས་དོན་སྤེལ་བའི་མ་ལག་ཆགས་པར་བྱས་ཐོག དགེ་རྒན་ཚང་མས་སློབ་ཁྲིད་ཀྱིས་ཀུན་སྤྱོད་གསོ་བ་དང་། དོ་དམ་གྱིས་ཀུན་སྤྱོད་གསོ་བ། ཞབས་ཞུས་ཀུན་སྤྱོད་གསོ་བ་བཅས་བྱེད་ཀྱི་ཡོད། སློབ་གྲྭས་ལག་ལེན་དངོས་ཀྱི་ཀུན་སྤྱོད་སློབ་གསོ་སྤེལ་རྒྱུར་མཐོང་ཆེན་བྱས་ཏེ། ལོ་ལྟར་སློབ་ཕྲུག་སྒྲིག་འཛུགས་ཀྱིས་སྤྱི་ཕན་བྱེད་སྒོ་དང་སྤྱི་ཚོགས་ཀྱི་བྱ་བར་ཞུགས་པར་མ་ཟད། ལྗོངས་དྲིལ་བསྒྲགས་པུའུ་དང་། སློབ་གསོ་ཐིང་། ཚན་རྩལ་མཐུན་ཚོགས་སོགས་ཀྱིས་སྒྲིག་འཛུགས་བྱས་པའི་རིག་རྩལ་བྱེད་སྒོ་དང་། དམག་སྦྱོང་བྱེད་སྒོ། ཁོར་ཡུག་སྲུང་སྐྱོབ་བྱེད་སྒོ། རྒྱ་གྲམ་དམར་པོའི་དང་བླངས་པའི་ཞབས་ཞུའི་བྱེད་སྒོ་སོགས་ལ་ཞུགས་པ་དང་། སློབ་ཕྲུག་སྒྲིག་འཛུགས་ཀྱིས་ལྗོངས་དངོས་མང་བཤམས་སྟོན་ཁང་དང་། བོད་དམག་ཁུལ་ཁང་གི་དམག་དོན་བཤམས་སྟོན་ཁང་། དྲག་ཆས་ཉེན་རྟོག་སྤྱི་ཁྱབ་རུ་ཆེན་གྱི་གཟིགས་བཟོས་ཁང་སོགས་ལ་ལྟ་སྐོར་བྱེད་པ། དེ་བཞིན་ཐེན་ཀོན་སན་གྱི་བང་སོ་འཕྱག་པ། བྱིས་པའི་ཕན་བདེ་ཁང་དང་རྒན་གསོ་ཁང་ལ་དྲོ་སྐྱིད་སྐྱེལ་བའི་བྱེད་སྒོ་སྤེལ་བ་སོགས་ཡུལ་དུས་གང་མཐུན་གྱིས་རྒྱལ་གཅེས་རིང་ལུགས་དང་ཐུན་མོང་རིང་ལུགས་ཀྱི་སློབ་གསོ་བྱེད་ཀྱི་ཡོད། །
-སློབ་ཁྲིད་ཀྱི་སྤུས་ཚད་ལེགས་ཤིང་། གྲུབ་འབྲས་གཡུར་དུ་ཟ་བ།
1997ལོ་ནས་བཟུང་སློབ་གྲྭའི་གཞི་ཁྱོན་ཇེ་ཆེར་འགྲོ་བ་དང་ཆབས་ཅིག་སྦྱངས་འབྲས་ཀྱང་ཇེ་མཐོར་ཕྱིན་ཡོད། དེ་སྔའི་འཛིན་གྲྭ24ནས་རིམ་བཞིན་འཛིན་གྲྭ48ཆགས་པ་དང་། ཉེ་བའི་ལོ་ཤས་ནང་མཐོ་རྒྱུགས་ཀྱི་སྦྱངས་འབྲས་མཐོ་ལ་བརྟན་པོ་ཡོད་པ་སྟེ། ལོ་ལྟར་སློབ་ཆེན་གྱི་དངོས་གཞིའི་སློབ་མར་ལོན་ཚད་བརྒྱ་ཆའི80ཡན་ཆད་དང་། སློབ་ཆེན་ལ་རྒྱུགས་ལོན་ཚད་བརྒྱ་ཆའི98ཡན། གཙོ་གནད་སློབ་ཆེན་ལ་ལོན་ཚད་བརྒྱ་ཆའི30ཡན་བཅས་ཟིན་པར་མ་ཟད། སློབ་ཕྲུག40ལྷག་ཙམ་ཆིང་ཧྭ་སློབ་ཆེན་དང་པེ་ཅིང་སློབ་ཆེན་ལ་རྒྱུགས་ལོན་པ་དང་། སྔ་རྗེས་སུ་སློབ་ཕྲུག13ལ་ལྗོངས་ཡོངས་ཀྱི་མཐོ་རྒྱུགས་ཨང་དང་པོ་ཐོབ་པ་རེད། ཉེ་ལམ་སློབ་གྲྭས་ཧུང་ཀྲེ་འཛིན་གྲྭ8གཉེར་ཞིང་། དེ་དག་ལ་སྦྱངས་འབྲས་ཕུལ་དུ་བྱུང་བ་ཐོབ་པ་དང་། ལྷག་པར་དུ2011ལོའི་ཧུང་ཀྲེ་འཛིན་གྲྭར་གཙོ་གནད་སློབ་ཆེན་ལ་ལོན་ཚད་བརྒྱ་ཆ96གི་དམིགས་བསལ་གྲུབ་འབྲས་ཐོབ་པ་རེད། ད་ཆ་སློབ་གསོ་པུས་ཧུང་ཀྲེ་འཛིན་གྲྭར་ཁུང་ཧྥན་སན་འཛིན་གྲྭའི་མཚན་སྙན་བཏགས་ཤིང་། ལྷ་ས་སློབ་འབྲིང་གི་སློབ་ཁྲིད་ཀྱི་སྤུས་ཚད་དང་། ཕུལ་བྱུང་གི་སྦྱངས་འབྲས་སོགས་ཀྱིས་ལྗོངས་ཕྱི་ནང་དུ་སློབ་གྲྭ་གྲགས་ཅན་གྱི་མིང་རྟགས་བཏོད་ཅིང་། གོང་རིམ་དབུ་ཁྲིད་དང་སྤྱི་ཚོགས་ཡོངས་ཀྱིས་ཚད་མཐོའི་གདེང་འཇོག་དང་ཁས་ལེན་ཡང་དག་བྱེད་ཀྱི་ཡོད།
ལྷ་ས་སློབ་འབྲིང་གི་ཕུལ་བྱུང་གྲུབ་འབྲས་ནི་ཆེད་ལས་ཀྱི་ཆུ་ཚད་མཐོ་ལ་ལས་གནས་ལ་དགའ་ཞེན་ཆེ་བའི་དགེ་རྒན་ཁྱུ་གཅིག་གིས་བཏོད་ཅིང་། དེ་ཚོའི་ཁྲོད་སློབ་གྲྭ་ཐོག་མར་དབུ་བརྙེས་སྐབས་བྱུང་བའི་རྒྱལ་ཡོངས་ཀྱི་ཕུལ་བྱུང་ལུས་རྩལ་དགེ་རྒན་འཇམ་དབྱངས་བློ་བཟང་དང་། རྒྱལ་ཡོངས་ཀྱི་ཕུལ་བྱུང་ཚན་རྩལ་ཟུར་ཁྲིད་པ་ཚེ་བརྟན་དབང་ཕྱུག་ཕུད། ད་དུང་དེང་གི་རྒྱལ་ཡོངས་ཕུལ་བྱུང་འཛིན་གྲྭའི་ཀྲུའུ་རེན་ཕུར་སྒྲོན་དང་། རྒྱལ་ཡོངས་སྤྱོད་བཟང་དགེ་རྒན་ལིའུ་ཧྲུའུ་ཇུན། ལི་ཙེད་ལེང་། དེ་བཞིན་རང་སྐྱོང་ལྗོངས་ཀྱི་ཕུལ་བྱུང་སློབ་ཁྲིད་པ། སྤྱོད་བཟང་དཔེ་མཚོན་པ་སོགས་ལས་བྱུང་བའོ། །
-སློབ་གསོ་ཚན་རིག་ཞིབ་འཇུག་ལ་ཤུགས་སྣོན་དང་། སློབ་ཕྲུག་གི་འཇོན་ནུས་གསོ་སྐྱོང་བྱ་རྒྱུར་མཐོང་ཆེན་བྱེད་པ། སློབ་གྲྭའི་རིམ་ཁག་གི་སློབ་གསོ་སློབ་ཁྲིད་ཞིབ་འཇུག་གི་རྣམ་གྲངས་ལ་ཞུགས་པའི་དགེ་རྒན100ལྷག་བརྒལ་ཞིང་། དེ་དག་གིས་སློབ་གྲྭའི་དགེ་རྒན་ཡོངས་ཀྱི་བརྒྱ་ཆའི50ཡན་ཟིན་པ་དང་། ལོ་ལྟར་སློབ་གསོ་ཚན་རིག་ཞིབ་འཇུག་ལ་བཏང་བའི་འགྲོ་གྲོན་སྒོར་ཁྲི10ཡན་ཟིན་གྱི་ཡོད། སློབ་གྲྭའི་དགེ་རྒན་གྱིས་ཞིང་ཆེན་རིམ་པའི་དུས་དེབ་ཐོག་སྤེལ་བའི་དཔྱད་རྩོམ300ལྷག་ཡོད་པར་མ་ཟད། སློབ་གྲྭ་ནས་ཀྱང་ལྷ་ས་སློབ་འབྲིང་གི་སློབ་གསོ་སློབ་ཁྲིད་སྐོར་གྱི་དཔྱད་རྩོམ་ཕྱོགས་བསྒྲིགས་དེབ7བཏོན་ཡོད། སློབ་གྲྭས་བྱང་ཚད་སློབ་གསོར་མཐོང་ཆེན་གྱིས་སློབ་ཕྲུག་གི་འཇོན་ནུས་གསོ་སྐྱོང་བྱས་པར་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ་སྟེ། ཉེ་བའི་ལོ་གསུམ་ནང་སློབ་ཕྲུག600ལྷག་ཙམ་ལ་གྲོང་ཁྱེར་རིམ་པ་ཡན་གྱི་རིག་ཚན་འགྲན་བསྡུར་ནང་བྱ་དགའ་ཐོབ་ཅིང་། དེས་སློབ་གྲྭའི་སློབ་ཕྲུག་ཡོངས་ཀྱི་བརྒྱ་ཆའི20ཙམ་ཟིན་གྱི་ཡོད། དེའི་ནང་ནས་རྒྱལ་ཁབ་རིམ་པའི་བྱ་དགའ་ཐོབ་པའི་སློབ་ཕྲུག53ཡོད། 2011ལོར་རང་སློབ་ཀྱི་སློབ་ཕྲུག་རྒྱལ་ཡོངས་སྐབས་བཅུ་གཉིས་པའི་གཞོན་ནུ་ལོ་ཆུང་གི་ཚན་རྩལ་གསར་གཏོད་བྱེད་སྒོར་ཞུགས་ཤིང་། དེ་ནི་བོད་ཡོངས་ནས་བྱེད་སྒོ་དེར་ཞུགས་ཐེངས་དང་པོ་རེད། དེའི་ནང་རང་སློབ་ལ་གློག་ཀླད་འཕྲུལ་ཆས་མིའི་འགྲན་བསྡུར་གྱི་བྱ་དགའ་ཨང་གསུམ་པ་ཐོབ་པ་དང་། སློབ་ཕྲུག་ལིའུ་ཅང་གི་རླུང་སྣོན་དམའ་བའི་འཕུར་སྐྱོད་འཕྲུལ་ཆས་ཀྱི་ཤུགས་རྐྱེན་དང་དེའི་བཅོས་ཐབས་ཞེས་པའི་ཚན་ཞིབ་ལ་རྒྱལ་ཡོངས་ཀྱི་བྱ་དགའ་ཨང་གསུམ་པ་ཐོབ་པ་རེད།
-ཕྱི་ཕྱོགས་དང་མཉམ་ལས་ཀྱི་བྱེད་སྒོར་གྲུབ་འབྲས་ཆེན་པོ་ཐོབ་པ། ཉེ་བའི་ལོ་ཤས་ཀྱི་ནང་རང་སློབ་ཀྱིས་སྔ་རྗེས་སུ་དགེ་རྒན13ཁ་ན་ཏ་དང་དབྱིན་ཇིར་སློབ་སྦྱོང་ལ་བཏང་བ་དང་། སློབ་ཕྲུག20ལྷག་ཁ་ན་ཏ་དང་འཇར་པན་ལ་སློབ་སྦྱོང་ལ་བཏང་བ། དགེ་རྒན17འཇར་པན་དང་ཨ་རི། ཧྥ་རན་སི་སོགས་ལ་རྟོག་ཞིབ་སློབ་སྦྱོང་ལ་ཕྱིན་པ། དེ་བཞིན་དགེ་རྒན་མང་པོ་ཞིག་ཧྭ་ཏུང་དགེ་འོས་སློབ་ཆེན་གྱི་ཞོར་གཏོགས་སློབ་འབྲིང་དང་། ཀོང་ཏུང་ཀྲེ་ཤིན་སློབ་འབྲིང་། ཤི་ཨན་སློབ་འབྲིང་སོགས་ལ་བསྐྱོད་དེ་རྒྱལ་ནང་གི་སློབ་གྲྭ་གྲགས་ཅན་གྱི་སྔོན་ཐོན་དོ་དམ་ལམ་ལུགས་དང་སློབ་ཁྲིད་ཉམས་མྱོང་སློབ་སྦྱོང་བྱེད་ཀྱི་ཡོད། དེ་མིན་སློབ་གྲྭས་དབྱིན་ཇི་དང་། ཧྥ་རན་སི། འཇར་པན་སོགས་རྒྱལ་ཁབ་དང་ས་ཁུལ་གྱི་འཚམས་འདྲི་ལྟ་སྐོར་ཚོགས་པ40ལྷག་ལ་སྣེ་ལེན་ཞུས་པ་དང་། རྒྱལ་ནང་གི་སློབ་གྲྭ་གྲགས་ཅན100ལྷག་ཙམ་གྱི་དོ་དམ་མི་སྣ་གདན་འདྲེན་ཞུས་ནས་སློབ་ཁྲིད་དང་ཉམས་མྱོང་སྤེལ་རེས་བྱས་ཡོད།
ལྷ་ས་སློབ་འབྲིང་གིས་ལོ་རྒྱུས་ཀྱི་འཕེལ་རིམ་གསར་པའི་ཐོག་ལངས་ཏེ་ལོ་རྒྱུས་ཀྱི་འགན་འཁྲི་གསར་པ་ཕྲག་ཏུ་ཁུར་ནས། ཚན་རིག་གི་འཕེལ་རྒྱས་ལྟ་བ་ལག་བསྟར་གཏིང་ཟབ་དང་། ཡང་དག་པའི་སློབ་གཉེར་ཁ་ཕྱོགས་རྒྱུན་འཁྱོངས་བྱེད་པར་མ་ཟད། སྤྱི་ཚོགས་རིང་ལུགས་བོད་གསར་འཛུགས་སྐྲུན་གྱི་རླབས་ཆེན་བྱ་གཞག་དང་འབྲེལ་བ་དམ་ཟབ་བྱས་ཐོག དུས་རབས་གསར་པའི་མི་རིགས་སློབ་གསོའི་ཐབས་ལམ་གསར་པ་འཚོལ་བ་དང་། རྒྱལ་གཅེས། མཐུན་སྒྲིལ། གསར་གཏོད། ལེགས་སྐྱེས་བཅས་ཀྱི་ལྷ་ས་སློབ་འབྲིང་གི་སྙིང་སྟོབས་དར་འཕེལ་བཏང་ནས་ཡག་ཐོག་ཡག་བརྩེགས་དང་བདེན་འཚོལ་གསར་གཏོད་བྱས་ཏེ། ལྷ་ས་སློབ་འབྲིང་འདི་རྒྱལ་ཁབ་རིམ་པའི་དཔེ་མཚོན་ཅན་གྱི་མཐོ་རིམ་སློབ་འབྲིང་ཞིག་ཏུ་བསྐྲུན་རྒྱུ་དང་། མི་རིགས་སློབ་གསོ་འཕེལ་རྒྱས་གཏོང་ཕྱིར་ཆེས་ཆེའི་ལེགས་སྐྱེས་འབུལ་རྒྱུའི་ཆོད་སེམས་ཀྱི་དམ་བཅའ་བརྟན་པོས་མདུན་དུ་སྐྱོད་བཞིན་ཡོད།
རྩོམ་སྒྲིག་འགན་འཁུར་བ། ལྷ་གཡང་ནོར་བུ།